ཁ་བའི་སྒྲོལ་མ་དཀར་མོ།
འོས་ཤོག་གཅིག་གོ་གཡུཊ་བཞག་ཡོད། །
སེན་མོར་ནག་ཤ་འཐེན་བཞག་ཡོད། །
དམར་ནག་སྲུང་མ་གདན་འདྲེན་ན། །
ད་ནི་མཁྱེན་པ་བཤད་ཚོད་རེད། །
དབུ་རང་གཉིས་ཀྱི་རྒྱབ་རི་ཅན། །
རྒྱ་རི་སྒྲོལ་མར་ཨེ་ཐོབ་བམ། །
རང་བཙན་ཚང་གི་སྒལ་ཚིགས་ཀྱང་། །
གནམ་གྱི་ཕྱེད་ཀས་བསྣུབས་ནས་ཐལ། །
རྒྱ་ནག་གཞུང་གིས་བསད་ན་ཆོག །
རྒྱལ་བའི་བཀའ་དང་འགལ་ན་ཆོག །
རང་བཙན་མིན་པའི་རེ་བ་ཞིག །
མེད་པའི་དམ་བཅའ་མེད་པར་བཏང་། །
བཀའ་ཟུར་བཙོན་ཟུར་ཁྲིམས་ཟུར་བཅས། །
ཟུར་པ་ཀུན་གྱི་གསང་ཐག་ཅན། །
གསང་དབང་སྐུ་ངོར་ཨེ་ཐོབ་བམ། །
རྒྱལ་བའི་སྐུ་དང་གཞིས་ཀྱི་འབངས། །
རི་དྭགས་འབྲོང་དང་གཡག་དང་བཅས། །
སྙན་ངག་ལེགས་བཤད་གླུ་ཚིག་བཅས། །
ཁྱབ་བསྒྲགས་ཆེན་པོ་དར་དུ་དཔྱངས། །
ཟམ་གདོང་བླ་མའི་སྲས་ཀྱི་གཙོ། །
དབུ་མའི་ལམ་གྱི་གདོང་མཆོང་བ། །
གདོང་ནག་སྤེན་པར་ཨེ་ཐོབ་བམ། །
སྤེན་པ་གཅིག་ཀྱང་མ་ཆད་པར། །
ཆབ་སྲིད་གཞུང་དང་འཆར་གཞིའི་ཇུས། །
ལག་པའི་མཐིལ་གྱི་རི་མོ་ལྟར། །
རིན་མེད་རིས་མེད་རྒྱ་ཆེར་འགྲེལ། །
གདེང་ཐོབ་རིག་པས་གཞན་ཡིད་དྲངས། །
ལན་རེར་སྲིད་སྐྱོང་སློབ་སྟོན་པ། །
སྐབས་རེར་སྲིད་སྐྱོང་དྲུང་ཡིག་སྟེ། །
སྐལ་རྡོར་སྐལ་བ་ཨེ་ཡོད་དམ། །
ལྔ་དང་ལྔ་བཅུའི་འཆར་སྣང་ནས། །
རྒྱལ་ཁབ་གཅིག་གི་འཆར་སྣང་བར། །
འཆར་ཡན་སྟོང་གི་འདབ་མ་ལ། །
“ལཱ་”དང་”ལཱ་རེད་”རྣ་ཚར་བཅས། །
ཤར་ནུབ་གཉིས་ཀ་བསྐོར་ནས་ཐལ། །
གཉོམ་ཆུང་ལུག་རྫིའི་མིང་ཐོགས་ནས། །
མི་ཆེན་ཆམ་ལ་འབེབས་་པ་པོ། །
བཀྲ་ཤིས་སྟོབས་རྒྱལ་ཨེ་རྒྱལ་ལམ། །
ཟམ་གདོང་མཁས་པའི་སྟོང་གཏམ་ནས། །
བློ་སེང་སྤྱང་པོའི་སྤྱང་རྟགས་བར། །
ཚུལ་གསུམ་རྟགས་ཀྱིས་ར་སྤྲད་དེ། །
རེ་རེ་བཞིན་དུ་ཆམ་ལ་ཕབ། །
ལུག་རྫིའི་མཚན་སྙན་དགུང་ལ་སྤུར། །
ཚེ་རིང་མཆེད་ལྔས་སྤེན་པ་ཚེ་རིང་ཟེར། །
གནས་ཆུང་རྒྱལ་བོས་སྨན་ཆུང་རྒྱ་རི་ཟེར། །
རང་གི་རིགས་པ་སྲུང་མའི་ལུང་བསྟན་གཉིས། །
རྩེ་མཐུན་བྱུང་བས་རྩེ་ཕུད་འདི་གཉིས་རེད། །
སྤྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༠༣ ཉིན།
ཧ་ཧ་ཧ། དགོད་རྒྱུ་ཞིག་ཡོང་གི།
སྙན་ཆ་འདུག་ལ་གོ་རྒྱུ་ཡང་འདུག་ལ་དོན་སྙིང་ཟབ་པའི་དཔྱད་རྩོམ་འདི་ལ་མངོན་པར་བསྟོད་དོ་།
ཉིན་ཤས་གོང་ལ་ལུང་བསྟན་འདི་ཕྱོགས་རིས་པའི་སེམས་ཁམས་སོ་སྙམ་པ་འཆར།
ད་ཆ་འོས་གྲངས་ཁྲོམ་ལ་བཤམས་ཡོང་དུས་ལུང་བསྟན་འདིས་མངོན་མཁྱེན་བཤད་འདུག་སྙམ་པ་འཆར།