རྔ་བ་ཀུན་བཟང་ནས།
དགོད་སྤྲོད་པའི་འདས་དོན་དག་ཕྱིར་དྲན་བྱེད་དུས། ང་ནམ་ཡང་བྱིས་དུས་ལ་ཡིད་སྨོན་ཤོར། འདས་ཟིན་པའི་འཚོ་བ་ལ་དེ་བས་ཀྱང་མོས། ཡིད་ཀྱི་མེ་ལོང་ན་བསུབ་ཏུ་མེད་པའི་འདས་དོན་མང་ལ། བསམ་པའི་ཕྱི་ནང་ཀུན་ལ་ངེས་གཏན་མེད་པའི་གཏམ་རྒྱུད་ཀྱང་མང་། དེ་དག་རེ་རེ་ད་དུང་ངའི་སེམས་ལ་གསལ་ལྷང་ངེར་དྲན། སྐབས་དེར་ཧ་ལམ་ང་ལོ་དྲུག་ཙམ་ཡིན་པ་འདྲ། ངས་འཚོ་བ་སྐྱེལ་ས་དགུན་ཁང་ཞེས་འབྲོག་པ་རྣམས་དགུན་དུས་སུ་འདུག་སའི་ས་དང་རྡོ་ལས་གྲུབ་པའི་ཁང་པ་ཆུང་ཆུང་དེར་ཡིན།
དེའི་ཕྱིར་དུས་ད་ལྟའང་དགོན་པ་དང་ཁྱིམ་ཚང་གང་དུ་སོང་ན་མཆོད་གཤོམ་ལ་ལག་པ་འཆང་མི་ཕོད་ལ། ཞི་མི་ལ་དེ་བས་ཀྱང་མི་དགའ། ནམ་ཡིན་ཡང་དངོས་པོ་དེ་གཉིས་ལ་ཐག་རིང་ནས་ལྟ་བའི་ཡ་མཚན་གྱི་གོམས་གཤིས་ཤིག་ཡོད།
མ་གཞིར། གདོང་དམར་ཚང་ནི་མི་རབས་ནས་མི་རབས་ལ་ཆོས་དད་ཆེ་བའི་མཆོད་ཆུ་འབུལ་སྲོལ་ཡོད་ལ། ངའི་ཨ་ཕ་ནི་དེ་བས་ཀྱང་མཆོད་གཤོམ་ལ་དང་དོད་ཆེ། ཉིན་གཅིག་ང་ཚོའི་སྡེ་པའི་ཤིང་བཟོ་ཞིག་ལ་སྐད་བཏང་ནས་མཆོད་གཤོམ་ལ་མཆོད་སྟེགས་ཧ་ཅང་ཡག་པོ་ཞིག་བཟོ་ནས་བཞག དེའི་མཚན་མོར་ཨ་ཕས་མཆོད་གཤོམ་ལ་ཡང་དང་བསྐྱར་ཏུ་གད་བདར་གྱིས་ཡར་བལྟས་ན་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།
དེ་ནས་ཉིན་འགའ་འགོར་བའི་མཚན་མོ་ཞིག་ལ་ཨ་ཕས་གྲོང་ཁྱེར་ནས་ཞི་མི་ནག་ཁྲ་ཆུང་ཆུང་ཧ་ཅང་མཛེས་པ་ཞིག་ཉོན་ནས་འབྲོག་སར་ཐོན། སྐབས་དེར་ང་རང་དགའ་ཐག་ཆོད་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། རྒྱུ་མཚན། འབྲོག་ཕྲུག་ཞིག་ལ་མཚོན་ན་དེ་ནི་སྤྱིར་བཏང་གི་དངོས་པོ་ཞིག་མིན། དེ་ནི་ངས་ནམ་ཡང་ཐོབ་པར་འདོད་པའི་སེམས་ཅན་གཅིག་པོ་དེ་ཡིན། སྐད་ཆ་དྲང་མོ་བཤད་ན་ཞི་མི་འདི་ནི་ངའི་ལོ་མང་གི་ཆུང་གྲོགས་ཡིན་ལ། གྲུང་པོ་ཞིག་ཀྱང་ཡིན་པས་ད་ལྟ་ངའི་མདུན་དུ་སླེབས་ན་ཧ་ལམ་ང་ངོ་ཤེས་ནའང་ཐང་།
སྐབས་དེ་དུས་ང་དང་ན་ཚོད་གཅིག་པའི་རྫི་བོ་གཞན་རྣམས་ལ་ཞི་མི་ཡོད་ས་ཧ་ཅང་དཀོན། དེའི་ཕྱིར་རང་ཉིད་ཀྱི་བྱིས་པ་ལྟར་ངས་ནམ་ཡང་ཤིག་གིས་ཁེངས་པའི་རྩག་ཁུག་ནང་ཁུར་ནས་རི་ལུང་གང་སར་འགྲོ་མྱོང་ཡོད་ལ། སྐབས་ལ་ལར་ངུ་གཉིས་རི་མགོར་གཉིད་ལ་ཤོར་ནས་ཨ་མ་བསུ་བར་ཐེངས་མང་པོར་ཡོང་མྱོང་ཡོད། གང་ལྟར་ད་ལྟ་བསམ་ན་ང་རང་བྱིས་པ་སྣང་སྐྱིད་ཞིག་དང་། སེམས་ཅན་ལ་དགའ་བའི་རིགས་ཞིག་ཡིན་པའི་བག་ཆགས་དེང་སང་ཡང་ཆེན་པོ་འདུག
ཉིན་ཞིག་གི་མཚན་མོ་ང་དང་ཕ་མ་བཅས་ནུབ་ཇ་འཐུང་ཞོར་ལ། རླུང་འཕྲིན་ནས་ཨ་ཁུ་སྨན་བླ་སྐྱབས་ཀྱི་ཁ་ཤགས་སེམས་ཆུང་སྡེ་བའི་རྐུན་མ་ཞེས་པའི་ལེ་ཚན་དེར་ཉན་སྡད་ཡོད། སྐབས་དེ་ཞི་མི་གློ་བུར་ཏུ་ཡར་ལངས་ནས་མཆོད་སྟེགས་ཀྱི་ཟུར་ན་ཙོག་ཙོག་བྱས་ནས་བསྡད། ཚུལ་འདི་ངའི་ཨ་ཕས་མཐོང་ནས་ཧ་ཅང་རླུང་ལངས། དེ་མ་ཐག་ངས་མགོར་ལག་པས་ཉུག་ཉུག་བྱེད་ཞོར་མཆོད་གཤོམ་ཟུར་ནས་ཞི་མི་མར་ལེན་ཐབས་བྱས། དེ་དུས་ཞི་མིའི་སྡེར་མོ་མཆོད་སྟེགས་ཐོག་གི་གོས་སེར་ལ་ཐོགས་ནས་མཆོད་གཤོམ་དང་བཅས་ས་ལ་ལྷུང་།
དེ་དང་མཉམ་དུ་དགུན་ཁང་ཆུང་ཆུང་དེར་སིང་སྒྲ་དང་ཆག་སྒྲའི་ཁེངས། ངས་དྲན་གསལ་ལ་སྐབས་དེ་དུས་ཨ་ཕ་ཁོང་ཁྲོས་མ་བཟོད་པར་ཡར་ལངས་བ་དང་མཉམ་ཏུ་ལྕགས་ཐབ་གྱི་མདུན་ན་ཡོད་པའི་མེ་གཡོག་༡ནག་རིལ་རིལ་དེ་བཟུང་ནས་ང་ལ་མགོ་རྔ་མེད་པར་གཅར་བ་དང་། མགོ་ལ་སྐྲ་ཐུང་ཐུང་ཞིག་ཡོད་པ་དེའང་ཡང་དང་སྐྱུར་དུ་འཐེན། ད་དུང་ཡིད་མ་ཚིམས་པར་ངའི་འཕོངས་ལ་རྡོག་ཐོས་གཞུས་ནས་སྒོ་ཁར་ཕུད་སོང་།
ང་རང་མིག་ཆུ་འཛར་འཛར་དང་སྣ་ཁྲག་ཡང་ཡོང་གིན་འདུག བསམ་མི་ཤེས་པའི་བྱིས་པ་ཞིག་ལ་གཅར་རྡུང་དྲག་པོ་བཏང་སྟེ་སྒོ་ཁར་ཕུད་དུས། ད་གཟོད་ངས་སེམས་སུ་གདུང་བ་ཚད་ལས་འདས་པ་ཞིག་བྱུང་ཡོད་ན་ཐང་། ད་ལྟ་བསམ་ན་ངའི་ཁྱིམ་གྱི་གཅེས་ནོར་དེ་འདྲ་ཞིག་ས་ཐོག་ཏུ་ལྷུང་ནས་ཆག་སོང་བས་ཨ་ཕ་ཁྱེད་ལ་བསམ་ཤེས་མ་ཐུབ་པ་གང་ཡང་མེད།
དྲན་གསོ་དང་འདས་དོན་གྱི་ཁྲོད་ནས་ཁ་བརྡ་གནང་ས་ཡི་ཀློག་པ་པོ་རྣམས་ཀྱིས་ངས་མཆོད་གཤོམ་དང་ཞི་མི་གཉིས་ལ་ལག་པས་གཏན་ནས་མི་རེག་དོན་ད་ཤེས་སོང་ངམ། ང་ལ་བསམ་ཤེས་བྱ་ཐུབ་བམ། ཁྱེད་ཅག་ལ་འདི་འདྲ་བའི་ཆག་སྒོ་རེ་བྱུང་མྱོང་ངམ།
༢༠༢༡།༡།༣༡།