ཆང་སྐྱེས།
སྐྱེས་གཟུགས་ཚིགས་དྲུག་སྨྱུག་མའི་འཁྲི་ཤིང་ལ།།
དབུས་ཕྲུག་མཆོར་གོས་ཅན་གྱི་འཛུམ་ཡག་མ།།
ཕར་ལ་འཁོར་ནས་གོམ་གསུམ་སྤོས་བ་ནི།།
རྨ་བྱ་སྒེག་མོའི་སྒྲོ་གུར་ཕུབ་པ་འདྲ།།
བཅུ་དྲུག་གཞོན་ཤ་དར་བའི་ལང་ཚོ་ལ།།
སེར་བོ་གོས་གྱི་སྟོད་ཐུང་ཁ་དོག་ཅན།།
དུང་དཀར་གཟུགས་སུ་འབུར་བའི་མྱོས་བུམ་ཟུང་།།
འདོད་པའི་དབང་རྩ་འཁྲུག་པའི་རྒྱུ་རུ་སྨིན།།
སྣུམ་ནག་འོད་ཀྱི་སྐྲ་ཡི་ལན་བུ་ལ།།
བྱུ་རུ་སྐྱ་ལོང་གཡུ་ཡི་ཕྲ་རྒྱན་ཅན།།
འགྲོ་ཞོར་འཛུམ་གྱི་ཟུར་མིག་གཡོ་བའི་ཚུལ།།
མེ་ཏོག་སྟོང་གི་མདའ་མོ་འཕུར་བའི་འགྲོས།།
བཟོ་བཀོད་ཡིད་དུ་འོང་བའི་གྲོང་ཚོ་ལ།།
ཉི་འོད་འཇམ་པོ་ཞིག་ཀྱང་ཡུན་གྱི་འཕྲོས།།
སྲང་ལམ་དཀྱིལ་གྱི་ན་ཆུང་བུ་མོ་གཉིས།།
མེ་ཏོག་ཆ་གཅིག་སྤང་ལ་བཞད་པ་འདྲ།།
སྒེག་ལྡན་ལུས་ཀྱི་རྐེད་པ་ཕྲ་མོ་ལ།།
ཁ་དོག་གློ་དམར་བཀྲ་བའི་སྐེ་རགས་ཅན།།
ཁོ་བོའི་ཁྲ་ཆུང་མིག་གིས་མཐོང་ལམ་ན།།
འཇའ་ཚོན་སྣ་ལྔ་མཁའ་ནས་ཤར་དང་མཚུངས།།
ཆུ་མོ་རྨ་ཆུ་སྔོན་མོའི་འགྲམ་ངོགས་དང་།།
སྨད་ཕྱོགས་རོང་ན་འཚོ་བའི་བུ་མོ་ཚོ།།
བརྒྱ་བྱིན་དྲུང་ན་བཞུགས་པའི་ལྷ་མོའི་ཚོགས།།
མི་ཡི་ཡུལ་ལ་སླེབས་པའི་སྣང་བརྙན་ཞིག།