གསལ་ལེ་རྒྱལ།
མི་འགྲིག་ནའང་བཤད་གི་ཡིན། ང་རང་ཁ་སྐད་གཙོར་འཛིན་པ་ཞིག་ཡིན། སྐད་ཡིག་ལ་ཡ་ཆུང་སྙིང་ནས་དུང་བའི་མི་ལ་ལས་ཁ་སྐད་འབྲི་མཁན་ཚོ་སྐད་ཡིག་གི་དགྲ་རུ་བརྩི་བཞིན་ཡོད། རེད་དེ། ང་ཡང་རང་གི་སྐད་ཡིག་ལ་རུས་པའི་རྐང་ནས་དུང་མཁན་ཞིག་ཡིན་ལ། ཁ་སྐད་གཙོར་བོར་འཛིན་དོན་ཡང་རང་གི་སྐད་ཡིག་ལ་དུང་བས་ཡིན། ངས་ཡིག་སྐད་འབྲི་བར་ཁ་སྐད་ཀྱི་རིམ་པ་ཞིག་སྔོན་ལ་འགྲོ་དགོས་པར་མཐོང་གི་འདུག ངས་ཁ་སྐད་འབྲི་བར་འབད་པ་བྱེད་དོན་ཡང་དེ་ཡིན།
བླ་མ་དང་མཁན་པོ་སོགས་ནང་ཆོས་ཀྱི་བསླབ་པ་མཐར་སོན་དག་གིས་ཆོས་བཤད་བརྒྱབ་ན་ང་ལྟ་བུས་གོ་ཐུབ་པ་ཞིག་མ་རེད། ངས་བོད་ཡིག་ཅུང་ཙམ་ཤེས་པའི་བཀའ་དྲིན་གྱིས་ཞིབ་ཏུ་ཉན་ན་བོད་སྐད་ཅིག་ཡིན་པ་ཤེས་ཐུབ་ཅིང་། དེའང་བོད་ཡིག་གི་དེབ་ཞིག་ཀློག་འདོན་བྱེད་པ་ལྟ་བུ་ལས་ཅི་ཡང་གོ་མི་ཐུབ། ཆེན་པོ་ཚོས་བཤད་པ་ལྟར་ན་དེ་ནི་མཁས་པས་བཤད་མ་ཤེས་པས་མ་ཡིན་པར་ཁྱོད་ཀྱིས་ཉན་མ་ཤེས་པས་རེད་ཟེར། དོན་དུ་ཁྱོད་ཀྱིས་ཡི་གེ་མ་ཤེས་པས་རེད་ཟེར། སྐད་ཆ་དེའི་ཆ་ཤས་ཤིག་བདེན་པ་ཡིན་ཡང་ཚང་མ་བདེན་པ་མ་རེད། བོད་ལ་ད་དུང་བོད་ཡིག་གི་ཤེས་ཚད་ང་ལ་མི་དོ་བའི་བོད་པའང་མང་པོ་ཡོད།
བོད་ལ་བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བྲིས་ཚེ་སྙན་ངག་མིན་པར་བརྩི་བའི་དུས་སྐབས་ཤིག་ཀྱང་ཤར་མྱོང་ཞིང་། ཕྱིས་སུ་བརྡ་རྙིང་དང་མངོན་བརྗོད་མང་བའི་རྩོམ་ཡིག་དེའི་རིགས་ལ་༼ ཞིང་འབྲོག་མང་ཚོགས་ལ་སྐྲག་སློང་བྱེད་ཀྱི་རྩོམ་རིག༽ ཟེར།
༧གོང་ས་མཆོག་གིས་ “ ཟབ་མོ་ཆོས་ཀྱི་ལྟ་བ་འདི་རེད་ “ ཅེས་གསུང་བཞིན་པ་དེ་དག་ལ་ཉན་ན་ང་ལྟ་བུ་ཞིག་གིས་ཀྱང་དོན་གསལ་བོར་གོ་ཐུབ། ༧གོང་ས་མཆོག་གིས་གསུངས་ན་གོ་ཐུབ་པ་དང་གཞན་གྱིས་བཤད་ན་མི་གོ་བའི་གནད་འགག་དེ་ཅི་ཞིག་ཡིན་ནམ། ངས་དེ་ལ་བསམ་བློ་བཏང་མྱོང་། དད་པའི་དབང་གིས་རེད་དམ་ཞེ་ན་དེའང་མ་རེད། དེ་ནི་ ༧ གོང་ས་མཆོག་གི་” ཞལ་གསུང་དྲོན་མོའི་” བཀའ་དྲིན་རེད།
“ ཞལ་གསུང་དྲོན་མོ་” ནི་ཁ་སྐད་ཀྱི་ཞེ་ས་དང་། ༧ གོང་ས་མཆོག་གིས་ང་དང་ང་ལྟ་བུའི་དམའ་རིམ་པ་དག་ལ་དམིགས་ནས་ཞལ་གསུང་དྲོན་མོའམ་ཁ་སྐད་ཀྱིས་གསུངས་པ་ནི་༧ ཁོང་གི་ཐབས་མཁས་ཐུགས་རྗེ་ཆེན་པོ་སྟེ་ “ གང་ལ་གང་འདུལ་དེ་ལ་དེ་སྟོན་པ” ཞེས་པ་དེ་རེད།
དེ་ནས་ཡིག་མཁན་ཚོས་༧ གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་སོགས་ཞལ་གསུང་དྲོན་མོ་ཡོད་ཚད་ཇི་མ་ཇི་བཞིན་དུ་ཡིག་ཐོག་ལ་འགོད་ཀྱིན་ཡོད། ༧ གོང་ས་མཆོག་གི་” ཞལ་གསུང་དྲོན་མོ་”དེ་ཞེ་ས་མ་སྦྱར་ན་ཡུལ་དབུས་ཀྱི་ཁ་སྐད་རེད། ཁ་སྐད་འབྲི་མི་རུང་ཟེར་མཁན་ཚོས་ཀྱང་” ཞལ་གསུང་དྲོན་མོ “ཡུལ་དབུས་ཀྱི་ཁ་སྐད་ཡིན་པ་ཤེས་བཞིན་དུ་གསུང་བ་པོ་༧ གོང་ས་མཆོག་ཡིན་པའི་རྒྱུ་མཚན་གྱིས་ཡུལ་དབུས་ཀྱི་ཁ་སྐད་ལ་དམིགས་བསལ་སྤྲད་པ་ནི་ཁ་སྐད་འབྲི་མི་རུང་ཟེར་མཁན་ཚོས་དད་པའི་དབང་གིས་ཁ་སྐད་ལ་སྤྲད་པའི་དམིགས་བསལ་ཞིག་རེད། དམིགས་བསལ་དེའི་མིང་ལ་” ཞལ་གསུང་དྲོན་མོ “་ཟེར་ཡང་ཞེ་ས་མ་སྦྱར་ན་ཁ་སྐད་རེད། “ རྟ་རྒན་དྲིན་ལ་བོང་རྒན་དབུས་ལ་སོང་”ཞེས་པ་ལྟར། ༧གོང་ས་མཆོག་གི་ཞལ་གསུང་དྲོན་མོའི་བཀའ་དྲིན་ལ་ཡུལ་དབུས་ཀྱི་ཁ་སྐད་ཚང་མ་ཡིག་ཐོག་ལ་བྲིས་ན་ཆོག
རྒྱུ་མཚན་དེ་ནི་རྒྱུ་མཚན་ཞིག་ཡིན་མིན་གང་ལྟར་ཡང་། ཁ་སྐད་གཙོ་བོར་འཛིན་མཁན་ཚོ་ལ་མཚོན་ན་དེའང་༧ གོང་ས་མཆོག་གི་ “ ཞལ་གསུང་་དྲོན་མོའི “ བྱིན་རླབས་སམ་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་ཐོབ་པའི་རྒྱལ་ཁ་ཆུང་ཆུང་ཞིག་ཡིན། ཨ་མ་གཉོར་སྟངས་དེ་གཉོར་སྟངས་ཡག་པོ་ཞིག་ཡིན་མིན་མི་ཤེས་མོད། ཨ་མ་སྐྱོར་སྟངས་དེ་སྐྱོར་སྟངས་ཡག་པོ་ཞིག་རེད།
དཔེ་དང་དཔེ་ཅན་གཉིས་ཀའི་བར་ན་བྱ་རྒོད་ཤུགས་ཀྱིས་འཕུར་བའི་ཉིན་ལམ་བཅོ་བརྒྱད་ཡོད་ནའང་། ༧ གོང་ས་མཆོག་གི་ཞལ་གསུང་དྲོན་མོའི་བྱིན་རླབས་ཀྱིས་ཡུལ་དབུས་ཀྱི་ཁ་སྐད་ལ་རང་དབང་རང་བཙན་ཐོབ་པ་ལྟར། ང་ཚོ་ཁ་སྐད་གཙོ་འཛིན་པ་ཚོས་མུ་མཐུད་དུ་ཨུ་ཚུགས་བྱས་ན་ཡུལ་མཐའི་ཁ་སྐད་ལའང་༼ བརྡ་སྤྲོད་དང་མཐུན་དགོས་པའི་སྔོན་འགྲོའི་ཆ་རྐྱེན་འོག་༽ ཚད་མཐོའི་རང་སྐྱོང་གི་ཤོག་ངོས་འགའ་རག་པའི་རེ་བ་འདུག
དཔེར་ན། ཨོ་ལོ་ནི་གཙང་གི་ཁ་སྐད་ཅིག་སྟེ་བྱིས་པའམ་ཕྲུ་གུའི་དོན་རེད། ཁ་ཆེ་ཕ་ལུས་” ཚུར་ལ་གསོན་དང་ཨ་ཕའི་ཨོ་ལོ་ཚོ” ཡིག་ཐོག་ཏུ་བཀོད་པ་ནས་མདོ་དབུས་ཁམས་གསུམ་གྱིས་ཡིག་སྐད་ཡིན་པའི་ངོས་ལེན་བྱེད་ཀྱིན་ཡོད།
འདི་ན་སྨྱུ་གུ་དང་ཤོག་བུའི་བརྩེ་དུང་གི་གཏམ་རྒྱུད་ཅིག་གླེང་གིན་ཡོད་པས། སྨྱུ་གུའི་མགོ་རྔ་མི་ཤེས་མཁན་ཚོས་གྲི་གཡུག་ན་ཡ་ལན་སྟེར་འདོད་མེད་ལ། ཕྱག་འཚལ་ན་མཇལ་ཁ་འཇོག་ཁོམ་ཡང་མེད།
༡༤/༠༣/༢༠༢༡ ལ་ཕ་རེ་སི་ནས།