མགལ་དུམ།
ལོ་རྒན་དྲུག་ཅུའི་གཉའ་གནོན་གདུག་རྩུབ་ཁྲོད།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
རྒྱ་དངུལ་རག་མིན་ཙམ་གྱི་ཁྱད་པར་ལས།།
བོད་མི་བཙོངས་བའི་ལས་ལ་ཡང་ལྕི་མེད།།
བཙན་བྱོལ་མང་གཙོའི་འཕེལ་རིམ་རིང་མོ་རུ།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
ཚིག་གི་མཚོན་ལ་རིང་ཐུང་ཡོད་ཙམ་ལས།།
སྤུན་ཟླ་ཉེས་བཙུགས་བྱས་པ་ཡག་བཙོག་མེད།།
༧གོ་ལའི་དབུ་ཁྲིད་ཆེན་མོའི་མཛད་འཕྲིན་དུ།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
སེམས་ལ་རྨོངས་དད་ཡོད་མེད་ཙམ་ཞིག་ལས།།
མཛད་ཁ་སྣ་མང་བཟོས་པ་མང་ཉུང་མེད།།
བོད་ཀྱི་འོས་བསྡུའི་སྔ་ཕྱི་བར་གསུམ་ལ།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
དཔྱ་ཁྲལ་ལག་དེབ་ལག་ལ་ཡོད་མེད་ལས།།
ཁྲིམས་མེད་ལུགས་མེད་བཤད་ལ་གང་འཇོན་མེད།།
སྤྱི་ཚོགས་དྲ་བའི་གད་ཚོམམ་ཡངས་མོ་རུ།།
ཁེ་ཡོད་སོ་བ་ཁེ་མེད་སོ་བ་གཉིས།།
མིང་རྫུན་པར་རྫུན་འཇོག་སྟངས་མཁས་མིན་ལས།།
འཆལ་གཏམ་གང་ཐུབ་སྤེལ་ལ་གང་མགྱོགས་མེད།།
དེ་ལྟར་ཡིན་གྱི་ང་ཡི་སྐྱབས་མགོན་གྱིས།།
ལྷག་པར་བརྩེ་མཛད་བསོད་ཟད་ཁྱེད་ཅག་ལ།།
བདེན་པའི་དམིགས་བུ་སྤྲོ་བས་ལྷུར་བླངས་པ།།
ངོ་མཚར་ཀུན་ལས་འདི་ཉིད་ངོ་མཚར་ཆེ།།
ཁ་དང་ལག་པ་འགུལ་བའི་བར་མཚམས་ནས།།
རང་བློས་རང་ལ་དཔྱད་པ་ལན་གཅིག་ཐོངས།།
ཚེ་ཡི་འདུ་བྱེད་རྫོགས་པའི་སྐབས་ཤིག་ལ།།
འགྱོད་གདུང་དྲག་པོ་སྐྱེས་ཀྱང་འཕྱི་སོང་ལོ།།
འདི་ལྟར་ཞུ་བ་པོ་ཡང་བྲེལ་གསེང་ནས།།
སུག་ལས་བགྱིས་པ་སེམས་ཀྱིས་མ་བཟོད་པར།།
ཨོ་གླིང་བོད་དགའི་འབྲོག་སྡེ་ཆེན་མོ་ནས།།
རིགས་མཐུན་རིགས་ལ་འདི་ཙམ་ངག་ནས་ཐལ།།
༢༠༢༡-༠༡-༢༠ཨོ་གླིང་གི་མཚན་མོར།