དོན་འགྲུབ་བཀྲ་ཤིས།
དེ་རིང་འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ཞིག་ལ་སྐྱེ་དགུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག རྫ་རི་དཀར་མོའི་དགོང་ཚོགས་ཟེར་བ་ཞིག་གི་སྐད་འཕྲིན་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་བོད་མི་གསུམ་སྡོམ་མདའ་ནས་འཇུ་བཟུང་བྱས་ཏེ་སྐྱེ་དགུ་མདོའི་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡོད་ཀྱང་། དེ་ནས་བཟུང་ཁོང་གསུམ་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག
ས་གནས་བོད་མི་འགར་སྐད་ཆ་དྲིས་དུས་གཞུང་གི་བཀའ་བཀོད་ལྟར་ཚོགས་པ་བཙུགས་མེད་པ་དང་། ཚོགས་གཙོ་འཛིན་བཟུང་བྱས་པ་དེ་དངོས་ཡོད་ཡིན་ཡང་། རྒྱུ་རྐྱེན་ཁ་གསལ་བརྗོད་ཀྱི་མི་འདུག་ལ། འཛིན་བཟུང་བྱས་པའི་བོད་མི་གསུམ་དེ་རྫ་དམར་རུ་ཁག་དྲུག་པ་ནས་ཡིན་ཞིང་། བུ་མོ་སངས་རྒྱས་མཚོ་ལགས་རྒྱ་ནག་ཀང་ཏུང་ཞིང་ཆེན་གྱི་མཐོ་སློབ་ཅིག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ཡིན་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རྫ་རི་དཀར་མོ་ནི་ས་གནས་དེའི་བླ་རི་ཞིག་གི་མིང་ཡིན་པ་དང་། མིང་དེ་བཏགས་པའི་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་དེ་་ས་གནས་ཀྱི་འབྲོག་མི་ཁ་ཤས་ཤིག་གིས་ལོ་སར་སྐབས་དང་བསྟུན་ནས་གྲ་སྒྲིག་བྱས་པ་ཞིག་ཡིན་པ་དང་། སྐད་འཕྲིན་ཚོགས་པ་དེའི་ནང་མདོ་དབུས་ཁམས་གསུམ་ནས་བོད་མི་ ༢༤༠ ལྷག་ཡོད་འདུག ཚོགས་པ་དེ་འཛུགས་སྐབས་རྒྱ་ནག་གཞུང་གི་བཀའ་བཀོད་ལྟར་ས་གནས་དྲ་རྒྱའི་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱས་མེད་པ་དང་། གལ་སྲིད་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱས་ཚེ། ཚོགས་པའི་ནང་ངེས་པར་དུ་དོ་དམ་ལས་ཁུངས་ཀྱི་ལས་མི་ཞིག་ནང་འཇུག་བྱེད་དགོས་ཀྱི་ཡོད་འདུག
ལོ་སར་དང་བསྟུན་རྒྱ་ནག་གཞུང་གིས་ལོ་ལྟར་བོད་མིའི་འགྲོ་འོང་ལ་དམ་དྲག་དོགས་ཟོན་སྔར་ལྷག་བྱེད་བཞིན་ཡོད་པ་ལྟར། འདི་ལོར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོ་དང་ལྷག་པར་དུ་སྐྱེ་རྒུ་ཁུལ་དུ་འགྲོ་འོང་ལ་དམ་དྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ས་གནས་ཀྱི་མགྲོན་ཁང་ཞིག་གི་ཞབས་ཕྱི་མ་ཞིག་གིས་འདི་གའི་གསར་འགོད་པར། ས་གནས་དོ་དམ་ལས་ཁུངས་ནས་མགྲོན་ཁང་ཚང་མར་གཅིག་མཚུངས་ཀྱི་བཀོད་ཁྱབ་བཏང་སྟེ། ཐོབ་ཐང་ལག་ཁྱེར་སོགས་ཐོ་འགོད་གསལ་པོ་དགོས་པ་མ་ཟད། བོད་པ་ཞིག་ཡིན་ན་ཐོབ་ཐང་ལག་ཁྱེར་ཆ་ཚང་ཡོད་ནའང་ས་གནས་དོ་དམ་ལས་ཁུངས་ལ་ཁ་པར་བཏང་ནས་ཐོ་འགོད་ཆོག་མིན་ཐག་གཅོད་དགོས་ཀྱི་འདུག ལོ་རྟག་པར་ཕྱི་ཟླ་ ༢ པ་ནས་ ༤ པ་བར་དུ་དམ་དྲགས་བྱེད་ཀྱི་ཡོད་ཀྱང་། ད་ལོར་སྔར་དང་མི་འདྲ་བར་ཐོབ་ཐང་ལག་ཁྱེར་ཡོད་ནའང་ས་གནས་དོ་དམ་ལས་ཁུངས་ལ་ཡར་ཞུ་དགོས་སྐོར་བརྗོད་བྱུང་།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།