ཆང་སྐྱེས།
འགྲན་བརྩོན་མེད་ན་ཡར་རྒྱས་མེད་པ་དང་།།
བགྲོ་གླེང་མེད་ན་བློ་བསྐྱེད་མེད་པ་སོགས།།
གནས་ལུགས་དོན་གྱིས་གྲུབ་པ་བདེན་ན་ཡང་།།
དོན་མེད་ཉ་ཉོག་བཤད་ན་ཅི་ལ་ཕན།།
འཇིག་རྟེན་མི་ལ་མོས་པ་སྣ་ཚོགས་ཤིག།
དེ་ལས་འཁྲུངས་པའི་དགའ་ཕྱོགས་འདྲ་མིན་ཞིག།
རང་ཕྱོགས་བསྟད་དེ་གཞན་ཕྱོགས་དམད་པ་ལས།།
གང་ལ་གང་ཕན་དེ་ལྟར་སྒྲུབ་ན་ལེགས།།
ཚིག་གི་ངོ་བོ་ཁ་ནས་བཤད་པ་ལས།།
དོན་གྱི་སྙིང་བོ་བློ་ཡིས་དཔྱད་ན་བཟང་།།
རིག་པའི་གནས་ལུགས་བཤད་ས་བསྡུར་ས་ནས།།
བླུན་པོའི་ཨུ་ཚུགས་ཙམ་གྱིས་ཅི་ཞིག་བྱེད།།
ཕྲག་དོག་ཁྲག་རྩ་འཕར་ན་ལུས་ལ་གནོད།།
ཞེ་སྡང་སྙིང་རྩ་འདར་ན་ཚེ་ལ་འཕོག།
འདོད་པའི་དབང་རྩ་འཁྲུག་ན་རང་ཉིད་འཕུང་།།
བསམ་བློ་ཞིབ་ཏུ་གཏོང་རྒྱུ་ཧ་ཅང་གལ།།
བདེན་རྫུན་ཐག་གིས་གཅོད་ལ་བློ་མིག་དགོས།།
དཀར་ནག་དབྱེ་བ་འབྱེད་ལ་དྲང་བདེན་དགོས།།
རི་བོང་ཅལ་འདྲོགས་ལྟ་བུའི་སྤྱོད་ཚུལ་འདིས།།
རང་ཉིད་བླུན་པོ་ཡིན་པ་རང་གིས་བསྟན།།
བདེན་པའི་རྒྱབ་ནི་ནམ་ཡང་ཚད་མས་བསྐྱོར།།
རྫུན་དང་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་།།
ལུགས་དང་མཐུན་ན་རང་གཞན་ཀུན་གྱིས་བཀུར།།
ཚུལ་དང་འགལ་ན་བདུད་ཀྱི་གཤེད་དུ་བརྩི།།