ཆང་སྐྱེས།
དྲནགདུང་བཟོད་ཐབས་མེད་པའི་མནར་གཅོད་རེད་དམ།།
སེམས་པ་སྐྱོ་སྐྱོ་བྱུང་བའི་ལན་ཆགས་ཡིན་ནམ།།
ཕྱི་མིག་རྒྱང་ལ་བསྲིངས་པའི་ཁུགས་སོ་ཞིག་ནས།།
སྟོན་རླུང་དམར་པོ་སྙིང་གི་དཀྱིལ་ལ་གཡུག་བྱུང་།།
སྨག་རུམ་མུན་པ་སྟུག་པའི་མཚན་མོ་ཞིག་སྟེ།།
ལྔ་རྩེ་སྐར་མ་ཤར་བའི་ཧྲག་བར་ཞིག་ནས།།
ཅེ་སྤྱང་སོ་བ་མཐོན་པོ་སྒང་ནས་བུད་དེ།།
གཡང་དཀར་ཚར་མོ་ལུག་གི་ལྷིང་འཇཊ་དཀྲོཊ་སོང་།།
ལྷག་རླུང་ང་རོ་རྒོད་པའི་་ཞོགས་པ་་དེ་ལ།།
རྔོན་པ་ཁ་ལྟོ་ཅན་པོ་མལ་ལས་ལངས་ཏེ།།
ཟུར་གསུམ་ལྕགས་ཀྱི་མདའ་མོ་འཕེན་ཐེངས་གཅིག་གིས།།
ཕུག་རོན་ཁྱུ་ཡི་ཚང་མལ་རྨང་ནས་གཏོར་སོང་།།
ཆུ་མོ་ཙག་གིས་བསྡམས་པའི་འགྲམ་ངོགས་དེ་ནས།།
ལྷ་བྱ་ཁྲུང་ཁྲུང་དཀར་མོ་ལྷོ་ལ་འཕུར་སོང་།།
ཁ་བ་མར་མར་འབབ་པའི་མྱ་ངན་ཐང་ནས།།
ཉམས་ཆུང་ཚེ་སྲོག་ཤོར་ལ་གྲངས་ཤིག་ཡོད་དམ།།
བདུད་ཀྱི་ཆོ་འཕྲུལ་རྫུན་མའི་འགྲམ་ལྕག་གཅིག་གིས།།
དམར་བོ་གྲུ་འཛིན་རི་ལ་་སེར་ཀ་གཏད་སོང་།།
ཝ་གཤེད་་མཛེས་མར་རྫུས་པའི་ཧབ་ཆ་ཞིག་གིས།།
རིགས་ཀྱི་བུ་ཆུང་མུན་ནག་བཙོན་ལ་བརྫངས་སོང་།།
ནག་ཕྱོགས་མི་དབང་བཙན་པོའི་བཀའ་ལུང་ཞིག་གིས།།
གསེར་གྱི་གླེགས་བམ་མེ་ཡི་ཞལ་ཏུ་མཆོད་སོང་།།
དཔུང་རྟགས་དམར་པོ་ཅན་གྱི་པྲ་ཚགས་འགའ་ཞིག།
གྲོང་ལ་ཡོང་ནས་མི་ལས་དགུ་ལས་བྱས་ཐལ།།
རི་ལ་བབས་པའི་ཁ་བ་དཀར་དཀར་མ་རེད།།
སྤང་ན་སྐྱེས་པའི་མེ་ཏོག་དམར་དམར་་མ་ཡིན།།
ལོ་ཟླ་ཁ་དོག་མེད་པའི་ཁོར་ཡུག་འདི་ནས།།
ཁོ་བོའི་ནམ་ཟླ་སྐྱ་བོ་ཧ་ཅང་འཁྱག་སོང་།།