རྩོམ་པ་པོ། ལྷ་རྒོད་གངས་རི་མངོས་མིང་ཡེ་ཤེས་རྒྱལ་མཚན།
༡) རིགས་སུ་མ་ཆད་པའི་ཐར་འདོད་ཀྱི་སྐྱེས་བུ་རྣམས་ཇི་ལྟར་པདྨོའི་མཚོ་ལ་འཁོར་བའི་ངང་པ་བཞིན་ངང་གི་ལུས་པ། ལུང་རིགས་སྙན་རྒྱུད་རོལ་དབྱངས་ཉིན་མཚན་འཁོར་ཡུག་ཏུ་སྒྲོག་པའི་དགའ་ཚལ།བོད་གངས་ལྗོངས་སུ་གསུང་ངག་ལམ་འབྲས་ཐོག་མར་དར་བའི་གནས་ཁྱད་པར་ཅན།གནས་ཆེན་མྱུ་གུ་ལུང་འདི་ཉིད་ནི་སྤྱི་ལོ་༡༠༤༣རབ་བྱུང་དང་པོའི་ཆུ་ལུག་ལོར་མདོ་སྔགས་ལེགས་བཤད་ཀུན་གྱི་འབྱུང་གནས།རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་སྒྲ་སྒྱུར་གྱི་རྒྱལ་པོ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་དགུང་གྲངས་ལྔ་བཅུ་ང་གཉིས་ལ་ཕྱག་བཏབ།
དེ་ཡང་གནས་ཆེན་དངོས་ནི།ཕུ་ཤར་དང་མདའ་ནུབ་ཏུ་ཡོད་པའི་རྒྱབ་རིའི་སེངྒེ་གནམ་ཆོང་འདྲ་བའི་རི་ཤམས་ཁ་ལྷོར་གཏད་ནས་ཡོད།དེང་གནས་འདིར་མུ་གུ་ལུང་ཞེས་འབོད།བླ་ཆེན་འབྲོག་མི་ལོ་ཙྭ་བ་ཉིད་སྤྱི་ལོ་༡༠༢༣ལོར་རྒྱ་གར་ནས་བོད་དུ་བྱོན་ནས་གནས་ཆེན་འདི་དང་།ལྷ་རྩེ་བྲགའམ་ག་ཡེ་གཏང་།རུ་ལག་གྲོམ་པ་རྒྱང་སོགས་སུ་བཞུགས་ཏེ།གདུལ་བྱ་གྲངས་ལས་འདས་པ་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་སྤེལ་བ་དང་།་སྤྱི་ལོ་༡༠༢༦ཡས་མན་ལ་མུ་གུ་ལུང་དུ་ཆོས་འཁོར་བཀོར་ནས་ཞུགས་ཡོད་པ་དེ་ཡང་རྗེ་མར་པ་ལོ་ཙྭ་བའི་རྣམ་ཐར་ནང་། རབ་བྱུང་གོང་གི་ལོ་སྐོར་དྲུག་ཅུ་ཐ་མའི་ཆུ་བྱི་(༡༠༡༢)ལོ་ནས་རབ་བྱུང་གཉིས་པའི་མེ་གླང་(༡༠༧༩) ལོ་བར་འཚོ་ཞིང་བཞེས། འདིར་《དེབ་ཐེར་སྔོན་པོ་》 ལྟར་བྲིས། དགུང་ལོ་གྱ་དྲུག་བཞུགས། བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་ཡིན། འཁྲུངས་ཡུལ་ལྷོ་བྲག་རྫོང་ཆུས་འཁྱེར་ཕུ། ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མིང་སྲིང་བཞིའི་གཉིས་པ་ཡིན། དགུང་ལོ་བཅོ་ལྔ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སཾསྐྲྀ་ཏའི་སྐད་དང་སྒྲ་རིག་པ་ལ་སློབ་སྦྱོང་གནང་ཞེས་གསལ། ) སྤྱི་ལོ་༡༠༤༣རབ་བྱུང་དང་པོའི་ཆུ་ལུག་ལོར་བླ་ཆེན་འབྲོག་མི་ནས་གྲུབ་གནས་དངོས་ཀྱི་ས་ཕུག་རྣམས་རྒྱ་སྐྱེད་གཏང་ནས་ཕུག་ཆེན་བཅུ་གསུམ་རྣམ་རིམ་པས་བྱུང་། གཙང་བྱམ་པ་རྡོ་རྗེ་རྒྱལ་མཚན་གྱི་ཡིག་ལྟར། གཟིམས་ཁང་དཀར་མ་ཕུག བཙུམ་མོ་རྒྱུ་བ་ཕུག ཆང་ར་བདུད་རྩི་ཕུག གཡོས་ར་ནག་ཚང་ཕུག བང་མཛོད་རྣམ་སྲས་ཕུག སྒྲ་སྒྱུར་ལོ་ཙྭ་ཕུག དབང་བསྐུར་བྱིན་བརླབས་ཕུག ཆོས་སྒྲ་སྒྲོག་པ་ཕུག མི་གཡོ་ཏིང་འཛིནཕུག མཁའ་སྤྱོད་བདེ་ལྡན་ཕུག ཕྱག་ཆེན་བཀྲ་ཤིས་ཕུག དཔལ་བོ་རྡོ་རྗེ་ཕུག ཕྱག་ན་རྡོ་རྗེ་ཕུག་སྟེ་བཅུ་གསུམ། དིང་སྐབས་ངོས་བཟུང་བའི་ཕུག་ནི་བཅུ་ཡོད་པས་དང་པོ་ནུབ་ནས། བང་མཛོད་རྣམ་སྲས་ཕུག གཟིམས་ཁང་དཀར་མ་ཕུག བཙུམ་མོ་རྒྱུ་བ་ཕུག གཡོས་ར་ནག་ཚང་ཕུག ཆང་ར་བདུད་རྩི་ཕུག དབང་བསྐུར་བྱིན་བརླབས་ཕུག ཆོས་སྒྲ་སྒྲོག་པ་ཕུག དཔལ་བོ་རྡོ་རྗེ་ཕུག སྒྲ་སྒྱུར་ལོ་ཙྭ་ཕུག ཕྱག་ན་རྡོ་རྗེ་ཕུག་སྟེ་བཅུ་ཡོད། ཕུག་ཆེན་དེ་དག་ལ་གནས་བཤད་རེ་ཡོད་པས་འདི་བཀོད་མེད།
༢) ཆོས་འཆད་ཉན་སྐོར། མུ་གུ་ལུ་བཏབ་ནས་ལོ་ངོ་བཅུ་ཕྲག་ལྔ་ལྷག་ཙམ་ཆོས་འཆད་ཉན་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི། བླ་མ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ག་ཡ་དྷ་རས་བླ་ཆེན་འབྲོག་མི་ལ་གསུང་ངག་ལམ་འབྲས་ཆ་ལག་དང་བཅས་པ་ལོ་གསུམ་ལ་གནང་། དེ་ནས་སློབ་དཔོན་དཔལ་བོ་རྡོ་རྗེ་བྱོན། བུ་ཁྱེད་ཀྱི་ཐེ་ཚོམ་འདྲ་སེལ་དུ་འོང་བ་ཡིན་གསུངས་ཟླ་བ་གཅིག་ཙམ་བཞུགས། སྒྲུབ་ཐབས་རིན་ཆེན་འབར་བ་རྩོམ་པར་མཛད་བླ་ཆེན་འབྲོག་མི་ནས་སྒྲ་སྒྱུར་མཛད། བླ་ཆེན་ཉིད་ནས་རྒྱུད་དང་མན་ངག་སོགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བཀོར་བ་དང་སྨད་ཀྱི་ལྡེ་གསུམ་མམ་ལྷ་རྩེ་མཆེད་གསུམ་གྱིས་བདག་རྐྱེན་མཛད་ནས་མུ་གུ་ལུང་དུ་བཤད་གྲ་བཙུགས་པས་མཁས་པའི་གྲགས་པ་ཆེན་པོ་བྱུང་ནས་དབུས་གཙང་ཁམས་གསུམ་ནས་སློབ་མ་ཡང་ཞ་བོ་ཆེ་དང་། ཤམ་རིན་པོ་ཐམས་ཅད། ཟུར་མེ་དབོན་རྣམ་གསུམ་སོགས་དང་། མར་པ་ཆོས་ཀྱི་བློ་གྲོས་དང་། མཁོན་དཀོན་མཆོག་རྒྱལ་པོ་དང་སེ་བསྟོན་ཀུན་རིག་འཕྲང་འོག་གི་དཀོན་མཆོག་རྒྱལ་པོ། མངའ་རིས་བ་གསལ་བའི་སྙིང་པོ། ལྷ་རྩེའི་གྱི་ལྗང་དབུ་དཀར། སེ་སྟོན་ཀུན་རིག ལྷ་རྩེ་ལྷ་བཙུན་དཔོན་གཡོག འགོས་ཁུག་པ་ལྷ་བཙས། ཤབ་ཀྱི་བྲག་རྩེ་སོ་ནག་པ། ཉ་ངའི་ཟུར་བོ་ཆེ་ཤཱཀྱཱ་འབྱུང་གནས། འབྲོམ་དོ་པ་སྟོན་ཆུང་། ལྷ་བཙུན་ཀ་བ་ལི། དགྱེས་སྒོམ་སེ་བོ། རྟ་ནག་པ་གཤིན་སྒོམ་རོག་པོ། དབུས་པ་གྲོད་པོ་ཆེ། སྦལ་ཏི་ལོ་ཙཱ་བ། ཇོ་སྲས་ཨིཎྜ། ཇོ་སྲས་རྡོ་རྗེ།དབྲང་སྒོམ་མ་དཀོན་ནེ་སོགས་རིགས་མེད་ཀྱི་མཁས་བ་མང་པོ་བླ་ཆེན་འབྲོག་གི་ཞབས་ལ་བཏུགས་ནས་ཐོས་བསམ་བསྒོམས་གསུམ་གྱིས་བསྟན་པའི་བྱ་བ་རླབས་ཆེན་མཛད་པ་དང་ཁྱད་པར་གསུང་ངག་ལམ་འབྲས་ཅེས་བོད་གངས་ལྗོགས་སུ་དར་བ་ལ་ལྷ་རྩེ་བཙན་པོ་སོགས་ཡོན་བདག་དང་བླ་ཆེ་བུ་སློབ་དང་བཅས་པས་མཛད་རྗེས་བླ་ན་མེད་པས་རྗེས་དྲན་བྱེད་འོས་སོ། བླ་་ཆེན་ཉིད་དགོངས་པ་རྫོགས་རྗེས་ནས་དུས་ཚོད་རིང་པོ་བཞིག་ལ་སྒྲུབ་ཁང་རྣམས་སུ་ཚེ་འདི་སློས་གཏང་བའི་རིགས་མེད་བྱ་བྲལ་བ་མང་པོའི་སྐུ་མཚམས་ལ་བཞུགས།བར་ལམ་ནས་དར་གླིང་པས་འཛིན་སྐྱོང་འོག་རིགས་མེེད་བྱ་བྲལ་རྣམས་སྔར་རྒྱུན་ལྟར་ཡིན།སྤྱི་ལོ་༡༩༥༠ནང་དར་གླིང་དགོན་པར་མཚད་ཉིད་བཙུགས་པའི་སྐལ་བཟང་བྱུང་ནས་གནས་འདིར་དགུན་ཆོས་ཆེ་མོ་ཟླ་བ་ཆེད་གཉིས་ཙམ་ཚུགས་ནས།བཤད་སྒྲུབ་ཀྱི་བསྟན་པ་སླར་སོས་ཡོད།ཆོས་རའི་ཞལ་འདོན་ནི་སེ་ར་བྱེ་བ་གྲ་ཚང་དང་འདྲ་མཚུང་ཡོད།སྐབས་དེ་དུས་སྐུ་མཚམས་ལ་ཡོད་པ་ནི་མུ་ལུང་སྐྱབ་མགོན་དང་།འདི་བུ་རིན་པོ་ཆེ་སྐུ་གོང་མ་དང་དེ་མིན་མཚམས་པ་ཁ་ཅིག་ཡོད།
དགོན་པ་ཉམ་གསོ་བྱས་རྗེས་དགེ་བའི་བཤེས་གཉེན་རྣམ་པ་གསུམ་དང་གསར་དུ་དགེ་འདུན་བཅུ་གཉིས་བཅས་ཡོད་པ་རྣམ་ནས་གསོ་སྦྱོང་དབྱར་གནས་སོགས་དང་། དེ་ནས་འདུས་ཚོགས་ནས་གསོལ་འདེབ་བཞུས་བ་བཞིན། བོད་རྒྱལོ་༢༡༡༦ ལོའི་དབྱར་གནས་སྐབས་མཁན་རིན་པོ་ཆེ་བློ་བཟང་སྦྱིན་པ་ལགས་ནས་ལམ་རིམ་རྣམ་གྲོལ་ལག་ཅང་གི་བཤད་ལུང་ཉིན་རེར་ཆོས་གཉིས་རེ་བསྩལ་ནས་དེའི་སྐབས་ལ་ཡོང་སུ་གྲུབ་ཡོད།ཡང་སྐབས་གཅིག་དབུ་མཛད་བྱམ་པ་ལགས་ནས་གསལ་འདེབས་བཞུས་པ་བཞིན། རྒན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ་ལགས་ནས་ལག་ལེན་སྙིང་ཐུར་མའི་བཀའ་ཁྲིད་བཟབས་རྒྱས་གནང་། ཡང་འདུས་ཚོགས་ནས་གསོལ་འདེབས་བཞུས་བ་བཞིན་།ལྷ་རྩེ་ཆོས་ལྡེ་བ།རྒན་རིན་པོ་ཆེ་བསྟན་འཛིན་ཆོས་འཕེལ་ལགས་ནས་སྦྱོར་ཆོས་བསྐལ་བཟང་གི་གམིགས་རིམས་བཅས་པ་བཀའ་ཁྲིད་ཟབས་ཅིང་རྒྱས་བ་གནང་བ་བཅས་སྤྱི་ལོ་༡༩༩༣ བར་གྱི་ཆོས་འཆད་ཉན་སྐོར་དེ་ཙམ་ལགས་སོ།།
༣ ) སྐུ་གསུང་ཐུགས་བརྟེན། འབྲོག་མི་ལོ་ཙྭ་ཆེན་པོའི་སྐུ་འདྲ་གསུང་འབྱོན་མ་དང་། སྦྱིམ་སྐུ་གྲངས་བཅུ་ལྷག་ཙམ་ཞིག་ཡོད། འབྲོག་མི་སྐུ་འདྲ་དེའི་སྐུ་ཚད་ནི་མི་ཚད་ཙམ་ཞིག་ཡོད། སྐུ་རྒྱུ་རྫས་ཁྱིམ་ལས་གྲུབ་པ་ཡིན་སྐུ་འདྲ་དེའི་ཐུགས་ཀ་ན་བླ་ཆེན་འབྲོག་གི་ཐུགས་དམ་གྱིས་བརྟེན་བླ་མ་པཎྜི་ཏ་ཆེན་པོ་ག་ཡ་དྷ་རའི་སྐུ་འདྲ། བླ་མ་པཎྜི་ཏ་ག་ཡ་དྷ་ར་རང་གི་རབ་གནས་གནང་བའི་རྡོ་སྐུ་གསུང་འབྱོན་མར་གྲགས་པ་བཞུགས་ཏེ། རྡོ་སྐུ་གསུང་འབྱོན་མ་དེའི་སྐུ་ཚད་ནི་ཁུ་ཚུར་བཅངས་པའི་སྟིང་དུ་མཐེ་བོང་བསླངས་ཏེ་བཞག་པ་ཙམ་ཞིག་ཡོད་ཟེར་རོ། སྐུ་འདྲ་རིན་པོ་ཆེར་འདི་གཉིས་གསུང་ཇི་ལྟར་བྱོན་པའི་ལོ་རྒྱུས་ནི། དབུས་པས་ཡུལ་འདིར་དམག་ཐོ་ཆེན་པོ་བྱུང་བའི་དུས་སུ། དམག་དེ་ས་ཚམས་ནས་བྱུང་བ་རེད་ཟེར།མི་ངན་འགའ་ཞིག་གིས་ལོ་ཙྭ་བ་ཆེན་པོའི་སྐུ་འདྲའི་ཞབས་ཕེལ་བ་ལས་ཐུགས་ཁའི་ཐད་དུ་སླེབ་ལ་ཁད་པ་དང་།ངའི་བླ་མ་ཞེས་གསུང་བྱོན་པས་དེ་མ་ཐག་ཐུགས་ཁའི་ཐད་ན་བླ་མ་པཎྜིཏ་ཆེན་པོའི་ག་ཡ་དྷ་རའི་སྐུ་འདྲ་ཡོད་པ་ནམ་མཁའ་ལ་འཕུར་བ་ལྟར་སོང་ངོ་།མི་ངན་དེ་དག་སྲུང་མའི་བཀའ་ཆད་ཀྱིས་ཁྲག་སྐྱུགས་ཏེ་ཤིསྲུང་མ་ནི་དཔལ་ལྡན་ལྷ་མོ་སྟོན་གྱི་རྒྱལ་མོ་ཡིན་ནོ། དམག་ལོག་ནས་་གནས་འཛིན་པ་དང་དད་ལྡན་མི་དམངས་ནས་ཕྱི་ནང་ཀུན་ཉམ་སོ་དང་། འདྲ་སྐུ་རིན་པོ་ཆེ་ཡང་ཉམ་སོ་དང་བཟུངས་ཞུགས་འབུལ་ནས་ཞབས་སྡོམ་གསོ་བ་བརྩམས་པ་ན། ལས་ཅན་གྱི་སྐྱེ་བུ་འགའ་ལ་བླ་མ་པཎྜིཏ་ཆེན་པོའི་འདྲ་སྐུ་དེ་ཀུན་སྒར་ར་བ་ན་དཔེ་ཆ་མང་ཟིང་བའི་གསེབ་ནས་རྙེད་དེ། སྔར བཞིན་དུ་ཐུགས་ཁར་བཞུགས་སུ་གསོལ་བ་ཡིན་ནོ། ཡང་ཕྱིས་ལྷོ་བའི་དམག་བྱུང་ནས་ཀྱང་དེ་བཞིན་དུ་བྱས་བ་ལ། ཉམ་གསོའི་དུས་སུ་བླ་མ་པཎྜིཏ་ཆེན་པོ་ག་ཡ་དྷ་རའི་འདྲ་སྐུ་དེས། ང་འདི་ན་ཡོད་གསུངས་བའི་སྒྲ་ལྷང་ལྷང་དུ་གྲགས་པས་ན། སྒྲ་དེ་རྩད་བཅད་རྫིང་གཞིག་གི་ཨོར་ལྡེ་ན་བཞུགས་འདུག་པས།སླར་དགོན་ནང་འདན་གྲངས་ནས་ལོ་ཙྭ་བ་བླ་ཆེན་འབྲོག་གི་འདྲ་སྐུ་རིན་པོ་ཆེ་ཐུགས་ཁར་བཞུགས་སུ་གསོལ་བ་ཡིན་ནོ།རྫིང་ཞེས་བ་དེ་ནི་ཕུ་ཞིང་བྱང་གི་ཤར་ངོས་རི་འདེབས་ལ་རྫིང་གོག་པོ་ཞིག་ཡོད་པ་དེ་ཡིན་ཟེར་རྒན་རབ་དག་གིས་ངག་ལས་ཐོས་སོ།ཡང་ཚར་ཆེན་རྡོ་རྗེ་ཆང་བློ་གསལ་རྒྱ་མཚོ་མཆོག་གནས་འདིར་ལོ་ཙྭ་བ་ཆེན་པོའི་སྐུ་འདྲ་རིན་པོ་ཆེ་འཇལ་བ་ཕེབས་པའི་དུས་སྐུའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ་ཐུགས་ཀར་ཐིམ་པས། ཟག་མེད་ཀྱི་བདེ་བ་ཆེན་པོ་ཡུན་རིང་ཞིག་གི་བར་ཚམ་གྱིས་གནས་བ་གྱུར་བཞེས་གསུང་ཡོད་པས་དོན་ངོ་མ་གསུང་བྱོན་པ་འདོན་མི་ཟ།གསུང་བརྟེན་སྔར་གྱི་རྒྱ་དཔེ་དང་དཔེ་རྙིང་གླེ་བམ་བཅུ་གྲངས་ཞིག་ཡོད།དེ་ཡི་སྐབས་རི་འཕྲོད་ཡིན་པས་སྐུ་གསུང་ཐུགས་རྟེན་མང་པོ་མེད། དེ་དག་ནི་སྤྱི་ལོ་ང་དགུའི་སྐབས་ནས་རྩ་གཏོར་ལ་ཕྱིན་ནས་མེད།
༤ ) དགེ་འདུན་གྱི་སྡེའམ་ཆོས་བྱེད་མི་རྣ། དབུས་གཙང་རུ་བཞི་ནས་འདུས་བའི་བླ་ཆེན་འབྲོག་གི་སློབ་མ་རྣམས་ཀྱི་མཚན་འདིར་སྨོས་ན། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། འཁོན་དཀོན་མཆོག་རྒྱལ་པོ། འཕྲང་འོག་གི་དབྲང་སྟོན་དཀོན་མཆོག་རྒྱལ་པོ། མངའ་རིས་བ་གསལ་བའི་སྙིང་པོ། ལྷ་རྩེའི་གྱི་ལྗང་དབུ་དཀར། སེ་སྟོན་ཀུན་རིག ལྷ་རྩེ་ལྷ་བཙུན་དཔོན་གཡོག འགོས་ཁུག་པ་ལྷ་བཙས། ཤབ་ཀྱི་བྲག་རྩེ་སོ་ནག་པ། ཉ་ངའི་ཟུར་བོ་ཆེ་ཤཱཀྱཱ་འབྱུང་གནས། འབྲོམ་དོ་པ་སྟོན་ཆུང་། ལྷ་བཙུན་ཀ་བ་ལི། དགྱེས་སྒོམ་སེ་བོ། རྟ་ནག་པ་གཤིན་སྒོམ་རོག་པོ། དབུས་པ་གྲོད་པོ་ཆེ། སྦལ་ཏི་ལོ་ཙཱ་བ། ཇོ་སྲས་ཨིཎྜ། ཇོ་སྲས་རྡོ་རྗེ། དབྲང་སྒོམ་མ་དཀོན་ནེ་སོགས་བླ་ཆེན་གྱི་སློབ་མ་ལོ་རྒྱུས་ཡོད་པ་རྣམས་སོ།།དེ་ནས་དུས་ཚོད་རིང་པོ་བཞིག་ལ་སྒྲུབ་ཁང་རྣམས་སུ་རིགས་མེད་བྱ་བྲལ་བ་བཅུ་ནས་ཉི་ཤུ་བར་བཞུགས་བ་ལས་བདག་པོ་འདི་ཡིན་མེད།བར་ལམ་དར་གླིང་པས་འཛིན་སྐྱོང་འོག་རིགས་མེད་བྱ་བྲལ་བ་སྔར་རྒྱུན་དང་།དུས་རྒྱུན་དུ་དར་གླིང་ནས་དགེ་འདུན་བཞི་ཙམ་དང་དགུན་ཆོས་ཆེ་མོ་གནས་འདིར་ཚུགས་དུས་དགེ་འདུན་མང་ཙམ་ཡོད་པ་བཅས།
༥ ) དེ་ནས་གནས་དེར་ཞབས་བཅགས་མྱོང་བའི་བླ་མ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བླ་མ་ག་ཡ་དྷ་ར། སློབ་དཔོན་དཔལ་བོ་རྡོ་རྗེ། མངའ་བདག་མི་ཏྲི་བ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་བསོད་ནམས་ཆོས་འཕེལ། འཇམ་དབྱངས་མཁྱེན་བརྩེ། འཇམ་དབྱང་ས་ལོ་ཆེན་པོ། འཇམ་དབྱངས་བློ་གསལ་བཟང་པོ། མུ་གུ་ལུང་སྐྱབས་མགོན། གཏེར་སྟོན་སྤྲུལ་སྐུའམ་དམ་པ་དམར་པོ།རྡེའུ་རིན་པོ་ཆེ་སྐུ་གོང་མ།དགེ་བཤེས་ཚུལ་ཁྲིམས་ཕུན་ཚོགས་ལགས་སོགས་སྐྱེས་བུ་དམ་པ་མང་པོའི་ཞབས་ཀྱིས་་བཅགས་བཅས་སྤྱི་ལོ་༡༩༩༣བར་གྱི་ལྷ་རྩེ་མང་མཁར་མྱུ་གུ་ལུང་གི་གནས་མདོར་བསྡུས་
དཔྱད་དེབ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར། ཚར་ཆེན་བློ་གསལ་རྒྱ་མཚོའི་རྣམ་ཐར། མུ་གུ་ལུང་ཕུག་བཅུ་གསུམ་ངོས་འཛིན། མུ་གུ་ལུང་གི་གནས་ཡིག བཀའ་འདམ་ཕ་ཆོས། ཡུལ་ལུང་གི་རྒན་པོ་ཉམས་མྱོང་ཅན་གྱི་ངག་རྒྱུན་བཅས་སོ།།
གུས་པ་སྦལ་ཏི་ལོ་ཙཱ་བའི་འདྲ་སྐུ་ཡང་ན་ལྡེབ་རིས་སོགས་གང་ཡང་རུང་བ་ཞིག་ཡོད་ན་བསྐུར་རོག་གནང་།