གསལ་ལེ་རྒྱལ།
གཅིག
དེ་དུས་ང་རང་ལོ་ན་ཧ་ཅང་ཆུང་། ཨ་ཕས” ང་ཚོ་ནང་པ་སངས་རྒྱས་པ་རེད། ཁོ་ཚོ་ཕྱི་རོལ་བ་རེད”་ཟེར། “ ང་ཚོར་སངས་རྒྱས་རྒྱུ་ཡོད་པ་རེད། ཁོ་ཚོར་སངས་རྒྱས་རྒྱུ་ཡོད་པ་མ་རེད། སངས་རྒྱས་ན་སྡུག་བསྔལ་གཅིག་ཀྱང་ཡོད་པ་མ་རེད་”ཟེར། ཨ་ཕས་ད་དུང་” སྟོན་པའི་ན་བཟའ་མནབ་པའི་གྲྭ་བ་རྣམས་ནི་དཀོན་མཆོག་གསུམ་གྱི་ནང་གི་དགེ་འདུན་དཀོན་མཆོག་ཟེར་བ་དེ་རེད། ཁོ་ཚོ་མི་ཚང་མའི་སྔོན་ལ་སངས་རྒྱས་གི་རེད། ཁོ་ཚོས་དགེ་བ་རྐྱང་རྐྱང་ལས་སྡིག་པ་ཅི་ཡང་བྱེད་གི་མ་རེད་”ཟེར། ངས་ངའང་གྲྭ་བ་བྱེད་གི་ཡིན་ཞེས་ཨ་ཕར་ཞུ་བ་བྱས་ཀྱང་རྒྱུ་མཚན་ག་གེ་མོའི་དབང་གིས་ཨ་ཕས་ངོས་ལེན་བྱས་མ་སོང་། ལོ་ངོ་དུ་མའི་རིང་ལ་ངས་གྲྭ་བ་ཚང་མ་དགེ་འདུན་དཀོན་མཆོག་ཡིན་པའི་ཡིད་ཆེས་བྱས་པ་ཡིན།
གཉིས།
དེ་དུས་ང་རང་ལོ་ན་ཧ་ཅང་ཆུང་། ངེད་ཚང་ལ་མཛོ་མོ་རོག་རོག་ཅིག་ཡོད། མཛོ་མོ་དེ་འོ་མའི་རྒྱ་མཚོ་ཡིན། ངས་མཛོ་མོ་གཞན་པ་ཞིག་ཀྱང་ཡོད་ན་ཅི་མ་རུང་བསམ་མྱོང་ལ། ངེད་ཚང་གི་མཛོ་མོར་མཛོ་ཕྲུག་མ་ཞིག་སྐྱེས་ན་ཅི་མ་རུང་བསམ་མྱོང་། ཉིན་ཞིག་ལ་ངེད་ཚང་གི་མཛོ་མོ་གླང་འུ་དམར་བོ་ཞིག་གི་མཉམ་དུ་བེའུ་ལ་བུད་སོང་། ང་ལ་དགའ་སྤྲོ་སྐྱེས། ངས་མ་ཎི་བཏོན། ངས་སྐྱབས་འགྲོ་བཏོན། ངས་གྲྭ་བ་མཐོང་ཚད་ལ་དགེ་འདུན་དཀོན་མཆོག་ཅེས་གསོལ་བ་བཏབས། ཡ་མཚར་བ་ཞིག་ལ་ངེད་ཚང་གི་མཛོ་མོར་རྟོལ་ལི་ཞིག་སྐྱེས་སོང་། དེ་ནས་བཟུང་ང་གླང་འུ་དམར་བོ་ལ་མི་དགའ། ཉིན་དེར་ངས་གྲྭ་བ་ཞིག་གི་གཟན་ཤམ་འོག་ནས་རྐང་སྣམ་གྱི་སུག་ལྕགས་ཀྱང་མཐོང་སོང་། དེ་ནས་བཟུང་ང་གཟན་ཤམ་འོག་ལ་རྐང་སྣམ་གོན་པའི་དགེ་འདུན་པ་ཚོ་ལའང་མི་དགའ།
གསུམ།
དེ་དུས་ང་རང་ལོ་ན་ཧ་ཅང་ཆུང་། ངེད་ཚང་ལ་མོ་དྲེལ་ཅིག་ཡོད། གཡུང་མོ་གཡུང་མོ་ཞིག་ཡིན། ངེད་ཚང་གི་རུ་འབབ་ས་དགོན་པའི་ཐག་ཉེ་ཡིན་ལ། ངེད་ཚང་གི་མོ་དྲེལ་དེ་འཚོ་སའང་དགོན་པའི་གཡས་གཡོན་དེ་ཡིན། ཉིན་མཚན་གཉིས་ཀར་དགོན་པའི་གཡས་གཡོན་ནས་ཐག་རིང་ལ་འགྲོ་མ་མྱོང་། ཉིན་ཞིག་ལ་ངེད་ཚང་གི་མོ་དྲེལ་ལ་བོང་བུ་ཞིག་སྐྱེས་སོང་། བོང་བུ་དེའི་ཨ་ཕ་སུ་ཡིན་ང་ལ་ད་དུང་དོགས་པ་ཡིན། ཡ་མཚན། དྲེལ་ཞིག་ལ་བོང་བུ་ཞིག་ཇི་ལྟར་སྐྱེས་པ་ཡིན་ནམ། དྲེལ་ལ་རྒྱུད་མེད། དགེ་འདུན་དཀོན་མཆོག་ལ་རྒྱུད་མེད། ཡ་མཚན། ཡ་མཚན།
བཞི།
ཁ་སང་དེ་རིང་ང་ཚོའི་སྡེ་བ་ནས་༢༠༢༡ ལོའི་སྡེ་དཔོན་འོས་བསྡུའི་ལམ་ནས་འདེམས་པའི་གྲ་སྒྲིག་བྱེད་བཞིན་འདུག འོས་མིའི་གྲས་སུ་དགེ་འདུན་དཀོན་མཆོག་ཅིག་ཀྱང་འདུག ཁོས་ཁོ་ལ་འོས་འཐོབ་པའི་ཆེད་དུ་གཡང་འབོད་བྱེད་ཀྱིན་འདུག ཁོའི་སྐད་གདངས་ནི་བོང་བུ་ཞིག་དང་འདྲ། ཡ་མཚན། ཡ་མཚན།
༢༩/༡༢/༢༠༢༠ ལ་ཕ་རེ་སི་ནས།
སྤྱིར་འབྲོག་པའི་བཤད་སྒྲོས་ལ། ཁྱུང་དཀར་མཛོ་ལ་ཐིག་ལེ་མེད། ཐིག་ལེ་བྱུང་ན་གཡང་ཡིན། སྨུག་ཆུང་དྲེལ་ལ་བུ་སྣོད་མེད། བུ་སྣོད་བྱུང་ན་གཡང་ཡིན། ཟེར་ཞིང་དྲེལ་མོར་ཕྲུག་གུ་སྐྱེས་པའི་ལོ་རྒྱུས་མེད། གལ་ཏེ་ཁྱོད་ཀྱི་དྲེལ་མོར་བོང་བུ་སྐྱེས་ཡོད་ན་ཡ་མཚན་ཆེ། དེ་ནི་རང་རེའི་གྲོས་ཚོགས་ཀྱི་གླང་གོག་དམར་པོ་འདི་ཚོ་དང་ཆ་འདྲ་བའི་ཕུང་གསུམ་པ་ཞིག་ཡིན་པ་ལས་འོས་ཅི།