ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་བ་གསུམ་གྱི་འགན་ཁུར་འོག་གི་བཙན་བྱོལ་བོད་མིའི་མང་གཙོ་འདི།།
ཁ་ནས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ལག་ལེན་ཁྲིམས་འགལ་སྒྲིིག་འགལ་མང་།།
ག་ནས་བལྟས་ཀྱང་ང་ཚོའི་མང་གཙོ་བཅའ་སྒྲིག་འགན་ཁུར་ངོ་མ་འཕྲོད།།
ང་ཚོ་རང་བཙན་ཁོ་ཚོ་དབུ་མ་ཁ་དམག་འོག་ཏུ་དུས་ཚོད་བཏང་།།
ཅ་ཅོ་མང་བའི་བཙན་བྱོལ་མང་གཙོ་ཕལ་ཆེར་རང་དབང་ཆེ་བའི་སྐྱོན།།
ཆ་འཇོག་ཐུབ་པའི་བཅའ་སྒྲིག་འགན་ཁུར་བརྩི་སྲུང་ཞུ་མཁན་ཉིན་སྐར་ཙམ།།
ཇ་ཆང་ཤོ་སྦག་བག་མེད་ངོ་ཚ་སྐུ་དྲག་གསར་བའི་ཡོན་ཏན་གྲགས།།
ཉ་ཕག་སྒོང་གསུམ་སྡིག་ཟས་ཐུགས་སྤྲོ་མཐོ་རིམ་དཔོན་གྱིས་སྐུ་སྐལ་གྲགས།།
ཏ་ལའི་བླ་མའི་སྐུ་པར་བཀག་སྡོམ་ཆོས་མེད་གུང་ཁྲན་དམར་པོའི་ལས།།
ཐ་ཆད་བྱ་བ་ལས་ངན་སོག་པའི་མ་རབས་ཀླ་ཀློའི་རྗེས་འབྲང་མང་།།
ད་ལོའི་སྲིད་སྤྱིའི་འོས་བསྡུའི་བྲེལ་ཟིང་ཕྱོགས་གཏོགས་འགོ་འདྲེན་སྐབས་ཚོལ་མང་།།
ན་གཞོན་ཕོ་མོ་མི་རབས་གསར་པ་བཙན་བྱོལ་བོད་མིའི་བཅའ་སྒྲིག་སྲུང་།།
པ་ཕ་ཨ་མས་བཟང་པོའི་བསླབ་བྱ་མི་རབས་གསར་པའི་མདུན་ལམ་བསྟན།།
ཕ་ལམ་ལྟ་བུའི་བོད་ཀྱི་རིག་གཞུང་གསོན་གནས་ཐུབ་ལ་བོད་མིའི་འགན།།
བུ་རབས་ཚ་རྒྱུད་མ་ནོར་མ་ནོར་ཕ་མེས་རིག་གཞུང་སྲུང་ན་དགའ།།
མ་རབས་བྱ་བས་བོད་མིའི་ཆིག་སྒྲིལ་རང་དོན་སྒྲུབ་པའི་ལག་ཆར་འཕྱར།།
རྩ་བ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་བཅའ་སྒྲིག་འགན་ཁུར་བོད་མིའི་འགན།།
ཚ་བའི་ཡུལ་དུ་བོད་ཀྱི་མང་གཙོ་ཁྲིམས་འགལ་སྒྲིག་འགལ་འགོ་ནས་བརྩམས།།
ཛ་དྲག་ཆེ་བའི་བོད་རྒྱའི་དཀའ་སྙོགས་ཁ་དམག་འགན་ཁུར་འོག་ཏུ་ལྷག།
ཝ་སྤྱང་འདྲ་བའི་ཆོས་མེད་ཀླ་ཀློའི་འཛམ་གླིང་ཧྲིལ་པོ་ཉེན་ཁར་བཅུག།
ཞ་ཆག་མེད་པའི་བཙན་བྱོལ་མང་གཙོ་བཅའ་སྒྲིག་འོག་ཏུ་སྲུང་ན་དགའ།།
ཟ་འཐུང་གཉིས་ལ་མགོ་བོ་འཁོར་ནས་མང་གཙོ་དམངས་གཙོ་དོན་གཅིག་བསམ།།
འ་ར་འུར་རེའི་ཁ་དམག་འོག་ཏུ་རང་བཙན་རང་དབང་ངོ་མ་འཕྲོད།།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་ཐ་སྙད་ཚད་སྒྲུབ་བློ་མ་བདེ།།
ར་བ་གངས་རི་ཕ་ཡུལ་བོད་ལྗོངས་ཆོས་མེད་ཀླ་ཀློའི་བཙན་འོག་ཚུད།།
ལ་ལུང་ས་མཐར་མི་ལོ་དྲུག་བཅུ་རང་བཙན་དབུ་མའི་ཁྲིལ་ཐག་ཐེབས།།
ཤ་རུས་གཅིག་པའི་གཞིས་ཞུགས་བོད་མིའི་རེ་གཏད་བཟང་པོ་ང་ཚོར་བཅོལ།།
ས་ཕྱོགས་འདི་རུ་ང་ཚོའི་བྱེད་སྟངས་ཕྱོགས་གཏོགས་འགོ་འདྲེན་འོག་ཏུ་རུལ།།
ཧ་ཅང་མང་བའི་སྲིད་སྤྱིའི་འོས་མི་འོས་འཕེན་མི་མང་མགོ་བོ་འཐོམ།།
ཨ་ཀྱང་མ་བྱས་སྐུ་རྩེད་ཡིན་ནོ་དགོངས་པ་མ་ཚོམས་ཐུགས་རྗེའི་གཟིགས།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡ ཚེས་ ༡༦ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
རྒན་ལགས་ཁྱེད་ཀྱི་ངོ་དེབ་ཁ་བྱང་ང་ལ་གནང་རོགས།