ཆང་སྐྱེས།
ཐུབ་པའི་དབང་པོ་གང་གི་ཐུགས་ཀྱི་སྲས།།
འཛམ་གླིང་སྐྱེ་འགྲོ་མ་ལུས་ཀུན་གྱི་མགོན།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།
འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག།
སྟོང་ཕྲག་ཉི་མ་འབར་བའི་གཟི་བྱིན་ཅན།།
གངས་དཀར་རི་བོོ་རྩེ་ནས་འཛུམ་ཙམ་གྱིས།།
ཐུགས་རྗེའི་འོད་ཟེར་སྲིད་གསུམ་མཁའ་ལ་ཁྱབ།།
ཤཱཀྱའི་དགེ་སློང་གངས་རིའི་མགོན་པོ་མཆོག།
བྱམས་བརྩེ་འཛུམ་གྱིས་ཁེངས་པའི་བདག་ཉིད་ཅན།།
ལྷོ་ཕྱོགས་འཛམ་བུ་གླིང་གི་ཡང་རྩེ་ནས།།
ཐུགས་རྗེ་སྤྱན་གྱིས་འགྲོ་དྲུག་ཡོངས་ལ་གཟིགས།།
སེང་གེ་དཀར་མོའི་ཁྲི་ལ་རབ་འགྱིངས་པའི།།
སྙིང་རྗེ་སྣུམ་གྱིས་ཕྱུག་པའི་སྤྲུལ་བའི་སྐུ།།
གསུང་དབྱངས་ངག་གི་འགྱུར་ཁུགས་རེ་རེ་ཡིས།།
མ་ལུས་འགྲོ་བའི་སྡུག་བསྔལ་རིང་དུ་སེལ།།
ཁྱོད་སྐུའི་ཉིན་བྱེད་དབང་པོའི་ཕྱོགས་ངོས་སུ།།
བསྟོད་ཚིག་མེ་ཏོག་ཕྲེང་བའི་མཆོད་པ་འབུལ།།
སྲིད་པའི་སྐལ་བ་མ་སྟོང་བར་ཏུ་ནི།།
སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།།