རྔ་བ་ཀུན་བཟང་།
སྐྱེ་བོ་ཞིག་འཇིག་རྟེན་འདིར་འཚོ་དུས། ཅི་འདྲའི་ཚིམས་པ་མེད་པའི་སྐོམ་པ་དང་། ངོམས་པ་མེད་པའི་ཚོར་བ་མང་བ་ལ་ཨང་།གཡེར་མའི་བྲོ་བ་ཞིམ་པ་དང་། ཏིག་ཏ་ཡིན་ཡང་མངར་བར་གླེང་། ཡང་ལ་ལས་སེའུ་འབྲུ་སྐྱུར་བ་དང་། གྲང་བའི་ཁ་བ་དང་འདྲེས་ཡང་བཏང་སྙོམས་སྣང་། དེ་ནི་ཅི་འདྲའི་ལྐོག་གྱུར་དང་། བརྗོད་མེད་ཀྱི་གནས་ལུགས་ཞིག་རེད་ཨང་། ཡང་མིན་ན་ཟར་མའི་མེ་ཏོག་ལྟ་བའི་མིག་དབང་ཉམས་སོང་བ་འདྲ།
མ་གཞིར། དུས་རབས་འདིའི་སྐྱེ་བོ་མང་དག་ཅིག་ཁ་པར་དང་ཁ་པར་གྱི་ཁྲོད་ན་འཚོ་ཞིང་། སྐུད་ལམ་དང་སྐུད་ལམ་གྱི་བར་ནས་སྤྲོད་སྣང་དང་གདུང་བའི་གཏམ་རྒྱུད་བཤད། དབྱར་དུས་ཀྱི་ཟིལ་བ་ལྟར་ཉི་འོད་དང་རླུང་བུ་ལ་འཇིགས་ནས། རྨི་ལམ་ནང་གི་མཛའ་མོ་ཡིན་ཡང་ལྐོག་བཤད་དང་ཆགས་བཤད་བྱེད། དེ་བས་ངོ་མཚར་ཆེ་བའི་རྟོག་བཟོ་དང་། གླེན་རྟགས་ཚ་བའི་ཁ་བརྡ་མང་ནོ་གདོན་མི་ཟ།
གང་ལྟར་ཁ་པར་དང་སྐུད་ལམ་ནི་དུས་རབས་འདིའི་འཇིག་རྟེན་བྱེད་པོ་ལ་འགྱུར་འདུག་ལ། སུས་ཀྱང་སྣང་མེད་ལ་གཏོང་མི་ཐུབ་པའི་དངོས་པོ་ཞིག་ཡིན་ཟེར་ན་ཆོག དེས་དུས་ཚིགས་འདིར་ལྷིང་འཇགས་དང་ཁ་ཁུ་སིམ་པའི་གནས་ཧ་ཅང་ཉུང་། ད་དུང་འཚབ་འཚུབ་དང་ཟང་ཟིང་ཆེ་ལ། འུར་སྒྲ་དང་སེང་སྒྲ་ཡང་མང་། ཉིན་མཚན་ཡང་ངོ་བོ་དབྱེར་མེད་ཏུ་གྱུར། འོན་ཀྱང་། འདི་ནི་མི་ཚེ་ཞིག་གི་མྱོང་བ་ཡིན་ཞིང་། དུས་རབས་ཤིག་གི་འགྱུར་བ་རེད། མི་ཡུལ་འདི་ནས་མ་བྲལ་བར་འགྱུར་བའི་མཚམས་མི་ཆད་ལ། ལུས་སེམས་ཀྱི་ངལ་སོས་པར་ཡང་ག་ལ་འགྱུར། ང་ཚོ་ཚང་མའི་དབུགས་ཀྱི་རྒྱུ་བ་མ་ཆད་བར་དེ་ལྟར་འཚོ་དགོས་སོང་ནི་རེད། ནམ་ཡང་འཚོ་དགོས་སོང་ནི་རེད།