ཆང་སྐྱེས།
ཤར་ཕྱོགས་རི་རྒྱལ་ལྷུན་པོའི་དབུ་རྩེ་ནས།།
དཀར་གསལ་བཅོ་ལྔའི་ཟླ་བ་འཛུམ་པ་ན།།
བཀའ་དྲིན་བརྗོད་ཐབས་མེད་པའི་དྲིན་ཆེན་མ།།
ལྷན་ཏུ་བཞུགས་པ་འདྲ་བའི་འཕྲུལ་སྣང་ཞིག།
རིན་ཆེན་མི་ཡི་ལུས་རྟེན་གནང་མཁན་མ།།
བུ་ཡི་ཆེད་དུ་ཡོད་ཚད་གཏོང་མཁན་མ།།
བུ་ཡིས་གང་འདོད་དེ་ལྟར་སྒྲུབ་མཁན་མ།།
བསམ་རྒྱུ་བུ་ལས་མེད་པའི་བྱམས་ལྡན་མ།།
ཉིན་མོ་ཐུགས་རྗེ་སྤྱན་གྱིས་འཚོ་མཁན་མ།།
མཚན་མོ་བྱང་ཆུབ་སེམས་ཀྱིས་སྐྱོང་མཁན་མ།།
ཕན་དང་བདེ་བ་མ་ལུས་གནང་མཁན་མ།།
དྲན་རྒྱུ་བུ་ལས་མེད་པའི་བརྩེ་ལྡན་མ།།
གང་ཡག་གང་འཇམ་བུ་ལ་སྐོན་མཁན་མ།།
གང་བཟང་གང་ཞིམ་བུ་ལ་སྦྱིན་མཁན་མ།།
ཡིད་འོང་འཛུམ་གྱིས་ནམ་ཡང་བསུ་མཁན་མ།།
གླེང་རྒྱུ་བུ་ལས་མེད་པའི་ཡུམ་ཆེན་མ།།
བུ་ཡི་བདེ་སྡུག་ལྷ་ལ་བཅོལ་མཁན་མ།།
སེམས་པ་བུ་ལ་འཁྲེང་བའི་གཞི་འཛིན་མ།།
རྣ་བ་བུ་ལ་གཏོད་པའི་བཞིན་བཟང་མ།།
ཡོད་ཚད་བུ་ལས་མེད་པའི་་མ་ཡི་མ།།
བདེ་བ་ཐབས་ཅད་བུ་ལ་ཐོབ་འདོད་མ།།
སྡུག་བསྔལ་བུ་དང་བྲལ་ན་བསམ་མཁན་མ།།
བུ་ཡི་དགག་དང་བར་ཆད་སེལ་མཁན་མ།།
དྲིན་ལན་འཇལ་ཐབས་མེད་པའི་རྗེ་བཙུན་མ།།