བསྟན་འཛིན་ལྷ་སྒྲོན། གསོ་རིག་སློབ་མ།
རྟ་བདུན་དབང་པོ་ལ་རྩེ་ལས་རིམ་བཞིན་མི་སྣང་བ་གྱུར་ཏེ། ཞིང་གྲོང་ཆུང་ཆུང་དེ་ཡང་མུན་ནག་སྟུག་པོས་ཡོངས་སུ་བཀླུབས། གྲོང་མི་རྒན་གཞོན་ཀུན་གྱི་ངོ་ལས་བརྗོད་མི་ཤེས་པའི་སྐྱོ་སྣང་རེ་ངང་གིས་མངོན་པ་ནི། འགྲོ་མགྱོགས་པའི་དུས་ཀྱི་བཞུད་རྒྱུན་དང་ལྷན་རང་གི་ཚེ་སྲོག་གི་མཐའ་རྫོགས་པའི་སྐྲག་སྣང་ཞིག་གིས་ལོས་ཡིན། ཧ་ཅང་ཁུ་སིམ་པའི་ཕྱི་དྲོ་དེར། ཁོ་མོ་ན་མཉམ་གི་བུ་མོ་ཚོ་དང་རྩེད་དགའ་ལ་རོལ་རྗེས་ཁྱིམ་དུ་ལོག་མ་ཐག་ཨ་མས་གནང་བའི་ཁ་ཟས་ཟོས་ཏེ་གཉིད་ཀྱི་ཞིང་ཁམས་སུ་ཉུལ།
མཚམས་རེ་མི་ཡི་མི་ཚེ་ནི་འཕྲུལ་སྣང་ཅན་གྱི་རྨི་ལམ་ཞིག་དང་མཚུངས་ཏེ། ཉལ་དུས་བདེ་མོ་ཐང་མོ་ཡིན་པའི་ཨ་མ་ལགས་མཚན་དཀྱིལ་དུ་གློ་བུར་བའི་ན་ཟུག་ཅིག་གིས་འཆི་བདག་བཙན་པོས་འཇིག་རྟེན་ཕ་རོལ་དུ་ཁྲིད། སྐབས་དེ་དུས་ཨ་མའི་བརྩེ་དུང་ཟབ་པའི་འདྲེན་བྱེད་ཟུང་ལས་སྐྱོ་གདུང་གི་མིག་ཆུ་འབོར་བཞིན་བྲལ་མི་ཕོད་པའི་མིག་བརྡ་ཁོ་མོའི་ཕྱོགས་སུ་འཕེན་བཞིན་དབུགས་ཀྱི་རྒྱུ་བ་ཆད། སུ་དང་གང་ལ་ཡང་ཁག་དཀྲི་བྱེད་ས་མེད་པའི་གློ་བུར་གྱི་གོད་ཆག་དེ་ནི་ཧ་ཅང་སྣང་མེད་དང་འགན་འཁྲི་མེད་པའི་བྱིས་པ་ང་ལ་མཚོན་ན། ཆེས་ཐོག་མའི་རྨི་ལམ་འཚུབ་ཤོས་དང་དྲན་ངོགས་ལས་དོར་དུ་མེད་པའི་སྐྱོ་གདུང་དྲག་པོ་ཞིག
འདས་ཟིན་པའི་ལོ་ཟླ་དག་ལ་ཕྱིར་འདང་རེ་རྒྱག་པ་ན། དང་ལེན་དང་ཁྱད་གསོད་བྱ་ཡུལ་གྱི་ལམ་བུ་གྲངས་མང་དང་གདོང་ཐུག་བྱས་ཡོད་ཀྱང་། ངའི་དྲན་ངོགས་ལས་ཟུབ་ཏུ་མེད་པ་ནི་ཨ་མ་ལགས་ཁོང་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་དེ་དང་གཏན་དུ་གྱེས་སོང་བའི་ན་ཟུག་དེ་རེད། ཉིན་མོ་དེ་ནས་ངས་ཨ་མའི་དོན་དངོས་ཀྱི་རིན་ཐང་རྟོགས་བྱུང་ལ། ཨ་མའི་བྱམས་བརྩེས་དབེན་པའི་གྲང་ཤུར་ཤུར་གྱི་མི་ཚེའི་ལམ་བུ་ཞིག་ཏུ་བཙན་གྱིས་ཁེར་འབུད་བྱས་པ་མ་ཟད། མི་རྟག་འཆི་བས་སྦྱིན་པའི་སྡུག་བསྔལ་དེ་ཐེངས་དང་པོར་ཚོར་དུ་བཅུག
ཅི་སྟེ་སྐྱེ་བོ་ཞིག་གི་མི་ཚེ་ནི་འཁོར་བ་འདིར་ལྟེ་ཁྲག་བོར་མ་ཐག་ནས་དགའ་སྡུག་ཟུང་གི་ཚོར་བ་སྐྱེན་པོ་ཞིག་ལས་མགོ་བརྩམས་ཏེ། མཐར་ཚེ་སྲོག་གི་དབུགས་རྒྱུན་ཡང་བདེ་སྡུག་སྦྲེལ་མའི་ངང་ལས་མཇུག་བསྒྲིལ་ངེས་ཀྱང་། གྱེས་བྲལ་གྱིས་བཞག་པའི་དྲན་སྣང་གྱི་བག་ཆགས་ནི་གཡོལ་དཀའ་ཞིང་། བྱམས་བརྩེ་བྲལ་བའི་ཁེར་རྐྱང་གི་འགྲུལ་བཞུད་དེ་བདེ་འཇགས་དང་དྲོ་སྐྱིད་མེད་པ་ཞིག གང་ལྟར་ཡང་། ངའི་དྲན་ཤེས་ནི་ཉིན་མོ་དེ་ཡི་དོན་རྐྱེན་གྱི་གཟེབ་ཏུ་ཚུད་པ་འདྲ་སྟེ་འདས་ཟིན་པའི་བྲན་གཡོག་ཏུ་འབོད་ཀྱང་ཆོག་པ་འདྲ། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས།
ཡག་པོ་ཞེ་དྲག་དྲིས་གནང་འདུག