ཆང་སྐྱེས།
བདག་སེམས་གཞི་རྒྱུད་ལས་ཤོར་བའི།།
དུངས་ཞེན་མེ་ཏོག་གི་མདའ་མོ།།
ཡིད་འོང་མཛེས་སྡུག་གིས་འཚོ་བའི།།
བུ་མོ་ཁྱེད་རང་ལ་ཤོར་སོང་།།
ལྷོ་ཕྱོགས་རྒྱ་མཚོ་ཡི་ཁ་ནས།།
མི་ཚོགས་བརྒྱ་འདུས་དང་སྟོང་འདུས།།
སེམས་སོང་བུ་མོ་ཁྱོད་མེད་ན།།
མཚོ་ཁ་སྟོང་བ་རང་ཡིན་སོང་།།
གནམ་མཁའི་འཇའ་ཚོན་གྱི་རི་མོ།།
ལག་པས་འཛིན་ཐབས་ཤིག་མེད་ཀྱང་།།
ཁྱེད་ཞལ་དུང་མདོག་གི་ཟླ་བ།།
དྲན་པའི་ཀློང་རིམ་ནས་འཛུམ་བྱུང་།།
ས་སྲོད་མཚམས་སྤྲིན་གྱི་མཛེས་སྡུག།
འཆར་ཡན་བསིལ་རླུང་གིས་སྒུལ་དུས།།
མིག་ཟུང་འཛུམ་མདངས་ཀྱིས་ཕྱུག་པའི།།
བུ་མོའི་སྒེག་ཉམས་དེ་དྲན་བྱུང་།།
ལྗོན་ཤིང་ལོ་མ་ཡི་སྟེང་ལ།།
འདབ་ཆགས་ཕོ་མོ་གཉིས་བབས་འདུག།
གྲེ་འགྱུར་གསུང་དབྱངས་ཀྱི་འགྱུར་ཁུགས།།
ཁྱེད་ཀྱི་དགོད་སྒྲ་དང་འདྲ་བྱུང་།།
སེམས་པ་ཁྱེད་རང་ལ་ཤོར་ཤོར།།
སུ་དང་གང་ཞིག་ལ་མ་ཤོར།།
ལས་དང་སྐལ་བ་ཞིག་ཡོད་ན།།
སྐྱེ་བ་ལྔ་བརྒྱར་ཡང་སྒུག་ཆོག།