གསལ་ལེ་རྒྱལ།
གོ་ལའི་དུས་བབ་ཐོག་ཏུ་རྒྱ་རྒན་ཞིག་གིས་ “ བོད་མི་འདི་དག་ཕ་ཡུལ་དང་། ཆོས་བརྒྱུད། དེ་བཞིན་བཙན་བྱོལ་བོད་གཞུང་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བའི་ཐོག་ནས་ཤོག་ཁག་ཏུ་ཕྱེས་ནས་ཡོད་”ཅེས་བརྗོད་པའི་ཐོག “ ༧གོང་ས་མཆོག་མེད་པར་གྱུར་རྗེས་བཙན་བྱོལ་སྤྱི་ཚོགས་ཟང་ཟིང་དུ་གྱུར་ནས་བོད་མིའི་སྒྲིག་འཛུགས་ནང་རྙོག་ཟིང་ཆེན་པོ་ལང་ངེས་པ་དང་། མི་རབས་གཞོན་པ་ཚོའི་སྤུས་ཚད་སྡུག་ཏུ་འགྲོ་བཞིན་ཡོད་པས། རྙོག་ཟིང་ཆེན་པོ་དེ་སེལ་ཐུབ་རྒྱུ་ཁག་པོ་ཆགས་ངེས་” ཞེས་བྲིས་འདུག
གཅིག
སྙིང་རྗེ། མ་གཉིད་གོང་གི་རྨི་ལམ་རེད། ༧གོང་ས་མཆོག་གི་སྐུ་ཚེ་དང་དམར་ཕྱོགས་ཚོགས་པའི་ཚེ་ཚད་གཉིས་ཀའི་རིང་ཐུང་ཙམ་ཡང་མ་ཤེས་པར་རྨི་ལམ་སྐྱིད་པོ་གཏོང་གིན་འདུག འཛམ་གླིང་ཕྱོགས་ཡོངས་སུ་ཆབ་སྲིད་ཀྱི་གནས་སྟངས་ཉིན་རེ་བཞིན་འགྱུར་བཞིན་ཡོད་ལ།དཔོན་པོ་དང་ཕྱུག་པོའང་གཡོག་པོ་དང་མེད་པོ་བཞིན་དུས་ངེས་མེད་དུ་འཆི་བཞིན་ཡོད། ཞི་ཅིན་ཕེན་དང་དམར་ཕྱོགས་ཚོགས་པའང་དེ་བཞིན་རེད། “ ༧གོང་ས་མཆོག་སྐུ་མ་བཞུགས་ཚེ“ ་ཟེར་ཡང་། དམར་ཕྱོགས་ཚོགས་པ་དེའི་སྔོན་ལ་འཐོར་འགྲོ་བ་ཤེས་ཀྱིན་མེད་དམ།
༧གོང་ས་མཆོག་གིས་དགོང་ལོ་ 113 ལ་བཞུགས་རྒྱུའི་ཞལ་བཞེས་གནངས་ཡོད། དེ་ནི་2048 ལོའི་བར་རེད། ༧ གོང་ས་མཆོག་ནི་འཆི་བར་དབང་སྒྱུར་ནུས་པའི་མི་གཅིག་པུ་དེ་ཡིན།
ཏིན་ཞའོ་ཕེན་གྱིས་ཀྱང་“ཞང་ཀང་མ་བླངས་ན་ང་འཆི་གི་མིན་”ཞེས་བཤད་པ་དེ་དེ་བཞིན་བྱས་ཡོད། ཏིན་ཞའོ་ཕེན་གྱི་སྐད་ཆ་དེ་ནི་ “ཞི་མི་ཞ་ར་ཡིས་ཙི་ཙི་ཤི་རོ་རྙེད་པ་”ལྟར་ཡིན་ཡང་། ལྷ་མེད་སྨྲ་བའི་རྒྱ་རྒན་ཚོས་དེའང་མངོན་ཤེས་ཀྱིས་བཤད་པར་འདོད་ན། ༧གོང་ས་མཆོག་གི་ཞལ་བཞེས་ནི་དེ་དང་ཡེ་ནས་མི་འདྲ་སྟེ། ལྷ་ཡི་ལུང་བསྟན་དང་ཡེ་ཤེས་དབྱིངས་དཔྱད་ཀྱི་བདེན་དཔང་ཡོད།
ད་ལྟ་༧གོང་ས་མཆོག་དགུང་ལོ་86 ཡིན། སྤྱིར་བཏང་གི་བཤད་སྟངས་ལྟར་བྱས་ན་༧གོང་ས་མཆོག་རྒྱ་ནག་གིས་མ་སོད་པ་ལས་མ་བསད་པ་མ་རེད། “བུ་སྐྱེས་འདོད་གནམ་གྱིས་མི་ཁོག་”ཅེས་པ་དེ་རེད། འཆི་བས་དབང་སྒྱུར་བྱེད་མི་ཐུབ་པའི་མི་དེར་དམར་ཕྱོགས་ཚོགས་པས་དབང་སྒྱུར་བྱེད་མི་ཐུབ། ༧ གོང་ས་མཆོག་མ་གྲོངས་པའི་སྔོན་ལ་དམར་ཕྱོགས་ཚོགས་པ་འཐོར་གི་རེད། ཁྱོད་ཚོའི་རྨི་ལམ་གོ་ལྡོག་རེད། འདི་ངའི་རྨི་ལམ་ཡིན། ང་ཚོས་རྨི་ལམ་རྨི་རེས་བྱེད།
གཉིས། “བོད་མི་འདི་དག་ཕ་ཡུལ་དང་། ཆོས་བརྒྱུད། དེ་བཞིན་བཙན་བྱོལ་བོད་གཞུང་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བའི་ཐོག་ནས་ཤོག་ཁག་ཏུ་ཕྱེས་ནས་ཡོད་”ཟེར། དབང་ཆ་གཅིག་བསྡུད་པ་དག་གི་སྣང་ངོར་ཤོག་ཁག་ཏུ་ཕྱེས་ནས་ཡོད་པ་འདྲ་ལ། དེ་ནི་ཁྱོད་ཚོའི་རྨི་ལམ་ཡང་རེད། ང་ཚོར་ཤོག་ཁག་ཡོད་པ་བདེན་མོད། དེ་ནི་རང་དབང་དང་དམངས་གཙོ་ཡང་དག་གི་གཟི་བརྗིད་རེད། ཁྱོད་ཚོས་སྨད་འདོད་དེ་བསྟོད་པ་བྱས་པ་རེད། ཤོག་ཁག་འདི་དག་ཚང་མ་ལག་མགོ་གཅིག་གི་མཛུབ་མོ་ཡིན་ལ། དགྲ་ལ་བསྐོར་ན་མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཡིན་པས་ཁྱོད་ཚོའི་རྨི་ལམ་དེ་ནམ་ཡང་མི་འགྲུབ།
གསུམ། “མི་རབས་གཞོན་པ་ཚོའི་སྤུས་ཚད་སྡུག་ཏུ་འགྲོ་བཞིན་ཡོད་པས། རྙོག་ཟིང་ཆེན་པོོ་དེ་སེལ་ཐུབ་རྒྱུ་ཁག་པོ་ཆགས་ངེས་”ཟེར། གཞོན་སྐྱེས་ཚོའི་སྤུས་ཚད་སྡུག་ཏུ་འགྲོ་བཞིན་པའི་སྐད་ཆ་འདི་བདེན་པའི་དབང་དུ་ཐོངས། རེད་དེ། རྒྱ་ནག་གི་གཞོན་སྐྱེས་ཚོའི་སྤུས་ཀའང་ཇེ་སྡུག་ཏུ་སོང་སྟེ་རྒྱལ་ཁབ་མང་པོས་ཁུང་ཙི་སློབ་གླིང་མང་པོ་ཕྱིར་འཕུད་བཏང་ཡོད་ཀྱང་། ང་ཚོ་བོད་པ་ཚོར་དེ་འདྲའི་གནས་ཚུལ་ཅི་ཡང་བྱུང་མེད། ཕལ་ཆེར་ཁྱོད་ཀྱིས་རྒྱ་བོད་གཉིས་ཀྱི་གཞོན་སྐྱེས་ཚོ་ནོར་བ་མིན་ནམ།
ཁྱོད་ཚོས་དམར་ཕྱོགས་ཚོགས་པའི་ཚོགས་འགལ་གནད་དོན་དང་ཚོགས་མིའི་སྤུས་ཚད་གང་ན་ཡོད་པ་ཤེས་སམ། ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ་དམར་ཕྱོགས་ཚོགས་པའི་འགན་འཛིན་གྱི་དུས་ཡུན་ངེས་གཏན་མེད་པར་བཟོས་ནས། རང་ཉིད་ཀྱི་སྲུང་སྐྱོབ་ཨང་དང་པོ་དང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཨང་གཉིས་པར་འཇོག་དུས། དམར་ཕྱོགས་པ་ཚོས་མི་འདོད་བཞིན་དུ་ལག་པ་གནམ་ལ་འགྱོག་དགོས་པར་གྱུར་བ་ཨེ་དྲན་གི། དེ་ནི་དམར་ཕྱོགས་ཚོགས་པའི་རྒན་རབས་པ་ཚོའི་སྤུས་ཚད་ཧ་ཅང་མཐོ་བའི་རྟགས་ཨེ་རེད།
༠༦/༠༡/༢༠༢༡ ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས།
གསལ་ལེ་རྒྱལ་ལགས་ཀྱིས་ཧ་ཅང་ཡག་པོ་བྲིས་གནང་འདུག དེ་རྒྱ་ཡིག་ལ་བསྒྱུར་ནས་པེ་ཅིན་གྱི་དཔྱིད་ཀ་ལྟ་བུ་ཞིག་ཏུ་འགོག་ཐུབ་ན་ཡག་ས་རེད། ངོ་མ་ལན་ཚ་པོ་གནང་འདུག