ཆང་སྐྱེས།
ཕྱི་མིག་རྒྱབ་ལ་འཕངས་པའི་ཕྱིར་དྲན་ཀློང་གི།
འདས་ཟིན་ལོ་ཟླ་རིང་མོའི་བཞུར་རྒྱུན་རིང་མོ།།
སེམས་པ་ནང་ལ་བཀུག་སྟེ་འདང་ཞིག་བརྒྱབ་ན།།
མི་ཚེ་ཟེར་བ་མིག་སྐྱི་རྡེབ་དབང་ཙམ་ཞིག།
ཡིད་སེམས་གཅིག་ཏུ་མཐུན་པའི་ཚེ་གཅིག་སྐྱ་ཡ།།
རིགས་དང་རུས་རྒྱུད་གཅིག་པའི་གདུང་རྒྱུད་མིན་རུང་།།
མཛོ་གཡག་སྐེ་སྦྲེལ་ལྟ་བུའི་མཛའ་མཐུན་བར་ནས།།
ཁྱིམ་གཞི་གཅིག་ལ་འཛོམས་ཏེ་འཚོ་དགོས་བྱུང་སོང་།།
སྐྱེས་བུ་ངན་པས་རང་བསྟོད་ཟེར་བའི་དཔེ་ཞིག།
ང་ཚོ་བོད་པ་ཚང་ལ་ཡོད་སྐད་ཟེར་མོད།།
བདག་ལ་མཚོན་ན་བདག་གི་བརྩེ་བའི་ཆུང་མ།།
གནམ་མཁའི་ལྷ་མོ་ས་ལ་བབས་པ་འདྲ་བྱུང་།།
ཁོ་མོའི་ཟུར་མིག་འཛུམ་གྱིས་ང་རང་མ་བསླུས།།
ངས་ཀྱང་སྒོར་མོ་བྱིན་ཏེ་མོ་རང་མ་ཉོས།།
སེམས་པ་སེམས་པར་འདྲེས་པའི་གོ་རིམ་བར་ནས།།
སྣང་བ་གཅིག་ཏུ་མཐུན་པའི་གོ་བ་མ་རྙེད།།
ཡག་དང་མོ་སྒོ་འབྲུག་མོའི་དོ་ཟླ་མིན་རུང་།།
སེམས་དང་བསམ་པ་ཡིད་འཕྲོག་ལྷ་མོ་འདྲ་བྱུང་།།
ངག་གི་འགྱུར་ཁུགས་ཁུ་བྱུག་སྔོན་མོ་མིན་ཡང་།།
གང་ལྟར་ང་རང་དགའ་བའི་དབྱངས་དེ་ཡིན་སོང་།།
བུད་མེད་འཇོན་ཐང་ཅན་གྱི་གྲལ་ན་མེད་ཀྱང་།།
ཆུང་མ་ཚད་ལྡན་ཞིག་གི་ཡོན་ཏན་ཚང་ཡོད།།
ཁ་ན་ཁ་ཡག་ཚིག་གི་གཏམ་གྱིས་དབུལ་ཡང་།།
ཁོག་ན་བྱམས་བརྩེ་འོ་མའི་མར་ལོས་ཁེངས་ཡོད།།