བེ་རི་བས།
ལུག་མགོ་ལོ་སར་མཆོད་པར་བཤམས་པ་ནི།།
བོད་མགོ་སོག་པོས་བཅད་པའི་དྲན་རྟེན་ཡིན།།
ཕ་བསད་རྒྱལ་རྔ་བརྡུང་བའི་ཀློས་རྟགས་ཡིན།།
ཕྱི་དགྲ་ནང་ཁྲིད་བྱས་པའི་མཇུག་འབྲས་ཡིན།།
ལོ་སར་སྐབས་ལུག་མགོ་བཤམ་སྲོལ་ནི། ལྷ་ས་སོགས་ས་ཁུལ་ཁག་ཅིག་ལས་བོད་ཡོངས་ལ་ཁྱབ་པའི་ཡུལ་སྲོལ་ཞིག་མིན། དཔེར་ན་མདོ་སྟོད་སྨད་གང་དུ་ཡང་ལོ་སར་སྐབས་ལུག་མགོ་བཤམ་པའི་ལུགས་སྲོལ་འདི་མེད། གང་ལྟར་ལོ་སར་སྐབས་ལུག་མགོ་བཤམ་པའི་ལུགས་སྲོལ་འདི་ནི། དུས་རབས་ ༡༧ ནང་བོད་དབུས་ཕྱོགས་སུ་གསར་དུ་བྱུང་བ་ཞིག་རེད། དེ་ཅུང་གསལ་བོར་བཤད་ན། ཕྱི་ལོ་ ༡༦༣༨ ལོར་སོག་པོའི་ཇག་དཔོན་གུ་ཤྲི་ཡིས་ཇག་དམག་ཆིག་ཁྲི་ཁྲིད་དེ་དབུས་ཕྱོགས་ཀྱི་ལྷ་བླའི་མཐུ་དང་ངན་སྔགས། གཏོར་མའི་དྲག་སྤྱོད་ཀྱི་རྒྱབ་སྐྱོར་འོག་བར་ཁམས་སུ་དྲག་པོས་དཔུང་འཇུག་བྱས་ཏེ། མཐར་ཕྱི་ལོ་ ༡༦༤༠ ལོར་བེ་རི་རྒྱལ་པོ་ཕམ་ཉེས་སུ་བཏང་བ་མ་ཟད། ཕྱི་ལོ་ ༡༦༤༢ ལོར་གནམ་སའི་དབང་ཕྱུག་བོད་བཙན་པོའི་རྒྱུན་འཛིན་ཆོས་རྒྱལ་གཙང་བ་ཡབ་སྲས་ཕམ་པར་བརྒྱབས་ཏེ། བོད་མགོ་སོག་པོས་བླངས་བའི་དྲན་རྟེན་དུ་བོད་དབུས་ཀྱི་ལོ་སར་སྐབས། ལུག་མགོ་བཤམ་ནས་སོག་རྒྱལ་གུ་ཤྲི་ལ་རྗེས་དྲན་བྱེད་དགོས་པའི་སྲོལ་ངན་འདི་དར་ཁྱབ་བྱུང་བ་རེད།
དེའི་ཁུངས་ནི། ཡོངས་གྲགས་སྨོན་འགྲོ་ལོ་ཙཱ་བའམ། ཚེ་དབང་དོན་གྲུབ་བབ། མིང་གཞན་དབང་རྒྱལ་རྡོ་རྗེ། ཕྱིས་སུ་༧རྒྱལ་དབང་ལྔ་བའི་རིག་གནས་དགེ་རྒན་དུ་བཞུགས་པ་དེས་བརྩམས་པའི་རྒྱལ་དབང་ལྔ་བའི་རྣམ་ཐར་དུ། སོག་པོ་གུ་ཤྲི་ཡིས་བོད་མགོ་བཅད་པའི་སྐོར་བཤད་སྐབས། “ནུབ་གཅིག་མནལ་ལམ་དུ། ལུག་བཅུའི་ཤ་ཚང་མར་ལྷ་སའི་ཚོགས་ཁྲོ་ཆེན་མོའི་ནང་དུ་བཙོས་ཤིང་། སྣོད་ཀྱི་གཞོང་པ་ཞིག་མ་རྙེད་པར་རས་དཀར་གཙང་མ་ཞིག་གི་ཁུད་དུ་བཀྲམ་སྟེ། ལུག་ཤ་བཅུ་པོ་དང་། མགོ་གཅིག་ནི། བོད་གངས་རིའི་ཕྲེང་བའི་བསྐོར་བའི་ལྗོངས་འདིའི་བསོད་ནམས་ཀྱི་མགོན་དུ་འཁྲུངས་ཤིང་། ཆོས་དང་འཇིག་རྟེན་གྱི་མཛད་འཕྲིན་དབྱར་མཚོ་ལྟར་འཕེལ་བའི་སྡེ་པ་ཕྱག་མཛོད་འདི་ཉིད་ཀྱི་ཕྱག་ཏུ་ཕུལ་ནས་ཁྱོད་ལ་མགོ་མང་བ་འདི་མི་དགའ། མགོ་གཅིག་དང་ཤ་འདི་ཀུན་གྱི་༼གྱིས་༽རྒྱལ་བ་ཐམས་ཅད་མཁྱེན་པའི་ཞབས་ཏོག་མཛོད། མགོ་མང་པོ་འདི་ངས་ཟ་གསུང་ཤིང་། འདི་ཡང་རྨི་ལམ་ཡིན་ནའང་། འདི་ལུག་མིན་ཏེ། ལུག་བཅུ་པོ་ནི། མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་གསུམ་དང་བཅས་པ་བཅུ་པོ་ཡིན་གསུང་བ་དང་མནལ་སད་བྱུང་སྐུ་གཞོགས་གྱི་༼ཀྱིས་༽འཁོར་ཚོགས་རྣམས་ལ་གསུང་འདུག་ཨ།”ཞེས་བཤད་པ་ལྟར། སོག་པོའི་ཇག་དཔོན་གུ་ཤྲི་ཡིས་བོད་ཡུལ་གྱི་རྒྱལ་པོ་ཆེན་པོ་རྣམ་གཉིས་ཏེ་བེར་གཙང་གཉིས་ཕམ་ཉེས་སུ་བཏང་། བོད་བཙན་པོའི་རྒྱལ་རབས་མིང་གི་ལྷག་མར་བྱས་ནས། ཡ་ང་བའི་དམར་གསོད་ཆེན་མོའི་མཇུག་རེ་ཞིག་བསྡུས་ཏེ། བོད་མགོ་སོག་པོས་བཅད་པའི་དཔའ་བོའི་ལོ་རྒྱུས་རིང་མོ་གཏན་དུ་གནས་ཕྱིར། ཁོ་རང་གི་རྨི་ལམ་ལ་ཁ་གཡར་ཏེ། གཡོ་ཐབས་ཀྱིས་སོག་རྒྱལ་གྱི་བཀའ་དྲིན་རྗེས་སུ་དྲན་ཆེད། བོད་དབུས་ཀྱི་ལོ་སར་སྐབས་ལུག་མགོ་བཤམ་དགོས་པའི་སྲོལ་ངན་འདི་རྒྱལ་པོས་སྟོབས་ཤུགས་སྤྱད་ནས་དར་ཁྱབ་བཏང་བ་ཞིག་ཡིན་པ་ཤིན་ཏུ་གསལ།
སྲོལ་ངན་འདི་དང་བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ཅིག་ཅིག་ཉིག་ཉིག་འགོར་བར་རྗེས་དྲན་དང་། དགའ་འབོད་བྱེད་པ་གཉིས་ལ་ཁྱད་པར་སྤུ་ཙམ་མེད་དོ།།
དེས་ན་ད་ནས་བཟུང་བོད་ཀྱི་ལོ་སར་སྐབས། “ཕ་བསད་པ་ལ་རྒྱལ་རྔ་བརྡུང་།”ཟེར་བ་ལྟར་བོད་མགོ་སོག་པོས་བཅད་པའི་བཀའ་དྲིན་རྗེས་དྲན་མཚོན་སླད། བོད་ཀྱི་ལོ་སར་སྐབས་ལུག་མགོ་དང་ཕྱེ་མར་མཉམ་དུ་མཆོད་བཤམ་བྱེད་པའི་སྲོལ་ངན་འདི་ཉི་མ་དེ་རིང་ནས་བཟུང་། གད་སྙིགས་བཞིན་རིང་དུ་སྤོངས་པའི་ལས་ལ་ཞུགས་པར་ཤིན་ཏུ་སྤྲོའོ།།
ལོ་མགོ་ཧོར་ཟླས་འཛིན་པའི་ས་རྩིས་དང་།།
ལོ་སར་ལུག་མགོས་བསུ་བའི་དགེ་སྲོལ་གྱིས།།
ལོ་རྒྱུས་ཉོག་པོར་བཏང་བ་ཉུང་ཉུང་མིན།།
ལོ་ཆུང་གངས་ཕྲུག་དར་མས་ཤེས་པར་བྱོས།།
བོད་ཀྱི་ལོ་སར་ཆེད། ༢༠༢༡/ཟླ་ ༢/༨ ཉིན།
སྤྱིར་ལུག་མགོ་བཤམས་པའི་སྲོལ་ལུགས་ལ་བཤད་སྲོལ་དུ་མ་ཞིག་མཅིས་ནའང་། དེང་སང་ལུགས་དང་ལམ་སྲོལ་ལ་བསྟུན་པའི་འགྲོ་ལུགས་ལྟར་ན་ལུག་མགོ་ནི་བོད་སའི་འབྲོག་པའི་མཚོན་དོན་དུ་བཤམས་པ་དང་། དེ་བཞིན་སྔོ་མ་བཤམས་པ་ནི་རོང་པའི་མཚོན་དོན་ཡུན་པ་མ་ཟད་འབྲོག་པའི་ཕྱུག་ལ་འཕེལ་ཁ་དར་ཞིང་རོང་པར་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དང་བཀྲིས་པའི་མཙོན་དོན་ཆེད་ཡིན་པས་ན་དེ་ལྟར་རྙིང་པ་བདུད་དུ་བསམ་པའི་བསམ་བློ་དེ་འདྲ་ལར་ནས་དགོས་ནི་མ་རེད་ལ། དགོས་པའི་རྒྱུ་མཚན་ཡང་ཁྱོན་ནས་མི་འདུག
ལོ་སར་ལུག་མགོ་བཤམ་པའི་སྲོལ་ངན་སྤོངས། འདི་ནི་དེའི་དོན་ངོ་མ་གང་ཡིན་མི་ཤེས་པའི་དཀའ་ངལ་ཁོ་ན་ཡིན། གལ་སྲིད་སོག་པོས་བོད་མགོ་བཅད་པའི་དྲན་རྟེན་ཡིན་ན་མི་མགོ་ཅིག་བཞག་ན་འགྲིག་པ་མ་རེད་དམ། ངེས་པར་དུ་ལུག་མགོ་འཇོག་དགོས་དོན་གང་ཡང་མེད། འདི་ནི་བོད་མི་ཡོངས་ཀྱི་ཚོ་བརྟེན་ཞིང་འབྲོག་གཉིས་གཙོ་བོ་ཡིན་པས་ཞིང་པའི་མ་འོང་པར་སྟོན་ཐོག་ལེགས་པོ་ཡོང་ཆེད་ལོ་ཕུད་བཤམ་སྟེ་བརྟེན་འབྲེལ་གྲིག་པ་དང་། བོད་མི་ཡོངས་ཀྱི་གྱོན་ཆས་འགོ་ནས་རྐང་པ་བར་བལ་ལས་བཟོས་པ་ཤ་སྟག་ཡིན། ལུག་མགོ་དེ་ཡང་ལུག་གི་མགོ་ཙམ་ཡིན་པར་ལུག་ཐོག་པོ་ར་ཅོ་འཁྱིལ་སྡད་པ་དེ་སྒྲིག་བཤོམ་བྱས་པ་དེས་ལུ་གུ་མང་པོ་འཕེལ་སྐྱེས་བཏོང་ཐུབ་ཆེད་ལུག་མགོ་དེ་རྟེན་འབྲེལ་དུ་བཤམ་པ་ཡིན། ཁ་ལ་བཟའ་གྱུའི་འབྲུ་སྣ་གང་ལེགས་དང་། ལུས་ལ་གྱོན་རྒྱུའི་གྱོན་པ་གང་ལེགས་ཡོང་ཆེད་དུ་ཡིན།དེ་བོད་མིའི་དངོས་ཡོད་གནས་སྟང་ཞིག་ཡིན་པ་རང་གི་གོ་དོན་མ་རྟོགས་བཞིན་དུ་སྲོལ་ངན་དེ་སྤོངས་དགོས་ཟེར་བ་ནི་བོད་ཀྱི་ལོ་བརྒྱུད་དམའ་འབེབས་དང་མཐོང་ཆུང་ཁོ་ན་རེད་དོ།།
ཨ་མྱེས་བྲག་དཀར་ལགས་སུ།
ལུག་མ་དགོས་ལུག་གི་རིལ་མ་ཙམ་ཡང་མེད་སའི་རོང་བ་རྣམས་ཀྱིས། གལ་ཏེ་ལོ་ལེགས་རྟེན་འབྲེལ་སེམས་ཅན་གྱི་མགོ་བཤམ་ནས་བསྒྲིག་དགོས་ན། ཕག་མགོ་བཞག་ན་འོས་འཚམས་ཡིན། ད་ལྟའི་ཆར་ཡང་རོང་བ་རྣམས་ཀྱིས་ལོ་སར་ཚེས་གཅིག་ཉིན། ཕག་མགོ་དང་ཕག་སུག་ཟ་བཞིན་ཡོད།
རྐང་བཞིའི་ཁྱུ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་རྒྱས་ཤིང་། དེ་བས་ཀྱང་“བོད་མགོ་ནག་བསྟེན་ས་སྤུ་ནག་”ཟེར་བ་ལྟར། འབྲོག་པའི་ཕྱུགས་ཟོག་གི་འཕེལ་ཁ་མཚོན་བྱེད་གཙོ་བོ་ནོར་ནག་ཡིན་པ་ལས་ལུག་མ་རེད།
ཕག་ཤ་དུད་བསྲེག་ཟ་བའི་རོང་བ་དང་།།
ནོར་ཤ་འཁྱག་ཟ་བྱེད་པའི་འབྲོག་པ་གཉིས།།
ཁ་བའི་མི་རིགས་པ་ཡིན་པ་འདྲ་ན་ཡང་།།
ལོ་སར་ལུགས་སྲོལ་ས་དང་གནམ་གྱི་ཁྱད།།
བུད་ངག་དབང་བྱང་ཆུབ་ལགས།
སོག་ཇག་གུ་ཤིར་གྱིས་རྨི་ལམ་དུ། ལུག་མགོ་གཅིག་དང་ལུག་ཤ་བཅུ་རྨིས་ཡོད་པ་ལས། མི་མགོ་གཅིག་དང་མི་རོ་བཅུ་རྨིས་ཡོད་མ་རེད་ལགས། གནད་འགག་འདི་རེད། གསལ་བོར་ཤེས་འདོད་ན་སྨོན་འགྲོ་བས་བརྩམས་པའི་རྒྱལ་དབང་ལྔ་བའི་རྣམ་ཐར་ལ་གཟིགས་ཞུ། ཕྱོགས་སྔའི་ནམ་ལ་ལངས་གོང་། དགག་གཞག་གི་ཉི་མ་འཆར་ས་འགྲོ་ནི་མ་རེད་ལགས། ལོ་སར་བཟང་།
རིག་པའི་རྡོ་རྗེ་ལགས། གུས་པས་དེང་སང་དངོས་ཡོད་ལག་ལེན་ལྟར་སྟང་ཐོག་ནས་བཤད་པ་ལས། སོག་ཇག་གུར་ཤྲིའི་རྨི་ལམ་ལ་ལུག་མགོ་གཅིག་དང་ལུག་ཤ་བཅུ་ཟེར་བ་ཁྱེད་རང་ནས་ཆ་འཇོག་གནང་ན་ཁྱེད་རང་ཤེས། གུས་པས་སོ་སོའི་སྔར་ལུགས་གང་ཡོད་པ་དེར་ཆ་འཇོག་བྱས་པ་ལས་སོག་ཇག་གུ་ཤྲིའི་རྨི་ལམ་ལ་ཡང་དག་ཏུ་ཁས་ལེན་བྱ་དགོས་མེད། ལར་ནས་ཁྱེད་རང་ནས་ལོ་གསར་ཞེས་པ་དེ་ལ་ཡང་ལོ་སར་བྲིས་འདུག་པ་དེ་ཡང་དེང་དུས་སྔོན་གྱི་ཡིག་སྲོལ་ལ་མེད་པས་རིག་པ་དེ་ཡང་རྒྱལ་བ་ལྔ་པའི་རྣམས་ཐར་ལ་ལྟ་དགོས་སམ།
ད་ཁྱེད་རང་ག་རེ་གསུང་ན་བསུངས། ང་ལ་ལྟ་ལོང་མེད།།
བུད་དབང་ངག་དབང་བྱང་ཆུབ་ལགས།
ངས་ཁྱེད་ལ་བརྩི་བཀུར་བྱས་ནས་མཆན་ལན་ཕུལ་བར་ཁྱེད་དགའ་ན་འགྲིག་གི
གང་ལྟར་ངས་ལོ་སར་ཞེས་འབྲི་དོན་ནི། དག་ཡིག་ཁག་ཏུ་“སར་བ་དག་ལ་གང་ཡང་རུང་”ཞེས་གསར་བ་དང་སར་བ་གང་བྲིས་ན་ཆོག་ཚུལ་གསུངས་ཡོད་པ་མ་ཟད། བརྗོད་བདེའི་དབང་དུ་བྱས་ན་ “ལོ་སར་” “གནམ་ལོ་གསར་བ་”ཞེས་བྲིས་ན་དགེ་མཚན་ཆེ་བས་དེ་ལྟར་བསམ་བཞིན་དུ་བྲིས་པ་ཡིན་ལགས།
དེ་བས་ཁྱེད་ཀྱིས་ “ཚོ་བརྟེན་” “བཤམ་སྟེ་བརྟེན་འབྲེལ་གྲིག་” “འགོ་” “བཟའ་གྱུའི་” “གནས་སྟང་” “བོད་ཀྱི་ལོ་བརྒྱུད་” “ལག་ལེན་ལྟར་སྟང་” “རྒྱལ་བ་ལྔ་པའི་རྣམས་ཐར་” ཟེར་བ་འདི་དག་དངོས་གནས་ཁྱེད་ཀྱི་རྣམ་དཔྱོད་ལས་ཐོན་པའི་རིག་གསར་ཞིག་ཡིན་པ་འདྲ་ལགས། བཀའ་དྲིན་ཆེ་ལགས།
ལུག་མགོ་ལོ་གསར་བཤམས་པ་དེ་གཅིག་པུས་ནོངས་དགོས་པ་མེད། ལུག་མགོ་གདོད་མ་ནས་ད་བར་བོད་མིས་ལོ་གསར་ལ་མཆོད་པར་བཤམས་དགོས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཞིབ་མོར་བལྟ་དགོས་པ་དེ་ཡིན། དེ་མཚུངས། དེ་ལས་ཀྱང་གནད་ཆེ་བ། རྨ་ཁ་ཆེ་བ། “ཆོལ་ཁ་གསུམ་” ཟེར་བ་དེ་ཡང་སོག་པོས་བོད་བཙན་བཟུང་རྗེས་བོད་དང་བོད་པ་དུམ་བུར་བཏང་ནས་བཞག་པའི་ལྟས་ངན་གྱི་ལག་རྗེས་ཤིག་རེད། དགྲ་བོས་བཞག་པའི་དུག་ལྟ་བུའི་ལག་རྗེས་ངན་པ་འདི་ཡི་ལོ་རྒྱུུས་ཀྱི་བརྒྱུད་རིམ་ལ་ཡང་ལེགས་པར་སོམས་དང་། བོད་མི་ཚོས་དེ་བརྗེད་པ་ཡིན་ནམ། མི་ཤེས་པ་ཡིན་ནམ། གང་ལྟར། དུས་རབས་ ༡༣ – ༡༤ ནས་དགྲ་བོ་སོག་པོས་བཙན་འགེལ་གྱིས་བཞག་པའི་བོད་དུམ་བུ་གསུམ་དུ་བཏང་ནས་ “ཆོལ་ཁ་གསུམ” ཟེར་བའི་བརྡ་དོན་འབྲུ་གསུམ་ཕྲག་ཐིག་མ་འདི། དུས་ད་ལྟ་ཡང་། ང་ཚོ་བོད་མི་ཚོས་ལུང་ཚན་དང་ཕ་ཡུལ་གྱི་ལར་རྒྱ་གོ་ལྡོག་ཞིག་ལ་ཞེན་ཆགས་ཀྱིས་རིན་ཐང་ཆེན་པོ་སྦྱིན་ནས། རང་གི་རྒྱན་དུ་བཟུང་། གཙུག་ཏུ་བཀུར། དགའ་དགའ་སྤྲོ་སྤྲོ་བྱས་ནས་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་ཨ་ན་མ་ན་རེད། ཨ་ཁ་ཁ། ཅི་དྲག ལོ་རྒྱུས་དེའི་བརྒྱུད་རིམ་ལ་སློབ་སྦྱོང་གནང་དང་། སོམས་དང་། བོད་པ་ཚང་ངོ་ནོངས་སོང་། ད་དུང་། གཞུང་དམངས་ཀྱི་ལོ་གསར་ཧོར་ཟླ་དང་པོ་ནས་བརྩི་སྲོལ་བྱུང་བ་འདི་ཡང་། སོག་པོས་བསྟེར་བའི་དམར་དམར་ཕྲག་གི་ལག་རྗེས་ཤིག་ལ་བོད་པས་དགའ་དགའ་སྤྲོ་སྤྲོ་གཏོང་མགོ་བྱས་པ་ཞིག་ཡིན་ན་ནི། སུ་ཞིག་གིས་བསམ་བཞིན་དུ་ལོ་རྒྱུས་ལ་གཡོ་ཟོལ་གྱིས་ལམ་སྲོལ་འདི་བཙུགས་པ་ཞིག་ཡིན་ནམ། མདོར་ན། བོད་མིའི་ལུགས་སྲོལ་དང་གོམས་སྲོལ་མང་པོ་ཞིག་ལ་དཔྱད་ཡོང་ན། ལོག་ལམ་མང་པོ་ཡོད་པ་ཡིན་ས་རེད། དུས་རབས་ཉེར་གཅིག་གི་མིག་ཤེལ་བརྒྱུད་ལམ་ནས་བལྟས་ན་མང་པོ་ཞིག་ལ་དཔྱད་དགོས་པ་མཐོང་། གང་ལྟར་རྒན་རབས་ཚོས་རང་རེའི་མི་རབས་གསར་པ་ཚོར་བོད་མིའི་ལམ་དང་ལུགས་སྲོལ་རྩིས་སྤྲོད་གནང་དུས་རྒྱུ་མཚན་ཡང་དག་ཅིག་གི་ཐོག་རྩིས་འབུལ་ཞུ་རོགས་གནང་།།
མཆན་བདུན་པ་ལ་རྒྱབ་སྐྱོར་ཡོད་།
འདས་པའི་ང་ཚོ་བོད་ཀྱིས་རྒྱལ་རབས་ལོ་རྒྱུས་ལ་སྙིགས་དོར་བཅུད་ལེན་མ་ཐུབ་ཚེ་སོག་བདུད་ཀྱིས་ཆབ་སྲིད་ནག་པོའི་ངན་ཇུས་འོག་ནས་མ་འོངས་བོད་མི་རིགས་ཀྱི་ཆིག་བསྒྲིལ་ལ་ཉམས་ཆགས་གཏོང་སྲིད་པ་མ་རེད་དམ?
ལོ་གསར་དུ་ལུག་མགོ་བཤམས་པའི་ལུག་སྲོལ་བྱུང་སྟངས་ཡིན་ན་རེད། ༥༩ ལོར་རྒྱ་མིས་བོད་ཆོལ་གསུམ་དབང་དུ་འདུས་སྟངས་ཡིན་ན་རུང་། བོད་པས་ནས་ནས་རྩམ་པ་གཅིག་པུར་བཟོ་རྒྱུ་ལས་གཞན་ཟ་ལམ་མ་ཤེས་པ་སོགས་གང་ཡིན་རུང་གཞན་ལ་ཕར་ཁག་བཙུགས་ནས་ནམ་འཁྱོལ་ཐབས་བྱས་པ་ལས་ཚུར་རང་ངོས་སུ་མཛུག་མོ་བཙུག་ནས་བསམ་ཞིབ་བྱས་ན་ཕལ་ཆེར་འདི་འདྲ་ཞིག་ཤེས་ངེས། ང་ཚོ་བོད་པ་སྲིད་དོན་གྱི་མཐུན་སྒྲིལ་མེད་པ། ཆོས་བྱེད་ཟེར་ནས་མི་རྒྱུ་གང་མང་བེད་སྤྱད་ནའང་འབྲས་བུ་ཉོན་མོངས་དུག་གསུམ་འཕེལ་ཐབས་ལས་སེམས་མ་དུལ་བས་ངའི་ཆོས་ལུགས་རྒྱལ་རྒྱུའི་སྒྲུབ་པ་སྦྱང་། གཅིག་འོག་གཅིག་གནོན་མ་ཐུབ་ལས་ཆོས་མིན་ལས་བསགས་རྒྱལ་ཁབ་སྟོར། ངས་བེ་རི་རྒྱལ་པོ་སྐོར་མི་ཤེས་པ་དྲ་ལམ་ལས་ཞིབ་སྐབས་ཤོ་ལོ་མང་པོ་ཀློག་མི་དགོས་པར་བསྡོམ་ཕྲན་བུ་རྒྱབ་ཐུབ་པ་དེ་བོན་ཆོས་དར་ཁྱབ་ཡོང་ཆེད་ཆོས་ལུག་གཞན་གནོན་པས་ལས་ངན་གྱི་རྐྱེན་ལས་སོག་པོས་དམག་རྒྱབ་སྐོར་གསལ་འདུག བེ་རི་བ་དང་དེ་བཞིན་ཁྱེད་ཀྱི་ཚད་འཛིན་ཞུ་ཡུལ་སྨོན་འགྲོ་མཆོག་ཀྱང་དེ་འདྲ་ཞིག་ངེས་ཆོག་པ།
རྒྱུ་མཚན་ལས་ཞུས་ན་སོག་པོ་གུར་ཤྲི་ལ་གཡོ་ཐབས་ཀྱི་པུ་གུའི་རྨི་ལམ་སྒྲུང་ཤོད་མི་དགོས་པར་དོན་དངོས་སུ་བོད་ཆོལ་གསུམ་དབང་བསྒྱུར་བྱེད་རྒྱུའི་ནུས་པ་དམག་འབོར་ནི་འདུག ཡིན་ཀྱང་དེ་རྗེས་ད་ལྟ་ང་ཚོས་ངོས་ལེན་བྱེད་པའི་བོད་སྤྱི་ལ་དབང་པའི་གཞུང་དགའ་ལྡན་ཕོ་བྲང་དེ་ ༡༦༤༢ ནང་གུར་ཤྲིས་ནུས་པས་བྱུང་མ་རེད་དམ།
བོད་ཆོལ་གསུམ་དེས་ཕན་ལས་གནོད་མི་མཐོང། ཆོལ་གསུམ་ཞུ་དུས་དབུས་གཙང་། མདོ་སྟོད་དང་མདོ་སྨད་ཅེས་རྒྱ་ཆེ་ས་ནས་རྩིས་ཆོག་འདུག དེ་མིན་དབུས་པ། གཙང་པ། མདོ་སྨད་པ། མདོ་སྟོད་པ་ཅེས་དུམ་བུ་བཞིའམ་དེ་ལས་མང་བ་གྱར་ངལ།
ལུག་མགོ་བཞག་དང་ལུག་ཆ་ཚང་གི་འདྲ་བཤམས་ལ་ཁྱད་ཅི་ཡོང་། ལུག་དེ་བོད་པའི་སེམས་ཅན་ནང་ནས་ཕན་ཆེ་ཤོས། དེ་བས་འབྲོག་པ་ཚོས་གྲངས་མང་གསོ་བས་དཀར་ཁྲི་ནག་སྟོང། དེ་བཞིན་བོད་ཀྱི་ས་བབས་ལ་ཞིབ་པས་སེམས་ཅན་ཁོར་ཡུག་ཏུ་རན་ཤོས་ཀྱང་ཡིན་སྲིད། མི་འབོར་ཆ་ནས་ཀྱང་བོད་ཀྱི་མི་འབོར་ཕྱེད་ལས་མང་ཙམ་གྱི་བདེ་དོན་དེར་ཐུག གཡང་ལྡན་དུ་རྩིས་པའི་གཡང་དཀར་ལུག་གུ་མི་ཟེར་རམ། དེ་ན་རྒྱུ་མཚན་དེ་དག་ལས་ལོ་གསར་དུ་གཤམས་པའི་མོས་པ་ཞུས་ནའང་ཅི་མི་འཐུས།
བོད་གངས་པ་སེམས་བྱང་ཆུབ་ཅན་ཞིག་ཡིན་ཡང་ལོ་གསར་མཆོད་པར་ར་མགོ་ལུག་མགོ་མཆོད་པར་
ཕུལ་བ་ཡ་རེ་མཚན་རེད།
དེ་ཡིན་ན་གླང་མགོ་དང་སྒོ་ཕྱུག་། མ་ཡེ་མགོ་བོ་སོ་གས་སེམས་ཅན་གཞན་གྱི་མགོ་བོ་ཡང་མཆོད་པར་
གཤམ་ཆོག་པ་མ་ཡིན་ནམ།ི
རྒྱུ་མཚན་གསལ་བཤད་ཡོད་ན་འདིར་བཤད་རོགས་གནང།
ང་ཚོ་བོད་ལ་གློའུ་འདི་འདྲ་མང་དྲག་ནས་ཚད་འདིར་ལྷོང་བ་རེད། ངོ་མས་ངོ་ཚ་རེད། ངོ་མས་མི་འདིའི་རིགས་ལ་སྐྱགས་དྲི་ཁ་གིས།
བེ་རི་བ།་་་ཐུགས་རྗེ་ཆེ།་་དེ་ག་རང་རེད།་་སྲོལ་ངན་ལུག་མགོ་མཤམས་པ་འདི་མེད་པར་བཟོ་དགོས།་་ཁམས་དང་ཨ་མདོ་ན་འདི་འདྲ་བཤམས་པའི་ལུགས་སྲོལ་ཁྱོན་ནས་མེད།་་་་ཕྱེ་མ་ཟེར་པའི་བཤམས་པའི་ལུགས་སྲོལ་ཡང་ཁྱོན་ནས་མེད།
སོག་དམག་གིས་དབུས་གཙང་བཅོམ་པའི་སྐབས་སུ་མོ་རིགས་ཐམས་ཅད་ལ་བཙན་གཡམ་དང་།་་་་་ར་སྒྲེང་དགོན་པ་གཅིག་པོ་ནས་གྲ་པ་ལྔ་བརྒྱ་ཡི་སྐེ་བཅད་་པ་ལ་བལྟས་ན་ཕལ་ཆེར་སོག་ལུགས་རེད་བསམ་བསམ་འདུག
༄༅། བོད་གངས་ཅན་ཡུལ་དེ་བྱམས་བརྩེ་ཅན། འཚེ་མེད་བྱམས་ལྡན་ཡིན་པ་ཡོངས་གྲགས་རེད།
ལོ་གསར་པ་ཤར་བའི་དུས་སྐབས་སུ། ལུག་བསད་ཀྱིས་མགོ་བོ་མཆོད་ཕུལ་དེ།
མདོ་གཞུང་ལུགས་ནང་དུ་ཡོད་མི་སྲིད། འདི་ག་དུས་དར་རམ་གསལ་བཤད་གཅིག།
སུས་གནང་ཡང་ཁྱེད་པར་མ་མཆིས་པས། ཁུངས་ལུང་དང་ལྡན་ཞིག་ཡོད་ན་གསུང།
སྔ་དུས་སྲོག་པོའི་རིག་གཞུང་བོད་ལ་དར་།
དེང་དུས་ནུབ་ཕྱོགས་རིག་གཞུང་བོད་པས་སྲུང་།
རང་གི་སྐད་ཡིག་རིག་གཞུང་ཉམས་ཆགས་བཏང་།
བོད་མིའི་ལས་དབང་རི་མཐོའི་དར་ལྕོག་འདྲ་།
ཤར་རླུང་རྒྱབ་ན་ནུབ་ལ་ཡོ་།
ནུབ་རླུང་རྒྱབ་ན་ཤར་ལ་ཡོ་།
ལྷོ་རླུང་རྒྱབ་ན་བྱང་ལ་ཡོ་།
བྱང་རླུང་རྒྱབ་ན་ལྷོ་ལ་ཡོ་།
ཧོབ་རླུང་རྒྱབ་ན་དར་ཤིང་ཆག་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་ངོ་མ་བཤད་ཡོད་དོ་།
(མཆན་ ༧ པར་དག་བཅོས་)
ལུག་མགོ་ལོ་གསར་ལ་བཤམས་པ་དེ་གཅིག་པུས་ནོངས་དགོས་པ་མེད། ལུག་མགོ་གདོད་མ་ནས་ད་བར་བོད་མིས་ལོ་གསར་ལ་མཆོད་པར་བཤམས་དགོས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ཞིབ་མོར་བལྟ་དགོས་པ་དེ་ཡིན། དེ་མཚུངས། དེ་ལས་ཀྱང་གནད་ཆེ་བ། རྨ་ཁ་ཆེ་བ། “ཆོལ་ཁ་གསུམ་” ཟེར་བ་དེ་ཡང་སོག་པོས་བོད་བཙན་བཟུང་བྱས་རྐྱེན་བོད་དང་བོད་པ་དུམ་བུར་བཏང་ནས་བཞག་པའི་ལྟས་ངན་གྱི་ལག་རྗེས་ཤིག་རེད། དགྲ་བོས་བཞག་པའི་དུག་ལྟ་བུའི་ལག་རྗེས་ངན་པ་འདི་ཡི་ལོ་རྒྱུུས་ཀྱི་བརྒྱུད་རིམ་ལ་ཡང་ལེགས་པར་སོམས་དང་། བོད་མི་ཚོས་དེ་བརྗེད་པ་ཡིན་ནམ། མི་ཤེས་པ་ཡིན་ནམ། གང་ལྟར། དུས་རབས་ ༡༣ – ༡༤ ནས་དགྲ་བོ་སོག་པོས་བཙན་འགེལ་གྱིས་བཞག་པའི་བོད་དང་བོད་པ་དུམ་བུ་གསུམ་དུ་བཏང་ནས་ “ཆོལ་ཁ་གསུམ” ཟེར་བའི་བརྡ་དོན་འབྲུ་གསུམ་ཁྲག་ཐིག་མ་འདི། དུས་ད་ལྟ་ཡང་། ང་ཚོ་བོད་མི་ཚོས་རང་གི་ལུང་ཚན་དང་ཕ་ཡུལ་གྱི་ལར་རྒྱ་གོ་ལྡོག་ཞིག་ལ་ཡང་དག་པར་རྩིས་པ་མ་ཟད། དེ་ལ་ཞེན་ཆགས་ཀྱིས་རིན་ཐང་ཆེན་པོ་སྦྱིན་ནས། རང་གིས་རྒྱན་དུ་བཟུང་། གཙུག་ཏུ་བཀུར། གཞན་ལ་སྤེལ། མི་རབས་གསར་པར་སྦྱིན། དགའ་དགའ་སྤྲོ་སྤྲོ་བྱས་ནས་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་ཨ་ན་མ་ན་རེད། ཨ་ཁ་ཁ། ཅི་དྲག ལོ་རྒྱུས་དེའི་བརྒྱུད་རིམ་ལ་སློབ་སྦྱོང་གནང་དང་། སོམས་དང་། བོད་པ་ཚང་ངོ་ནོངས་སོང་། ད་དུང་། གཞུང་དམངས་ཀྱི་ལོ་གསར་ཧོར་ཟླ་དང་པོ་ནས་བརྩི་སྲོལ་ཡོད་པ་འདི་ཡང་། སོག་པོས་བསྟེར་བའི་དམར་དམར་ཁྲག་གི་ལག་རྗེས་ཤིག་ཡིན་པ་ལ་བོད་པས། ལོ་གསར་པ་ཧོར་ཟླ་ཚེས་པ་ཞེས། དགའ་དགའ་སྤྲོ་སྤྲོ་གཏོང་མགོ་བྱས་པ་ཞིག་ཡིན་ན་ནི། སུ་ཞིག་གིས་བསམ་བཞིན་དུ་བོད་མིའི་ལོ་རྒྱུས་ལ་གཡོ་ཟོལ་གྱིས་ལམ་སྲོལ་འདི་བཙུགས་པ་ཞིག་ཡིན་ནམ། མདོར་ན། བོད་མིའི་ལུགས་སྲོལ་དང་གོམས་སྲོལ་མང་པོ་ཞིག་ལ་ལེགས་པར་དཔྱད་ཡོང་དུས། གཞན་གྱིས་སྦྱོར་སྤྲོད་བྱས་པའི་ལོག་ལམ་མང་པོ་ཞིག་ལ་བོད་མིས་ལུགས་སྲོལ་བཟང་པོ་ཞིག་ཡིན་འཁུལ་དུ་རྒྱུན་འཁྱེར་ཡོང་བ་ཡིན་ས་རེད། དུས་རབས་ཉེར་གཅིག་གི་མིག་ཤེལ་བརྒྱུད་ལམ་དང་། རྒྱ་ཆེ་ས་ནས་བལྟས་ཡོང་ན་ལམ་དང་ལུགས་སྲོལ་མང་པོ་ཞིག་ལ་དཔྱད་དགོས་པར་མཐོང་། གང་ལྟར་རྒན་རབས་ཚོས་རང་རེའི་མི་རབས་གསར་པ་ཚོར་བོད་མིའི་ལམ་ལུགས་གོམས་སྲོལ་རྩིས་སྤྲོད་གནང་སྐབས་རྒྱུ་མཚན་ཡང་དག་ཅིག་ཤོད་རྒྱུ་དང་འགྲེལ་རྒྱུ་ཡོད་པའི་ཐོག་ནས་ལུགས་སྲོལ་དེ་དག་རྩིས་འབུལ་གནང་རོགས་གནང་།།
སྤྱི་ཚོགས་འཕེལ་རིམ་ལ་འགན་ཁུར་ནས་རིག་གཞུང་ལ་སྙིགས་དོར་བཅུད་ལེན་མ་ཐུབ་ཚེ་རྗེས་ལུས་ནས་ཡང་ལུས་དུ་ལྷག་སྲིད་པ་མ་རེད་དམ་?