གཅན་ཚ་དཔལ་ལྡན།
ཧྥ་རན་སིའི་བོད་རིགས་ཚོགས་པ་གཙོས་ཚོགས་པ་ཁག་ཐུན་མོང་གི་གོ་སྒྲིག་འོག དེ་རིང་གཟའ་ལྷག་པའི་ཉིན་རྒྱལ་ས་ཕ་རི་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་ལྷག་གིས། བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༦༢ པ་སྲུང་གཙི་ཞུས་སོང་།
དེ་རིང་སྟེ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནི་ང་དགུ་ལོར་བོད་རང་བཙན་ཤོར་ཏེ། བཙན་བྱོལ་ནང་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་གཙི་བྱས་ནས། ཁྱོན་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་ཉིན་མོ་ཆགས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག ཧྥ་རན་སིའི་བོད་རིགས་ཚོགས་པ་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་གི་གོ་སྒྲིག་འོག རྒྱལ་ས་ཕ་རི་སིའི་ཐོ་ཀཱ་ངྷེ་ཝོ་ (Trocadéro) ཞེས་པའི་འགྲོ་བ་མིའི་རང་དབང་ཐང་ཆེན་དུ། བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་ ༦༢ པ་སྲུང་གཙི་ཞུས་ཡོད་ཅིང་།
ཐེངས་འདིའི་དུས་དྲན་མཛད་སྒོར་ཕ་རི་སི་རྫོང་ཁག་བཅུ་གཉིས་ཀྱི་མགོ་ཁྲིད་སྐུ་ཞབས་ཇོན་ལིག་ཝོ་མེ་( Jean Luc Roméo) ལགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕ་རན་སིའི་སྐུ་ཚབ་དོན་གཅོད་དྲུང་ཆེ་རྣམ་རྒྱལ་བསམ་འགྲུབ་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་བོད་མི་བཅས་ཁྱོན་མི་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་སོང་།
མཛད་སྒོའི་སྟེང་སྐུ་ཞབས་ཇོན་ལིག་ཝོ་མེ་ལགས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་ལ་ཡི་རང་བསྔགས་བརྗོད་དང་འབྲེལ་མ་འོངས་པར་བོད་མི་ཚོས་བོད་དོན་ཐོག་མུ་མཐུད་ཤུགས་བརྒྱབ་ན་བདེན་དོན་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་གཏམ་བཤད་གནང་བ་དང་། དེ་ནས་བོད་དོན་རྒྱབ་སྐྱོར་བ་དང་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་བོད་ཧྥ་ཟུང་འབྲེལ་གྱི་གཏམ་བཤད་གྲུབ་རྗེས།
བོད་རང་དབང་སློབ་ཕྲུག་ཚོགས་པས་མང་ཚོགས་ལ། ཉེ་ཆར་བོད་ནང་འདས་གྲོངས་ཕྱིན་པའི་བསྟན་འཛིན་ཉི་མའི་སྐོར་གཏམ་བརྗོད་ཀྱི་ལམ་ནས་གཟིགས་འབུལ་ཞུས་ཤིང་། སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བུ་མོ་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་གཏམ་བརྗོད་ཀྱི་བརྗོད་བྱ་ལས་འཕྲོས་ཏེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ་དང་བཙན་བྱོལ་དུ་འཚར་བཞིན་པའི་ན་གཞོན་ཚོས། བོད་ཀྱི་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་དགོས་པའི་ཚོར་བ་རྣོན་པོའི་གཏམ་བཤད་གནང་བར་མང་དག་ཅིག་ལ་སེམས་འགུལ་ཐེབས་ཏེ་མིག་ཆུ་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད།
སྐབས་དེར་བོད་རིགས་ཚོགས་པའི་ཚོགས་གཙོ་གྲྭ་བསྟན་འཛིན་སྤེན་པ་ལགས་ཀྱིས་དུས་དྲན་གཏམ་བཤད་གནང་སྟེ། རྒྱ་དམར་གཞུང་གིས་མི་ལོ་ལྔ་བཅུ་ལྷག་གི་རིང་བོད་མི་དམར་གསོད་དང་བཙོན་འཇུག་མནར་གཅོད་ཇི་ལྟར་བཏང་ཡང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་ངོ་བོ་རྩ་མེད་བཟོ་ཐུབ་མེད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། བཙན་བྱོལ་ནང་བོད་མི་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། ཆབ་སྲིད་གནས་བབ་རྒྱལ་སྤྱིའི་སྡིངས་ཆར་བསྐྱལ་ཡོད་ཚུལ་གསུངས་ཏེ། “རྒྱ་དམར་ཅི་ཙམ་སྟོབས་ཤུགས་ཆེ་ཡང་། དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་མི་དགའ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ན་བོད་དོན་བདེན་མཐའ་གསལ་རྒྱུར་རེ་བ་ཡོད་” ཅེས་གསུངས་བ་དང་། དེའི་རྗེས་མང་ཚོགས་ཀྱིས་གསུམ་བཅུའི་ལངས་གླུ་དང་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བཅས་བླངས་ཏེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།
ད་ལོའི་བོད་ལྕགས་གླང་ལོའི་ལོ་སར་ཚེས་གཅིག་ནས་གསུམ་བཅུའི་དུས་དྲན་བར། ཁྱོན་དུས་ཡུན་ཟླ་གཅིག་རིང་ཕ་རི་སི་གནས་སྡོད་སྐུ་ཞབས་བསྟན་པ་དར་རྒྱས་ལགས་དང་སྐུ་ཞབས་ལྷ་རི་ཡེ་ཤེས་ལགས་རྣམ་གཉིས་ཀྱིས། དང་བླངས་ཐོག་ཕ་རི་སིར་བོད་དོན་ཡིག་ཆ་འགྲེམ་སྤེལ་དང་གནས་ཚུལ་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ཅིང་། དེ་རིང་གསུམ་བཅུའི་དུས་དྲན་དང་བསྟུན་ཁོང་གཉིས་ཀྱི་ལས་འགུལ་རེ་ཞིག་མཇུག་བསྒྲིལ་ཡོད་ལ། ཐེངས་འདིའི་ལས་འགུལ་སྐབས་ཕ་རི་སིའི་ས་གནས་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་མི་ཁག་ཅིག་ལས་འགུལ་ལ་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་ཡོད།
ནམ་རྒྱུན་ལྟར་ན། ལོ་རེའི་ཕ་རི་སིའི་གསུམ་བཅུའི་དུས་དྲན་ལས་འགུལ་ནི། ས་གནས་ཉེན་རྟོག་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད། རང་དབང་ཐང་ཆེན་ནས་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་སྐད་འབོད་བྱེད་ཀྱི་ཡོད་ཀྱང་། ད་ལོར་ནད་ཡམས་ཀྱི་གནས་སྟངས་འོག་རང་དབང་ཐང་ཆེན་རང་དུ། དུས་ཡུན་ཆུ་ཚོད་ ༢ རིང་སྐད་འབོད་དང་གཏམ་བཤད་མ་གཏོཊ་ས་གནས་གཞན་དུ་གོམ་བགྲོད་བྱ་རྒྱུའི་ཆོག་མཆན་སྤྲད་མི་འདུག
གསར་འགོད་པས་ལས་འགུལ་ནང་ཞུགས་བསྟན་འཛིན་ལགས་སུ་དུས་དྲན་དང་འབྲེལ་བའི་མྱོང་ཚོར་དྲིས་པར། ཁོས་”དུས་རབས་ཕྱེད་ཀའི་རྗེས་ང་ཚོ་མི་ཡུལ་དུ་སྡོད་དགོས་བྱུང་བ་ཧ་ཅང་སྐྱོ་བོ་རེད། ཕྱི་རྒྱལ་ཁག་གི་གཞོན་སྐྱེས་ཚོར་བལྟས་ན། གལ་ཏེ་ང་ཚོ་བཙན་བྱོལ་ནང་ད་དུང་ལོ་ ༥༠ སྡོད་དགོས་ན། མི་རིགས་ངོ་བོ་སྲུང་སྐྱོབ་ཐུབ་རྒྱུ་ཁག་པོ་རེད “ཟེར།
“ཡང་ཁོས་མུ་མཐུད་དུ། “ དེང་སྐབས་སྔོན་མ་དང་མི་འདྲ་བར་གསུམ་བཅུའི་དྲན་གྱི་འབོད་ཚིག་དང་འཕྲེད་དར་ལ་འགྱུར་བ་འགྲོ་བཞིན་འདུག བོད་ཀྱི་རྒྱལ་དར་གྱི་ཚབ་ལ་ཆོལ་ཁ་དང་ཚོགས་པའི་དར་ཆ་འཁུར་ཡོང་གི་འདུག འབོད་ཚིག་ཀྱང་གཅིག་གྱུར་མ་རེད། དེ་ཚོ་ཡག་པོ་མཐོང་མ་སོང་། གསུམ་བཅུའི་དུས་དྲན་ནི་བོད་སྤྱིའི་ཆབ་སྲིད་དུས་དྲན་ཤིག་ཡིན་དུས། བོད་པ་ཚང་མས་ཉིན་དེར་གངས་སེང་དར་ཆ་འཕྱར་ན་ཡག་པོ་རེད་བསམ་གི་འདུག “ཅེས་ཟེར།
༢༠༡༩ ལོའི་ལོ་མཇུག་ཏུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས། ད་བར་འཛམ་གླིང་ཡོངས་སུ་ཁྱོན་མི་གྲངས་ས་ཡ་༢/༦ ལྷག་འདས་གྲོངས་སུ་ཕྱིན་པ་ཡོད་པ་དང་། དེའི་ཁྲོད་ཧྥ་རན་སིར་མི་གྲངས་ཁྲི་༩ ཙམ་འདས་གྲོངས་སུ་སོང་ཡོད། ས་གནས་ཧྥ་རན་སིར་ཡང་བོད་པ་བཅུ་ཕྲག་འགར་ཏོག་ནད་འགོས་ཀྱང་འདས་གྲོངས་ཕྱིན་པ་གཅིག་ཀྱང་བྱུང་མེད།
ཧྥ་རན་སིའི་གཞུང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འཚོ་བའི་འགན་ལེན་ཚད་ལྡན་གནང་བ་བཅས་ཀྱིས། འདས་པའི་ལོ་གཅིག་ནང་གཞུང་གིས་ཁྱིམ་བཀག་བཀའ་རྒྱ་ཐེངས་གསུམ་བཏང་ཡང་། མང་ཚོགས་ཀྱི་སེམས་ལ་འཇིགས་དངངས་དང་གནོན་ཤུགས་མེད་པར་རྒྱུན་ལྡན་འཚོ་བར་རོལ་ཐུབ་པ་བྱུང་ཡོད། ཧྥ་རན་སིར་ཁྱོན་མི་གྲངས་ས་ཡ་ ༦༧ ཙམ་ཡོད་པའི་ནང་། ད་སྔ་མི་གྲངས་ས་ཡ་ ༣/༥ ལ་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཚར་ཡོད་ལ། འགོག་ཁབ་རྒྱག་ཡུལ་གཙོ་བོ་འཕྲོད་བསྟེན་ལས་རིགས་ཐོག་འབྲེལ་བ་ཡོད་པ་དང་རྒན་ཡོལ་དུ་ཕྱིན་པ་རྣམས་ཡིན་འདུག
བརྒྱུད་ལམ་ཁག་ཏུ་བསྒྲགས་པ་ལྟར་ན། ད་ལོའི་དབྱར་ཁའི་བར་མི་གྲངས་ས་ཡ་ ༣༠ ལ་འགོག་ཁབ་རྒྱག་རྒྱུ་ཡིན་འདུག་ལ། ན་ནིང་ཕྱི་ཟླ་གསུམ་པ་ནས་ཧྥ་རན་སིའི་རྒྱལ་ཡོངས་མི་མང་རྣམས་ཁྱིམ་བཀག་བཀའ་རྒྱ་འོག་གནས་མུས་ཡིན་རུང་། མ་འོངས་པར་འགོག་ཁབ་མང་ཙམ་བརྒྱབ་སྟེ་ནད་ཡམས་འགོས་ཚད་ཉུང་དུ་ཕྱིན་ཚེ། གཅིག་བྱས་ན་ཕྱི་ཟླ་ ༥ པའི་ཟླ་མགོར་བཀག་རྒྱ་ཇེ་ཡངས་སམ་ཡང་ན་རྦད་དེ་གློད་སྲིད་སྐོར་བརྗོད་འདུག
ཤེས་གསལ་ལྟར་ན། དེང་སང་ཧྥ་རན་སི་ན་སྐྱབས་བཅོལ་བོད་མི་༨༠༠༠ ལྷག་ཡོད་འདུག་ལ། དེའི་ནང་དཔྱ་ཁྲལ་ལག་དེབ་ཡོད་མཁན་ ༥༠༠༠༠་དང་དཔྱ་དངུལ་འབུལ་མཁན་ ༣༠༠༠། འོས་བསྡུ་དེབ་སྐྱེལ་བྱེད་མཁན་ ༡༨༠༠ ཙམ་ཡོད་པར་ངོས་འཛིན་བྱེད་ཅིང་། དེ་དག་ལས་བརྒྱ་ཆ་ ༦༠ ཙམ་རྒྱལ་ས་ཕ་རི་སིར་གཏན་སྡོད་བྱེད་ཀྱི་ཡོད། གཞན་རྣམས་གྲོང་ཁྱེར་སི་ཊ་སི་བྷག་དང་ལེ་ཡུང་། བྷོ་བེ། ཁུ་བག་ཝེ། ཝན་སེ་སོགས་སུ་གནས་སྡོད་བྱེད་མུས་རེད། བོད་མི་མང་ཆེ་བ་འདས་པའི་ལོ་ ༡༠ ནང་ཧྥ་རན་སིའི་ནང་གཞིས་སྤོ་བྱས་པ་ཞིག་ཡིན་པ་དང་། ཁོང་ཚོའི་འཚོ་ཐབས་གཙོ་བོ་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་བཅས་ཀྱི་ལས་ཀ་རེད། དེ་བཞིན་བོད་མི་ཟ་ཁང་དང་ཚོང་ཁང་། འཕུར་མཉེད་ཁང་གཙོས་ཁེ་ལས་གཉེར་མཁན་ཡང་བཅུ་ཕྲག་འགའ་ཡོད་ཚོད་འདུག
ཧྥ་རན་སི་ནི་དེང་སང་རྒྱལ་སྤྱིའི་སྟེང་སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་རྒྱས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་དང་ཡུ་རོབ་མཉམ་འབྲེལ་གྱི་སྣེ་ཁྲིད་པ་གཙོ་བོའི་གྲས་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་རིག་གཞུང་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་རྙིང་གྲས་ཤིག་ཡིན་ནའང་། ལུང་པ་འདིའི་མི་མང་གིས་༧གོང་ས་མཆོག་གཙོས་བོད་པའི་ཆོས་དང་རིག་གཞུང་། སྐྱབས་བཅོལ་བོད་མི་བཅས་ལ་དམིགས་བསལ་དགའ་ཞེན་དང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ལ། ཧྥ་རན་སིའི་དབུས་གཞུང་གིས་ཀྱང་ངོ་རྟགས་ཆོད་པའི་བོད་མི་ཡིན་ཚན་ལ་སྐྱབས་བཅོལ་ཡིག་ཆ་སྤྲོད་བཞིན་པ་མ་ཟད། ཧོ་ལན་ཌི་དང་སུད་སི་གཙོས་ཡུ་རོབ་ལུང་པ་གཞན་ནས་ཡིག་ཆ་ནག་པོ་ཆགས་ཏེ། ཚུར་ཧྥ་རན་སིར་འབྱོར་མཁན་དག་ལའང་སྐྱབས་བཅོལ་ཡིག་ཆ་སྤྲད་དང་སྤྲོད་བཞིན་ཡོད་པ་རེད།
ད་ལྟའི་ཆར་ཧྥ་རན་སིར་ནང་པ་ས་ཡ་ ༡ ལྷག་ཡོད་པར་བཤད་ཅིང་། དེ་དག་ནི་ཝེ་ཌི་ནམ་དང་རྒྱ་རིགས། བོད་རིགས་གཙོས་ཨེ་ཤ་ཡའི་ནང་པའི་མི་རིགས་ཁག་དང་། དེ་བཞིན་སྐྱེས་ཁོངས་ཧྥ་རན་སི་ནས་ཡིན་པའི་མི་རིགས་དཀར་པོའི་ནང་པ་རྣམས་ཡིན་འདུག ལུང་པ་འདིར་ཁྱོན་ནང་པའི་ཆོས་ཚོགས་ ༢༠༠ དང་དེའི་ནང་བོད་པའི་ཆོས་ཚོགས་ ༡༤༠ ཙམ་ཡོད། མདོར་ན། ཧྥ་རན་སི་ནི་འཛམ་གླིང་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། མི་མང་སྒེར་ངོས་ནས་བཙན་བྱོལ་བོད་པའི་ཕྲུ་གུར་སྦྱིན་བདག་བྱེད་མཁན་མང་ཤོས་སུ་གྱུར་ཡོད།