Claude Bourgeyx ནས་བརྩམས། གསལ་ལེ་རྒྱལ་གྱིས་བསྒྱུར།
ལའུ་ཟིང་གིས་རྐང་ལག་ཚང་མ་བྲང་ཁར་སྦྱར་ཏེ་ལྷོད་ལྷོད་ཀྱིས་ཉལ་ནས་བསྡད། ཁོ་ལ་མཚོན་ན་གུམ་ཙོག་གིས་འདུག་སྟངས་དེ་ནི་ཧ་ཅང་སྐྱིད་པོ་ཞིག་ཡིན། འདི་འདྲའི་བདེའང་བདེ་ལ་སྐྱིད་ཀྱང་སྐྱིད་པའི་འཚོ་བ་ཞིག་ཁོས་མི་ཚེ་འདིར་རོལ་མ་མྱོང་། ཁོང་གི་དོན་ལྔ་སྣོད་དྲུག་ལ་ངལ་གསོ་ཐོབ་ཅིང་། བྱ་སྒྲོ་དང་རླངས་པ་བཞིན་ཡང་མོ་ཡང་མོ་ཞིག་ཡིན་པའི་ཚོར་སྣང་བྱུང་། རླུང་དང་འགྲོགས་ནས་འཕུར་བ་འདྲ་ལ། ཆུ་ཡི་སྟེང་དུ་གཡོ་བ་དང་ཡང་མཚུངས།
ཁོས་བཟི་སྨན་འཐུངས་ཏེ་མགོ་འཁོར་ནས་འདི་རུ་ཡོང་བ་མིན་ལ། ཐབས་ཤེས་དམིགས་བསལ་བ་ཞིག་སྤྱད་ནས་འདི་རུ་ཡོང་བའང་མིན།
བདེ་སྐྱིད་ཀྱི་འཚོ་བ་དེས་ལའུ་ཟིང་ཡིད་ཚིམ་པའི་མོད་ལ་རང་གཅེས་འཛིན་གྱི་བསམ་བློ་ཞིག་ཀྱང་འཁོར་ཡོད་པར་ཐེ་ཚོམ་མེད།
ཡིན་ནའང་། དགོང་མོ་དེར། བཟོད་གླགས་བྲལ་བའི་ན་ཟུག་དྲག་པོ་ཞིག་གིས་མི་འདོད་པའི་ལྟས་ངན་པ་ཞིག་གཉིད་ལས་བསླངས། ཨ་ལོང་ཆུང་ཆུང་ཞིག་གི་ནང་དུ་བཙིར་བ་འདྲ་ལ། དངོས་པོ་ལྕི་མོ་ཞིག་གིས་མནན་པ་དང་ཡང་འདྲ།
ན་ཚ་འདི་ཅི་ཞིག་ཡིན་ནམ། ཁོའི་མགོ་ལ་ན་ཚ་འདི་འབབ་དགོས་དོན་ཅི། ཁོས་ལས་ངན་པ་ཅི་ཞིག་བསགས་པའི་ཉེས་པ་ཡིན་ནམ། ཡན་ལག་ཚང་མ་སོ་སོར་གཏུབ་པའམ་ཡང་ན་ཤ་རྒོད་ཀྱི་སྟེང་དུ་རྒྱུགས་པས་རྡུང་བ་བཞིན་བཟོད་གླགས་མེད་པར་གྱུར། ཁོས་ “ ང་འཆི་རྒྱུ་རེད” ཅེས་ཁེར་བཤད་བྱས།
ལའུ་ཟིང་གིས་མིག་ཟུང་བཙུམས་ནས་རང་ཉིད་ན་ཟུག་དེའི་ནང་ལ་ཐིམ་དུ་མི་འཇུག་ཐབས་མེད་བྱུང་། ཆུ་མཛོད་ཅིག་གི་ནང་དུ་ནུབ་བཞིན་པ་ལྟ་བུའི་དངངས་སྐྲག་གིས་གནས་དེ་རུ་སྡོད་ཐབས་བྲལ་ཞིང་། གོམས་ཤིང་འདྲིས་པའི་ཆུ་འགྲམ་གྱི་སྡོད་གནས་དེ་ལས་རིང་དུ་གྱེས་བཞིན་པ་ཚོར། ཁོའི་འགུལ་སྐྱོད་ཀྱི་ནུས་པ་ཡོངས་སུ་ཟད། ན་ཟུག་དེ་ནི་མགོ་དང་རྐང་བ་གཉིས་སྐམ་པའི་བར་དུ་ཤུགས་ཀྱིས་བཙིར་བ་དང་འདྲ་བ་མ་ཟད་། འཇིགས་སྐྲག་ཆེ་བའི་ས་གནས་ཆ་མེད་ཅིག་ལ་སྤོར་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྤྲད། དེ་དང་མཉམ་དུ་གཏིང་རིང་གཏིང་རིང་ཞིག་ནས་གྲག་ཡོང་བའི་རོལ་མོ་ཞིག་ཀྱང་ཐོས། གང་ལྟར། ཁོའི་སྡོད་གནས་ནི་དེ་ལྟར་ཡོངས་སུ་འདར་བར་གྱུར།
སྟོང་ཁམས་ཆེན་མོ་ཞིག་གིས་ལའུ་ཟིང་ཁོའི་ཕྱོགས་སུ་དྲངས་ཤིང་། ཁེར་རྐྱང་གི་ཚོར་བ་གསར་བ་ཞིག་གིས་ཁོ་ལ་བཙན་གནོན་བྱས། ལའུ་ཟིང་ལ་རོགས་བྱེད་མཁན་གཅིག་ཀྱང་མ་བྱུང་བར་སྡུག་བསྔལ་དེའི་ཁྲོད་ནས་ཁེར་རྐྱང་དུ་ལུས། དེ་བས་ཁེར་རྐྱང་གི་ལམ་ཕྲན་དེ་ཁེར་རྐྱང་གིས་བརྒྱུད་པ་ལས་ཐབས་ཤེས་གཞན་ཅི་ཡང་མ་རྙེད།
ན་ཟུག་གི་སྟེང་ལ་ན་ཟུག་བསྣན་ཏེ་ཀླད་པ་འགད་ལ་ཁལ་བྱས། མགོ་ནང་ནས་ཆུའི་ཡུར་མོ་བཞིན་མཚམས་མི་ཆད་པའི་ན་ཟུག་གི་རླབས་རྒྱུན་འཕྱུར། ཅི་ཞིག་གིས་ཁོའི་ཕྲག་པ་གཉིས་ཤུགས་ཀྱིས་བཙིར་ཏེ་རང་གི་ཁོག་ཏུ་འཇུག་པ་ལྟ་བུའི་སྣང་བ་ཞིག་བྱུང་ཞིང་། དེ་དང་མཉམ་དུ་ཁོ་རང་འགུལ་མེད་དུ་གྱུར། “ ད་ནི་ངའི་ལན་ཆགས་རྫོགས་སོང་ངམ “ ཁོས་ཆིག་ལབ་བརྒྱབས།
གློག་བུར་བའི་ན་ཟུག་དྲག་པོ་ཞིག་གིས་ཁོའི་སེམས་ཁམས་ཡོངས་སུ་དཀྲུགས་པ་མ་ཟད་རང་ཉིད་དུམ་བུར་གཤགས་སོང་བསམ་པ་ཞིག་ཀྱང་བྱུང་། དེ་མ་ཐག་གློག་ཞགས་ཤིག་གིས་ཁོའི་མིག་ཟུང་བཀབས། ཁོས་མིག་གཉིས་བཙན་གྱིས་ཕྱེས་ཏེ་བལྟས་པ་ན། དེ་ནི་གློག་ཞགས་ཤིག་མ་ཡིན་པར་ཤུགས་ཆེ་ལ་རྒྱུན་རིང་བའི་འོད་ཟེར་ཞིག་རེད། ཡིན་ནའང་། མེ་ལྕེ་དམར་པོ་ཞིག་ཁོའི་གློ་བའི་ནང་དུ་འཛུལ་སོང་བསམ་པའི་སྐྲག་སྣང་ཞིག་དང་མཉམ་དུ་སྐད་ཤུགས་ཆེན་པོས་ངུས།
སྨན་པས་ཁོའི་རྐང་བ་གཉིས་ནས་བཟུང་སྟེ་ “ བུ་ཞིག་རེད་ “ ཅེས་བཤད།
ལའུ་ཟིང་སྐྱེས་སོང་།
༡༠/༠༣/༢༠༢༡ ལ་ཕ་རེ་སི་ནས་བསྒྱུར།
གསལ་ལེ་རྒྱལ་གྱི་གསལ་བཤད།
ངས་སྒྲུང་ཐུང་འདི་བོད་ཡིག་ལ་བསྒྱུར་རྗེས་ཡང་བསྐྱར་ཞིབ་ལྟ་ཞིག་བྱས། ལའུ་ཟིང་སྐྱེས་ཟིན་ནའང་ཁོས་ད་དུང་ཁ་གྲག་ཐུབ་ཀྱིན་མི་འདུག དེ་ནས་ངས་ལའུ་ཟིང་ཉིན་འགའ་ལ་བསྙལ་ནས་བཞག ཁ་སང་ཁོམ་སྐབས་ཤིག་དང་བསྟུན་ཏེ་ལའུ་ཟིང་ཡར་བསླངས་ཤིང་བོད་ཡིག་ནས་བོད་སྐད་དུ་བསྒྱུར་རྗེས། ལའུ་ཟིང་གིས་གློ་བུར་དུ་ “ བཀྲིས་བདེ་ལེགས། ཁྱེད་རང་སྐུ་ཞབས་གསལ་ལེ་རྒྱལ་ཡིན་ནམ།” ཟེར། ང་རང་དགའ་དྲགས་པའི་དབང་གིས་ཁ་ནས་ཅི་ཤོར་འདི་ཤོར་མེད་པར “ yes yes “ ཞེས་བཤད།
ཡག་གི ངོ་མ་ཡག་གི