ཁ་བའི་རྣམ་ཤེས།
ལྷུན་གྲུབ་སྐུ་གསུམ་དཔལ་འབར་རྡོ་རྗེ་འཆང།།
ཁ་སྦྱོར་ཡན་ལག་བདུན་ལྡན་རྫོགས་སངས་རྒྱས།།
རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན་པོ་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
འོད་གསལ་བདེ་བ་ཆེན་པོའི་གཞལ་ཡས་སུ།།
བདུད་བཞིའི་སྲོག་ལ་རྔམ་པའི་སྡིགས་མཛུབ་ཅན།།
དངོས་གྲུབ་ཀུན་འབྱུང་རྩ་བརྒྱུད་བླ་མ་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
ཀུན་བཟང་ཆོས་དབྱིངས་གདོད་མའི་ཕོ་བྲང་དུ།།
བདེ་ཆེན་དགའ་བའི་ཉམས་ཀྱི་ལང་ཚོ་འབར།།
ཡིད་དམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
སྤང་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང་།།
ལུང་དང་རྟོགས་པའི་ཐེག་གསུམ་དམ་པའི་ཆོས།།
རིགས་གསུམ་འཕགས་པའི་དགེ་འདུན་ཐམས་ཅད་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
བདེ་བའི་མཆོག་གྱུར་ཟག་མེད་བདེ་བའི་གཏེར།།
བདེ་ཆེན་ལམ་བཟང་སྒྲུབ་ལ་གྲོགས་མཛད་པའི།།
བདེ་སྟོང་མཉམ་སྦྱོར་དཔའ་བོ་མཁའ་འགྲོ་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
འཇིག་རྟེན་དབང་ཕྱུག་མ་རུང་འདུལ་བའི་ཕྱིར།།
དྲག་ཏུ་ཁྲོས་པ་ལེགས་ལྡན་ནག་པོའི་སྐུ།།
བླ་མགོན་དབྱེར་མེད་འཁོར་དང་བཅས་པ་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
ཁྲག་ཞག་རྒྱ་མཚོ་འཁོལ་བའི་ཀློང་དཀྱིལ་ན།།
མྱུར་མགྱོགས་དྲེའུར་ཞོན་པའི་དྲག་མོའི་སྐུ།།
མ་གཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ལ།།
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་སྙིལ།།
མཚོ་སྐྱེས་རྡོ་རྗེའི་བཀའ་ལུང་གསེར་གྱི་རྒྱན།།
རལ་པའི་ཐོད་དུ་བཅིངས་པའི་མཐུ་རྩལ་ཅན།།
པེ་ཧར་རྒྱལ་པོ་འཁོར་དང་བཅས་པ་ལ།།
གསོལ་ལོ་མཆོད་དོ་དགེ་ལེགས་ཆར་དུ་སྙིལ།།
ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་སོགས།།
བོད་ཁམས་སྐྱོང་བའི་ལྷ་ཀླུ་གཞི་བདག་དང་།།
སྐྱེས་ལྷ་ཡུལ་ལྷ་དགྲ་ལྷའི་ཚོགས་རྣམས་ལ།།
གསོལ་ལོ་མཆོད་དོ་དགེ་ལེགས་ཆར་དུ་སྙིལ།།
མདོར་ན་ས་དགེ་བཀའ་རྙིང་བོན་དང་བཅས།།
གངས་ཅན་མེས་པོས་མཆོད་ཅིང་བསྒྲུབས་པ་ཡི།།
མགོན་བའི་ལྷ་དང་སྲུང་མ་ཐམས་ཅད་ལ།།
མཐུ་དང་ནུས་པ་ཇི་སྙེད་མཆིས་པ་དེས།།
ཚེ་བསོད་རླུང་རྟ་ཡར་ངོའི་ཟླ་ལྟར་འཕེལ།།
འདོད་དགུ་འབྱོར་བ་དབྱར་མཚོ་བཞིན་དུ་རྒྱས།།
ཕུན་ཚོགས་བདེ་སྐྱིད་ལྷ་ཡི་དཔལ་ལ་འགྲན།།
བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།
ལྷག་བསམ་ཉ་གང་ཟླ་བའི་དཀྱིལ་འཁོར་དུ།།
གཞན་ཕན་ག་བུར་ཞུན་མའི་རླབས་ཕྲེང་ཅན།།
གདོང་དམར་ཁ་བ་ཅན་པའི་རིགས་རྒྱུད་ལ།།
རྣམ་དཀར་ལས་སྨོན་ཇི་སྙེད་མཆིས་པ་དེས།།
གངས་ཅན་མགོན་པོའི་སྐུ་ཚེ་མཛད་འཕྲིན་རྒྱས།།
གངས་ལྗོངས་རྒྱལ་བསྟན་ཡར་ངོའི་ཟླ་ལྟར་འཕེལ།།
གངས་ཅན་པ་རྣམས་ཕུ་ནུ་བཞིན་དུ་མཐུན།།
གངས་ལྗོངས་སླར་ཡང་དར་བའི་བཀྲ་ཤིས་ཤོག།
ངོ་མཚར་རྨད་བྱུང་གྲུ་འཛིན་གཉིས་པའི་ཞིང།།
ཞིང་གི་བདག་པོ་རྒྱལ་ཀུན་སྙིང་རྗེའི་ལྷ།།
ལྷ་གཅིག་ཕྱག་ན་པདྨོའི་འཕྲིན་ལས་འོད།།
འོད་དཀར་ས་སྟེང་ཁྱབ་པའི་བཀྲ་ཤིས་ཤོག།
ཡངས་པའི་འཇིག་རྟེན་སྤྱི་དང་ཁ་བའི་ལྗོངས།།
བསྟན་པ་་སྤྱི་དང་རྣམ་འདྲེན་བཞི་པའི་ལུགས།།
སྐྱེ་འགྲོ་ཡོངས་དང་ཁྱད་པར་གདོང་དམར་བ།།
དར་རྒྱས་ཡུན་དུ་གནས་པའི་བཀྲ་ཤིས་ཤོག།
སྙིང་གི་ཁུང་བུར་མཎིའི་རི་མོ་བྲིས།།
ཁྲག་གི་ཐིགས་པར་སྙིང་རྗེའི་དྲོད་ཀྱིས་བརླན།།
རུས་པའི་གསེང་དུ་གནའ་བོའི་ལོ་རྒྱུས་འཁོད།།
གདོང་དམར་འཁྱམས་པོ་ཞིག་གིས་འདི་ལྟར་སྨོན།།
སྨྲས་པ།
ལྷག་བསམ་གངས་ཀྱི་རི་ལ་གནས་བཅས་ཤིང་།།
ཉམས་འགྱུར་ཡན་ལག་བརྒྱད་ལྡན་གངྒཱའི་ཆབ།།
རྣམ་དཔྱོད་རལ་པའི་ཁུར་འཆང་ཆབ་བྲག་བ།།
གང་གི་བཀའ་དྲིན་དྲན་བཞིན་འདི་ཡང་སྤེལ།།
༄༅། བོད་གནམ་ལོ་གསར་པའི་དགའ་སྟོན་ལ།
རྗེ་བླ་མ་སྐུ་ཚེ་བརྟན་པར་སྨོན།
བོད་གཞིས་བྱིས་མཉམ་འཛོམས་ཡོང་བར་སྨོན།
རྒན་བར་གཞོན་གསུམ་སྐུ་ཁམས་ཡོང་བར་སྨོན།
འགྲོ་བ་སེམས་ཅན་ཐམས་བཅད་་སྡུག་བསྔལ་ལས་ཐར་བར་སྨོན།
བདེ་བའི་གནས་ལ་འགོད་པའི་སྨོན་ལམ་འདེབས།
བཀྲིས་ཤོག་ཕུན་གསུམ་ཚོགས་པའི་སྨོན་ལམ་འདེབས།
༄༅། ཆོས་དང་སྲིད་ཀྱི་གཙུག་ལག་གཉིས་ལ་མཁས།
བསླབ་གསུམ་ཡོན་ཏན་གཙང་མས་ཐུགས་རྒྱུད་གཙང།
མཛད་པ་འཕྲིན་ལས་ས་ཕྱོགས་ཀུན་ལ་དར།
བསྟན་འགྲོའི་མགོན་དུ་སྐུ་ཚེ་རབ་བརྟན་ཤོག།
ང་ཚོའི་ལོ་གསར་ལ་། གནམ་ལོ་ཟེར་བའི་ཐ་སྙད་དེའི་གོ་དོན་གང་ཡིན་ཟུར་གནས་མཁས་པ་ཚོའི་འབྲེལ་བཤད་གནང་རོགས་།
གཞུང་པ་ཚེ་དབང་བསོད་ནམས་ལགས།གནམ་ལོ་ཞེས་བརྗོད་སྲོལ་འདིར་ལོ་རྒྱུས་ཁུངས་ལྡན་མི་ཤེས་ཀྱང་།བསམ་ཚུལ་ཆུང་ངུ་ཞིག་ཞུས་ན།གནམ་ནི་སྟེང་ཕྱོགས་ལྷ་ཡུལ་ལ་གོ་རྒྱུ་ཡོད་པ་ཞིག་དང་།རྒྱལ་པོ་ལྷ་རུ་བརྩི་བཀུར་ཞུ་སྲོལ་འདི་དང་འབྲེལ་ནས་རྒྱལ་ལོ་དང་གནམ་ལོ་གཉིས་དོན་གཅིག་ཏུ་གོ་དགོས་སྙམ།བསམ་ཚུལ་ཙམ་ཡིན།ལོ་རྒྱུས་ཁུངས་ལྡན་མཁྱེན་མཁན་རྣམས་ཀྱིས་འགྲེལ་བརྗོད་གནང་རོགས་ཞུ།🙏🏽🙏🏽🙏🏽
ཁ་བའི་རྣམ་ཤེས་ལགས་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་།