བེ་རི་རིག་པའི་རྡོ་རྗེས།
དེ་རིང་བོད་ནང་ནས་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་<མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་འབྲས་སྤུངས་དཔེ་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས།>ཞེས་པའི་རྩོམ་ཡིག་ཅིག་བསྐུར་འབྱོར་བྱུང་། སྤྱིར་བཏང་འདིའི་རིགས་མཐོང་ཆེན་བྱས་ནས་ལན་འདེབས་བྱེད་རིན་མེད་མོད། ས་པཎ་གྱིས།
“མཁས་པ་རང་གིས་དཔྱོད་ཤེས་ཀྱི།།
བླུན་པོ་གྲགས་པའི་རྗེས་སུ་འབྲང་།།
ཁྱི་རྒན་ཀུ་ཅོ་འདོན་པ་ལ།།
རྒྱུ་མཚན་མེད་པར་གཞན་དག་རྒྱུག།”
ཅེས་གསུངས་པ་ལྟར། དེང་སང་སློབ་སྦྱོང་ཡོད་མེད་གཉིས་ཀའི་བློ་འདྲི་ས་དང་ཞིབ་འཇུག་བྱེད་ས་གཙོ་བོ་སྤྱི་ཚོགས་དྲྭ་ལམ་ཡིན་པས། མ་བརྟག་མ་དཔྱད་པའི་རྩོམ་ཡིག་འདིའི་རིགས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ནང་དངོས་སུ་བྱུང་བའི་ཆགས་འཇིག་གི་གནས་སྟངས་ཐད་ལ་མུ་མཐུད་དུ་ལོག་འགྲེལ་བྱེད་མཁན་མང་དུ་འགྲོ་ཉེན་ཡོད་པས། སྐོར་བཤད་རྒྱས་བཤད་ཀྱི་སྤྲོས་པ་དོར་ནས་དོན་ལ་དམར་འཇུ་བྱས་ཏེ་ཐད་ལན་མདོ་ཙམ་བཤད་ན།
ཁོང་གིས། གཙོ་བོ་རང་ཉིད་རིག་གསར་རྗེས་ཀྱི་འབྲས་སྤུངས་དཔེ་མཛོད་ཁང་ལ་ཆ་རྒྱུས་ཡོད་པ་དང་དེའི་དཔང་མི་ལྟ་བུ་ཡིན་ཚུལ་གྱིས། འབྲས་སྤུངས་དཔེ་མཛོད་དུ་དེ་སྔོན་བཙོན་དུ་བཅུག་པར་གྲགས་པའི་ཕྱག་དཔེ་གོ་ཐུམ་ཐེལ་ཙེས་མནན་པ་མང་པོ་ཡོད་ཟེར་བ་ནི། མཐར་གཏུག་ན་ཚལ་པའི་བསྟན་འགྱུར་གླེགས་བམ་ཉིས་བརྒྱ་བཞི་བཅུ་ཅན་དེ་རེད། དེ་ལས་གཞན་མི་འདུག་ཅེས་རིག་གསར་རྗེས་སུ་བསྡུ་གསོག་བྱས་པའི་འབྲས་སྤུངས་དཔེ་མཛོད་དུ་མེད་པ་རྒྱུ་མཚན་དུ་བྱས་ནས་སྔོན་ཆད་ཀྱང་མེད་ཅེས་ཁ་ཚོན་བཅད་དེ་བཤད་འདུག དེར་བརྟེན་ངས་འདི་ནས་བོད་ཀྱི་ལོ་རྒྱུས་ཁྲོད་དགོན་སྡེ་ཁག་གི་དཔེ་མཛོད་ཁང་རྣམས་དང་། དཔེ་རྙིང་ཁག་ལ་ཆགས་འཇིག་ཅི་བྱུང་དང་། དེ་དག་ལ་དམ་བསྒྲགས་ཇི་ལྟར་བྱས་ཚུལ་ངོ་སྤྲོད་ཐུང་ཙམ་བྱེད་འདོད་བྱུང་།
ང་ཚོས་ལོ་རྒྱུས་དང་ཆོས་འབྱུང་ནང་ཕྱི་མིག་ཅིག་བལྟས་ན། དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་(༧༤༢-༧༩༧)སྐབས་བོན་བསྟན་སྣུབ་ཅིང་། བོན་པོ་ས་མཐར་སྤྱུགས། བོན་དཔེ་མེར་བསྲེག་དང་ཆུར་བཤམ་སོགས་བྱས་པའི་ལོ་རྒྱུས་ཡོངས་གྲགས་ཡིན། ད་དུང་དུས་རབས་དགུ་བའི་ནང་དུ་བཙན་པོ་འུའི་དུན་དར་མས་(༨༡༥-༨༤༢)ཀྱང་སྐུ་གསུང་ཐུགས་རྟེན་ཅི་ཙམ་གཏོར་བཤིག་བཏང་བ་ཡང་བཤད་ཅི་དགོས། ཡང་དུས་རབས་བཅུ་བའི་མཇུག་ཏུ་མངའ་རིས་ལྷ་མ་ཡེ་ཤེས་འོད་(༩༤༧-༡༠༢༤)ཀྱིས་ཀྱང་བོན་པོ་ཐམས་ཅད་བསྡུས་ཁང་པ་གཅིག་ཏུ་བཅུགས་ནས་མེ་ལ་བསྲེགས། བོན་དཔེ་ཐམས་ཅད་བསྡུས་ནས་ཆབ་ལ་རྫངས་ཚུལ་མངའ་རིས་རྒྱལ་རབས་1སུ་གསལ། དེ་བས་ཀྱང་ཕྱི་ལོ་ ༡༦༤༢ ལོར་སོག་དམག་གིས་སྡེ་སྲིད་གཙང་པ་དང་བར་ཁམས་བེ་རི་རྒྱལ་པོ་བཅས་ཕམ་ཉེས་བཏང་རྗེས་སྡེ་སྲིད་གཙང་པ་དང་། ཀརྨའི་སྒར་ཆེན་ལེ་ལག་དང་བཅས་པ། ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་བཅས་ཀྱི་དཔེ་མཛོད་ཁང་ཁག་དང་། དཀོར་མཛོད་ཕལ་མོ་ཆེ་གཞུང་བཞེས་བྱས་ནས་ཕྱག་དཔེ་ཁག་ཅིག་འབྲས་སྤུངས་ཀུན་དགའ་རྭ་བ་དང་། འབྲས་སྤུངས་ཚོམས་ཆེན་སྟེང་གི་གནས་བཅུ་ལྷ་ཁང་། མི་དབང་ལྷ་ཁང་བཅས་སུ་དབོར་འདྲེན་བྱས་ནས་ད་ལམ་མི་ལོ་སུམ་ཅུའི་སྔོན་ཙམ་བར་དམ་བསྒྲགས་ནང་ཚུད་ཡོད་ཚུལ་འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག་2ཏུ་གསལ། ད་དུང་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༡༡-༡༤ བར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་ཨ་རིའི་ཉི་འོག་གྲོང་ཁྱེར་(NYC)དུ་འཚོགས་སྐབས། གདན་ཞུས་གསུང་བཤད་སློབ་དཔོན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་སྐབས། “འཇམ་དཔལ་སྙིང་པོའི་རིང་ལུགས་ཀྱི་ལྟ་གྲུབ་དང་མི་མཐུན་པར་བསྙད་པའི་ཇོ་ནང་དང་བཀའ་བརྒྱུད་པ། གོ་ཤཀ་རྣམ་གཉིས་ལྟ་བུའི་གསུང་རྩོམ་མང་ཆེ་བ་བཀག་རྒྱ་དམ་བསྒྲགས་ནང་བཞག་ནས་འགྲེམས་སྤེལ་མི་ཆོག དཔེར་ན་ཇོ་ནང་རྟག་བརྟན་སྤར་ཁང་དུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ལྷོ་བྲང་དོ་བ་རྫོང་གི་ཁོངས་ལྷ་ལུང་དགོན་དུ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སྤྱོད་འཇུག་རྣམ་བཤད་ཆེན་མོ་དང་ཆོས་འབྱུང་མཁས་པའི་དགའ་སྟོན། ཟས་ཆོས་འཁོར་ཡང་རྩེར་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ། དཔལ་དི་རྫོང་དུ་ས་སྐྱ་བཀའ་འབུམ། སྣ་རྩེ་རྫོང་དུ་བོ་དུང་གི་དུས་འཁོར་སྐོར། རྒྱལ་རྩེ་རྫོང་དུ་ཀུན་མཁྱེན་དོལ་པོའི་གསུང་འབུམ་སྐོར་སོགས་སྒོ་ཐེལ་བརྒྱབས་ནས་ཁྱབ་སྤེལ་མི་ཆོག་པ་བཟོས་ཡོད་”ཅེས་གསུངས།
ཁོང་གི་གསུང་བ་དེ་ཤིན་ཏུ་བདེན་པའི་གཏམ་དུ་སྣང་སྟེ། སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་(༡༧༠༠-༡༧༧༤)མཆོག་གི་རང་རྣམ་3དུ། “དེ་ནས་ལྕགས་ལ་བརྒལ་ཏེ་ལྷ་དབང་རྩེ་བརྒྱུད་ལྕགས་ཁ་ནས་གཙང་བོར་གྲུ་ཐོན་རྟག་བརྟན་དུ་ཞག་གཅིག་བསྡད། འདི་གྲུབ་པའི་སློབ་དཔོན་ཏཱ་ར་ནཱ་ཐའི་ཕྱག་རྗེས་སུ་གྱུར་པས་དད་མོས་ཆེ་བའི་སྟབས་ཞིབ་མཇལ་ཞུ་སྙམ། མཁན་པོ་ལ་ཡང་ཚན་གྲངས་ཞིག་ཕུལ། ཚོགས་སུ་མང་སྐོལ་རྣམ་བཞག་ཙམ་བགྱིས། འདི་སྐབས་དགེ་ལུགས་ཀྱི་མཚན་ཉིད་གྲྭ་ཚང་ཡིན་ཀྱང་ཇོ་ནང་པའི་ཞེན་མ་བོར་བའི་དགེ་སློང་བགྲེས་པོ་ཁ་ཤས་བཞུགས་པར་སྣང་། སྔོན་སྨོན་འགྲོ་བ་ཇོ་ནང་གི་དམ་ཉམས་སུ་གྱུར་པ་དེ་གོང་ས་སྔ་པ་ཆེན་པོའི་སློབ་དཔོན་དུ་བཞེས་པའི་རྐྱེན་གྱིས་ཕྲ་མ་ཞུས་པ་ལ་གསན་ནས་གྲུབ་མཐའ་སྒྱུར་ཅིང་རྗེ་བཙུན་ཀུན་དགའ་སྙིང་པོའི་དངུལ་གདུང་རིན་པོ་ཆེ་འཇིག་པ་སོགས་བཀའ་བཀྱོན་བྱུང་བའི་དུས་རྟེན་གསུམ་ཕལ་ཆེར་གཞུང་བཞེས་གནང་བའི་ད་ལྟ་ཤུལ་ཙམ་དུ་ཟད་ཀྱང་གཙུག་ལག་ཁང་དུ་ཛྷཻཀྵིམ་ལས་གྲུབ་པའི་ཐུབ་དབང་གྲོང་ཁྱེར་མའི་སྐུ་བརྙན་ཇོ་བོ་ཕྱོགས་ལས་རྣམ་རྒྱལ་དུ་གྲགས་པ་དང་། སངས་རྒྱས་རབ་བདུན་གྱི་གསེར་སྐུ་སོགས་དང་སྟེང་དུ་ལི་མ་ལྷ་ཁང་དང་སྡེར་ཚོ་ངོ་མཚར་ཅན་བཞུགས་པའི་ལྷ་ཁང་འགའ་རེའི་ནང་དུ་བྲིས་འབུར་གྱི་སྐུ་བརྙན་ཁྱད་འཕགས་དུ་མ་དང་། གསེར་ཟངས་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང་ཚེ་དཔག་མེད་བདུད་རྩི་ཆར་སྩོལ་དུ་གྲགས་པ་དུས་འཁོར་གྱི་བློས་བསླང་སོགས་ཕྲ་རྒྱན་བཀོད་པ་བྱིན་བརླབ་སོགས་སྒོ་དུ་མ་ནས་ཕུན་སུམ་ཚོགས་པ་རྣམས་མཇལ། རྩེར་དངུལ་གདུང་བཞུགས་ཤུལ་གྱི་ལྷ་ཁང་དང་གཞན་ཞིག་ཏུ་གཙོ་བོར་དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་བཟོ་དབྱིབས་ཅན་མཆོད་རྟེན་ཁྱད་འཕགས་དང་། དཀྱིལ་འཁོར་བློས་བསླང་ཆུང་ངུ་མང་པོ། སྤྲུལ་སྐུ་བྱང་པའི་བྲིས་ཐང་ངོ་མཚར་ཅན་མང་པོ་བཞུགས་པ་སོགས་དང་། གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཁང་ཕྱག་དྲུག་པ་གུར་ཏྲཀྴད་རྣམས་ཀྱི་མགོན་ཁང་བཅས་འཚེམ་མེད་དུ་མཇལ། དེ་དག་སོ་སོར་མར་མེ་དང་སྙན་ཤལ་ཕུལ། རང་གཞན་ཐམས་ཅད་འཕྲལ་ཡུན་དུ་བདེ་བའི་སྨོན་ལམ་བཏབ། ཇོ་ནང་བཀའ་འབུམ་གྱི་རྩད་གཅོད་བགྱིས་ཀྱང་ཕྱག་དཔེ་རྣམས་དང་། བཀའ་འབུམ་གྱི་པར་ཐམས་ཅད་གཞུང་གི་དགོངས་ཕོག་སྐབས་བཀའ་རྒྱས་བཏབ་སྟེ་ད་ལྟ་སྒྲུབ་ཐབས་རིན་འབྱུང་སོགས་རེ་གཉིས་ལས་པར་ཚང་མ་བཏང་གི་མི་འདུག་ཅིང་། དཔེ་རྒྱུན་སར་བ་ཡང་དེང་སང་གྲུབ་མཐའི་ཁྱད་ཀྱིས་ཅི་ལ་བཞུགས་པ་བཅས་མཐོང་རྒྱུ་ཆེར་མ་བྱུང་བས། སྐྱེས་ཆེན་དམ་པ་དེ་ལྟ་བུའི་ཕྲིན་ལས་ཀྱི་མཐའ་ཡང་མྱུར་བོར་བརྟུལ་བ་འདི་ལྟ་བུ་ཆེས་སྙིགས་པའི་སྐྱེ་དགུའི་བསོད་ནམས་ཀྱི་ངང་ཚུལ་ཡང་དེ་འདྲ་བར་ཟད་དོ་སྙམ་པའི་ཡིད་སྐྱོ་ལྷང་ལྷང་འབྱུང་།” ཞེས་ཇོ་ནང་རྟག་བརྟན་དགོན་པའི་གྲུབ་མཐའ་དགེ་བསྒྱུར་བྱས་པ་མ་ཟད། རྗེ་ཏཱ་ར་ནཱ་ཐའི་སྐུ་གདུང་ཡང་བཤིགས། རྟེན་གསུམ་ཕལ་ཆེར་གཞུང་བཞེས་བྱས། ཇོ་ནང་བའི་བཀའ་འབུམ་གྱི་པར་ཐམས་ཅད་ཀྱང་གཞུང་གིས་དམ་བསྒྲགས་བྱས་ནས་སྐབས་དེ་དུས་སྒྲུབ་ཐབས་རིན་འབྱུང་སོགས་ཆོས་ཚན་རེ་གཉིས་རེ་མ་གཏོགས་དཔར་འདེབས་མི་ཆོག་པ་བྱས་ཡོད་ཚུལ་ཤིན་ཏུ་གསལ་བོར་བྲིས་གནང་མཛད་ཡོད། དེར་བརྟེན་ད་ལྟའི་རིག་གསར་རྗེས་ཀྱི་འབྲས་སྤུངས་དཔེ་མཛོད་ཁང་ཁྱེད་ལ་རྒྱུས་མངའ་ཡོད་པ་བཞིན། སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་ཚང་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་གྲུབ་མཐའ་གསར་བརྗེ་དང་ཆགས་འཇིག་སྐོར་ལ་ཧ་ཅང་རྒྱུས་མངའ་ཆེ། ཁོང་ཕྱི་ལོ་ ༡༧༢༣ ལོར་རྟག་བརྟན་དགོན་དུ་དངོས་སུ་ཕེབས་ཤིང་། དེ་དུས་ཀྱི་རྟག་བརྟན་དགོན་དང་ཇོ་ནང་པའི་བཀའ་འབུམ་གྱི་གནས་སྟངས་ཇི་མ་ཇི་བཞིན་བྲིས་གནང་མཛད་པ་རེད། དེ་དུས་རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་མི་ལོ་ ༧༤ ཙམ་ཕྱིན་ཡོད།
དེས་ན་དུས་རབས་ ༡༧ ནང་ཇོ་ནང་སོགས་ཀྱི་གསུང་རབས་མང་པོ་ས་གནས་གང་སར་དམ་བསྒྲགས་བྱས་པའི་ལོ་རྒྱུས་དེ་དག་ཁྱེད་རང་གིས་ཕྱི་ལོ་ ༡༩༩༦ ལོར་གཞི་ནས་ཐོས་པ་རེད་མ་གཏོགས། མི་རྣམས་ཀྱིས་དེའི་སྔོན་ནས་ཐོས་མྱོང་ལ། དེའི་སྐོར་ལོ་རྒྱུས་དང་། ཆོས་འབྱུང་། རྣམ་ཐར་ཁག་ནས་མཐོང་ཡང་མྱོང་བས། བོད་ཀྱི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ལྟ་བུ་ཆགས་པ་རེད།
གང་ལྟར་ངས་བཤད་འདོད་པ་ནི། ང་ཚོས་འདས་པའི་ལོ་རྒྱུས་ལོ་རྒྱུས་སུ་བཟུང་ནས་བལྟ་དགོས་པ་ལས། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་འདས་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ན། ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པར་འགྱུར་རྒྱུ་ཉག་གཅིག་ཡིན། ལོ་རྒྱུས་དང་རྣམ་ཐར་ཁྲོད་ཇོ་ནང་པ་སོགས་ཀྱི་གསུང་རབས་ཁག་དམ་བསྒྲགས་བྱས་ཟེར་བ་ནི། གོང་དུ་བཤད་པ་ལྟར། རྒྱལ་རྩེ་དང་། རྟག་བརྟན། འབྲས་སྤུངས་གནས་བཅུ་ལྷ་ཁང་སོགས་ས་གནས་གང་སར་དམ་བསྒྲགས་བྱས་ཏེ་དཔར་འདེབས་དང་འགྲེམས་སྤེལ་མི་ཆོག་པ་བྱས་པ་ལས། ཇོ་ནང་པ་སོགས་ཀྱི་གསུང་རབས་ཡོད་ཚད་འབྲས་སྤུངས་སུ་ཁྱེར་ནས་གོ་ཐུམ་བརྒྱབས་ཏེ་བཙོན་བཅུག་བྱས་པའི་དོན་མ་རེད། གཅིག་བྱས་ན་གསུང་འབུམ་འགའ་རེར་དེ་འདྲ་བྱས་ཡོད་སྲིད་ལ། རིག་གསར་སྐབས་དེ་དག་འབྱུང་བཞིའི་ཞལ་དུ་བསྟིམས་པའམ། ཡང་ན་གྲོང་ཁྱེར་གཞན་དང་གཞན་དུ་ཁྱེར་ཡོད་སྲིད། ཁྱེད་ཀྱིས་ཤོད་བཞིན་པའི་ཚལ་པའི་བསྟན་འགྱུར་གོ་ཐུམ་ཅན་ནི། རྩ་ཆེན་བྱས་ནས་བདག་ཉར་བྱས་པ་ཞིག་ལས་བཙོན་འཇུག་བྱས་པ་མ་རེད། མི་རྣམས་ཀྱིས་ཤོད་བཞིན་པའི་གོ་ཐུམ་བརྒྱབས་ནས་དམ་བསྒྲགས་བྱས་ཟེར་བ་ནི། གོང་དུ་བཤད་པ་ལྟར། དཔར་འདེབས་འགྲེམས་སྤེལ་ལྟ་ཅི། ཐ་ན་ལྟ་ཀློག་ཙམ་ཡང་མི་ཆོག་པར་མུན་ཁང་དུ་བཅུག་སྟེ་སྒོ་ཐེལ་གྱིས་མནན། མི་ལོ་སུམ་བརྒྱ་ལྷག་གི་རིང་རླན་གཤེར་ཁྲོད་རྡུལ་གོས་གྱོན་ནས་བཞུགས་དགོས་བྱུང་བའི་གསུང་རབས་དེ་དག་རེད། དེ་དག་གི་ཁྲོད་ནས་དཔེ་རྙིང་རྩ་ཆེན་ག་ཚོད་ཅིག་རིག་གསར་སྐབས་ཤུལ་མེད་དུ་སོང་ཡོད་པ་བཤད་ཅི་དགོས། དེ་འདྲ་ཡིན་དུས་ད་ལྟའི་རིག་གསར་རྗེས་ཀྱི་འབྲས་སྤུངས་དཔེ་མཛོད་ཁང་གི་དཔེ་ཆའི་ངོ་གདོང་ཙམ་ལ་བལྟས་ཏེ། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཟེར་བ་ནི། ཀུན་སློང་ངེས་ཅན་ཞིག་ཡོད་ན་མ་གཏོགས་མཁས་པའི་ལེགས་བཤད་དུ་ནི་སུས་ཀྱང་མི་བརྩིའོ།།
ཡང་གཅིག་བཤད་ན། དུས་ཕྱིས་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་(༡༨༧༨-༡༩༤༡)དང་། ཁོང་གི་སློབ་མ་བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་(༡༨༨༨-༡༩༤༡)གཉིས་ཀྱིས་དབུས་གཙང་དང་། བར་ཁམས་ཕྱོགས་ཀྱི་བོན་དང་རྙིང་མའི་གྲུབ་མཐར་སྡང་ཟུག་བྱས་ཏེ་ཕྱག་དཔེ་མང་པོ་མེར་བསྲེག་དང་ཆུར་སྐྱུར་བྱས་པའི་ངན་གྲགས་ཆེན་པོ་ཡོད། གང་ལྟར་དུས་ཕྱིས་ཇོ་ནང་རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཕྱེད་ཙམ་བཙོན་གྲོལ་བྱུང་ཡོད། དེའི་ཐད་གོང་ཞུས་ལྟར་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གི་གསུང་བཤད་དུ། “ཞྭ་ལུ་རི་སྦུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་(༡༨༠༤-?)ཞབས་ཀྱིས་དུས་རབས་བཅུ་དགུའི་ལོ་རབས་བདུན་བཅུའི་ནང་༧རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་དུས་ནས་བཀག་སྡོམ་སྒོ་ཐེལ་ཕོག་པའི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་(༡༥༧༥-༡༦༣༤)གསུང་འབུམ་པོད་ཀ་ནས་ཙ་བར་པོད་ཆེན་ ༡༧ ཐེངས་གཅིག་སྤར་རྒྱུའི་གནང་བ་བླ་བྲང་རྒྱལ་མཚན་མཐོན་པོར་ཞུས་ཐོབ་4”ཅེས་གསུངས་པ་ལྟར། ཞྭ་ལུ་རི་ཁྲོད་པ་བློ་གསལ་བསྟན་སྐྱོང་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན། ད་ལྟའི་ཆར་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་གྲགས་སུ་རྟག་བརྟན་པར་མར་གྲགས་པ་པོད་ ༡༧ འདི་ཉིད་བོད་མདོ་དབུས་ཁམས་གསུམ་དང་། རྒྱ་གར། ཨ་རི་སོགས་འཛམ་གླིང་གང་སར་དངོས་སུ་མཇལ་རྒྱུ་ཡོད་པ་འདི་ཉིད་ཡིན། དེ་ཙམ་མ་ཟད། མི་རིང་བའི་དུས་ནས་བཟུང་། མཁས་ཤིང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་བླ་མེད་བསྐྱངས་འོག འབྲས་སྤུངས་དཔེ་མཛོད་ཁང་དུ་བཞུགས་པའི་ཇོ་ནང་པའི་དཔེ་རྙིང་མི་ཉུང་བ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་དཔར་བསྐྲུན་འགྲེམས་སྤེལ་གནང་དང་གནང་བཞིན་ཡོད་པས། གུས་པས་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ། རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་འབྲེལ། སླད་མའི་ཆར་ཡང་མུ་མཐུད་དུ་ཇོ་ནང་པའི་དཔེ་རྙིང་དཀོན་རིགས་གང་ནས་གང་རྙེད་དེ་དག་ཐུགས་བརྩེས་གསོལ་བསྩལ་ཡོང་བའི་གསོལ་འདེབས་སླར་ཡང་ཞུ་རྒྱུ་ཡིན།
བེ་རི་རིག་པའི་རྡོ་རྗེས། ༢༠༢༡/༡/༡༨ ཉིན་ཐད་ཀར་མགྱོགས་བྲིས་བྱས་སོ།།
ཟུར་མཆན།
1.གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས། དྷ་རམ་ས་ལ། ༡༩༩༩ ཤོག ༥༤
2. འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག ༧
3. ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་། དཔལ་སྤུངས་པར་མ། ཤོག 52b-53a
4. རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དང་གཞན་ཡང་མཁས་གྲུབ་དུ་མའི་གསུང་འབུམ་པར་ཁྱེར་ཟླ་བསྒྲིལ་མཛད་པ་ཕུན་གླིང་པར་ཁང་དུ་བཞུགས་པའི་དཀར་ཆག New Delhi ༡༩༦༣