ཁ་བའི་རྣམ་ཤེས།
ཇི་ལྟར་རྒྱ་མཚོར་གནས་པའི་ཀླུ་ཡི་ཚོགས།།
སྲུང་ཞིང་སྐྱོང་ལ་གཙུག་ན་རིན་ཆེན་གྲགས།།
དེ་ལྟར་བསྟན་འཛིན་ཀུན་གྱི་མགོན་གྱུར་པ།།
༧སྐྱབས་མགོན་བླ་མས་ཁྱོད་ལ་སྲུང་གྱུར་ཅིག།
ཇི་ལྟར་རྒྱ་མཚོ་ཆེ་ལས་ཆུ་འཛིན་དང་།།
དེ་ཡིས་ཆར་འབེབས་ཆར་གྱིས་ལོ་ཏོག་རྒྱས།།
དེ་ལྟར་གང་གི་དམ་ཆོས་བདུད་རྩི་ཡིས།།
བདག་གཞན་སྨིན་ཅིང་གྲོལ་བའི་ཤིས་པ་སྩོལ།།
ཇི་ལྟར་རྒྱ་མཚོ་ཆེན་པོས་ཆུ་ཕྲན་དག།
འོབས་སུ་དྲངས་ཏེ་དེ་དང་དབྱེར་མེད་འདྲེས།།
དེ་ལྟར་བདག་བློ་ཏིང་ཕོར་ནང་གི་ཆུ།།
ནམ་ཞིག་ཏིང་འཛིན་རྒྱ་མཚོར་འཐིམ་པར་སྨོན།།
ཇི་ལྟར་རྒྱ་མཚོའི་ནང་དུ་བྱིང་བ་ཡིས།།
རྒྱ་མཚོའི་གཏིང་མཐའ་འཇལ་བའི་སྐལ་བ་དབེན།།
དེ་ལྟར་ཉོན་མོངས་དབང་དུ་གྱུར་པའི་སེམས།།
སེམས་ཀྱི་གནས་ལུགས་མཐོང་བའི་གོ་སྐབས་ཕྲ།།
ཇི་ལྟར་རྒྱ་མཚོ་ཆེན་པོར་དུག་སྦྲུལ་སོགས།།
མ་རུང་སེམས་ཅན་དག་གིས་གནས་བཅས་ཤིང་།།
དེ་ལྟར་ཐ་མལ་བདག་འདྲའི་སེམས་ལ་ཡང་།།
ཀུན་ཉོན་བརྒྱད་ཁྲི་བཞི་སྟོང་བག་ལ་ཉལ།།
ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་རྡུལ་ལས།།
གྲུབ་ཕྱིར་དེ་ཡི་ངོ་བོ་བཙལ་དུ་མེད།།
དེ་ལྟར་རྟེན་འབྲེལ་ཚོགས་པའི་རྣམ་ཤེས་འདི།།
རང་བཞིན་ཡེ་ནས་མ་གྲུབ་སྒྱུ་མའི་སེམས།།
ཇི་ལྟར་རྒྱ་མཚོ་ཆེ་ལས་ཆུ་རླབས་འཕྱུར།།
སླར་ཡང་དེ་རུ་གཞོལ་ཞིང་འཐིམ་པར་འགྱུར།།
དེ་ལྟར་ཚོར་འདུའི་རླབས་ཀྱི་ཕྲེང་བ་ཡང་།།
སེམས་ཀྱི་ནང་དུ་ཞིག་ཏེ་མེད་པར་འགྱུར།།
ཇི་ལྟར་རྒྱ་མཚོ་ཆེ་ལས་ཆར་སྤྲིན་ལྡང་།།
ནམ་མཁའི་འཕང་དུ་དེངས་ཤིང་ཡལ་ནས་མེད།།
དེ་ལྟར་སེམས་ལས་སྐྱེས་པའི་རྣམ་རྟོག་དག།
སླར་ཡང་སེམས་ཀྱི་དབྱིངས་སུ་ཞི་བར་འགྱུར།།
ཇི་ལྟར་རྒྱ་མཚོའི་འཇིངས་ལ་གནས་གྱུར་པ།།
ཆུ་ཡི་ཆུ་རླབས་དག་གིས་གཡོ་མི་ནུས།།
དེ་ལྟར་དྲན་པ་ཉེ་བར་བཞག་པའི་སེམས།།
རྣམ་རྟོག་རླུང་གིས་སྐྱོད་པར་མི་ནུས་སོ།།
ཇི་ལྟར་ཏིང་ངེར་འཁྱིལ་བའི་རྒྱ་མཚོ་རུ།།
སྟོན་མཚན་ཟླ་བའི་དཀྱིལ་འཁོར་ལྷམ་མེར་གསལ།།
དེ་ལྟར་ཞི་བར་གནས་པའི་སེམས་ལ་ཡང་།།
སྣ་ཚོགས་ཤེས་བྱའི་གཟུགས་བརྙན་ཅི་ཡང་འཆར།།
ཇི་ལྟར་ཉི་འོད་ཕོག་པའི་རྒྱ་མཚོ་ཆེ།།
རྙོག་བྲལ་དྭངས་མའི་རང་བཞིན་མངོན་དུ་འགྱུར།།
དེ་ལྟར་ཤེས་བཞིན་ལྡན་པའི་དྲན་པ་ཡིས།།
བདེ་གསལ་མི་རྟོག་སེམས་ཀྱི་གནས་ལུགས་མཐོང་།།
ཇི་ལྟར་རྒྱ་མཚོ་ཆེན་པོའི་ལྟོ་བ་རུ།།
དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་གྱིས་སྦྲུམ།།
དེ་ལྟར་ཏིང་ངེར་འཁྱིལ་བའི་སེམས་ལ་ཡང་།།
རིན་ཆེན་རིན་ཐང་བྲལ་བའི་སེམས་མཆོག་འཁྲུངས།།
ཇི་ལྟར་རྒྱ་མཚོ་ཡང་ཡང་བསྲུབས་པ་ལས།།
མཚན་མོའི་མགོན་པོ་ཐོན་ཏེ་སྨག་རུམ་སེལ།།
དེ་ལྟར་དཔྱད་འཇོག་སྤེལ་མའི་སེམས་ལས་ཀྱང་།།
གཏི་མུག་མུན་པ་འཇོམས་པའི་འོད་གསལ་འཕྲོ།།
ཇི་ལྟར་རྒྱ་མཚོ་ཆུ་ཐིགས་བསགས་པ་ལས།།
གྲུབ་པ་ཡིན་གྱི་གདོད་མ་ཉིད་ནས་མེད།།
དེ་ལྟར་ཏིང་འཛིན་ཆུང་ངུ་གོམས་པ་ལས།།
ལྷུན་གྲུབ་ཡེ་ཤེས་མངོན་དུ་འགྱུར་བར་ངེས།།
ཇི་ལྟར་རྒྱ་མཚོ་མ་མཐོང་སྦལ་པ་ཡིས།།
རྒྱ་མཚོའི་ལོ་རྒྱུས་ཁྲོམ་པའི་ནང་དུ་གླེང་།།
དེ་ལྟར་བདག་ལ་ཏིང་འཛིན་མ་ཐོབ་ཀྱང།།
དེ་ཡི་ཡོན་ཏན་བརྗོད་ལ་བཟོད་གསོལ་ཞུ།།
སྨྲས་པ།
ལེ་བར་སྟོང་ལ་ངལ་བའི་འགྲུལ་བཞུད་བྱས།།
བདོག་པའི་དངོས་པོ་ཡོད་ཚད་ཡོན་དུ་ཕུལ།།
དཀའ་བའི་གནད་ཀུན་རིགས་པས་གཏན་ལ་ཕབ།།
གདོང་དམར་མེས་པོའི་རིག་གཞུང་མ་བརྗེད་ཨང་།།