སྨན་པ་བྱང་ནག་པ་བནྡེ་ཚེ་རིང་།
སྨན་གྱི་བླ་མ་གཡུ་ཐོག་འགྲོ་བའི་མགོན།།
འཕྲིན་ལས་སྤེལ་མཛད་བྱང་ཟུར་མཁས་པའི་ལུགས།།
བཀའ་བབས་ཆུ་བོ་ཕྱོགས་གཅིག་ཡོངས་བལྟམས་པ།།
དངོས་དང་བརྒྱུད་པའི་བླ་མར་གུས་ཕྱག་འཚལ།།
སྐལ་བཟང་ སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ཀྱི།།
ཟླ་བ་བཅུ་གཅིག་ཚེས་གྲངས་ཉེར་བརྒྱད་ཉིན།།
བོད་ཀྱི་སྨན་ལུམས་རྒྱལ་སྤྱིའི་སྒང་ནས་འཚེར།།
མངོན་མིན་ཤུལ་བཞག་གྲལ་ལ་འགྱངས་ནས་སོང་།།
མ་འོངས་རེ་འདུན་ཕྲག་ལ་ཁུར་ནས་སོང་།།
རིག་གནས་སྤྱི་ཁོག་རུམ་ལ་ཉར་ནས་སོང་།།
གངས་རིའི་སྟེང་ནས་གླིང་བཞིར་ཀི་ཞིག་བཏབ།།
གསོ་རིག་ཚན་པ་ཡོངས་ལ་བརྡ་ཞིག་བསྟན།།
འབྲས་བཟང་རླབས་ཆེན་ལེན་པའི་ལས་སྣ་ཚོར།།
སོར་བཅུ་བྲང་ལ་བཀྲམས་ནས་མེ་ཏོག་སྟོར།།
ལུམས་ཀྱི་རླབས་རྒྱུན་ཕྱོགས་བཅུར་གང་སར་འཕྱོ།།
བགྲོ་གླེང་ཚོགས་པས་བཙོ་སྦྱངས་བརྡར་ཤ་གཅོད།།
མདོ་སྨད་ཙོང་ཁའི་གནའ་མཁར་ཟི་ལང་ན།།
བཻཌྱ་ཡི་ཁང་བརྩེགས་དགུང་དང་མཉམ།།
དེ་ན་ལུགས་གསུམ་འཛིན་པའི་གོས་དཀར་ཚོས།།
མེ་ཏོག་མཉམ་བཞད་མཁས་པའི་མཛེས་པ་བསུ།།
གནད་ཀྱིས་ཕྱུག་པའི་འཚོ་བྱེད་སྤྲིན་བཞིན་འདུ།།
བདུད་རྩིའི་ལྔ་ཡི་ཆར་རྒྱུན་སིམ་སིམ་སྟེར།།
ཕྱི་ཡི་འབྱུང་བ་ལྔ་འདི་བརླན་པར་བྱས།།
ནང་གི་ཕུང་བོ་ལྔ་ཡང་བརླན་པར་བྱས།།
གསང་བའི་རྩ་ཐིག་རླུང་ཡང་བརླན་པར་བྱས།།
ཤིན་ཏུ་རྨད་བྱུང་ཕན་བདེ་ངོ་མཚར་ཅན།།
འཇམ་དཔྱད་བདུད་རྩི་ལྔ་ཡི་དགའ་སྟོན་འགྱེད།།
མི་བརྗེད་གཟུངས་ཀྱི་ངར་གདེངས་ཡོད་གྱུར་ན།།
ལོ་བརྒྱ་སོང་ཡང་བརྗེད་པའི་དོགས་པ་མེད།།
འོན་ཀྱང་རང་དང་རང་འདྲའི་ན་མཉམ་འགའ།།
བརྗེད་ངེས་རྐུན་པོ་སྒོ་ཁར་ཉལ་དང་མཚུངས།།
རྐུན་པོ་འདི་ཡིས་རྐུས་པའི་རྣམ་གྲངས་ནི།།
མཛུབ་མོ་ནང་བཀུག་བྱས་པས་རྫོགས་མཐའ་མེད།།
ད་ནི་ཅིས་ཀྱང་བརྗེད་ཐོར་འགོད་པ་གལ།།
འགྲོ་དྲུག་གཙོ་བོར་གྱུར་བའི་མི་ལུས་འདི།།
མ་རིག་དབང་གིས་ལས་ངན་སྤྱོད་ན་ཡང་།།
ལས་ངན་ནང་ནས་ལས་ཅན་ཡིན་པ་འདྲ།།
སྐབས་སུ་མངོན་མཐོ་ལྷ་ཡི་ལོངས་སྤྱོད་ཀྱང་།།
རོལ་མྱོང་བྱེད་པའི་གོ་སྐབས་ཡོད་པ་ནི།།
དཔེར་ན་ལྷ་ཤིང་ཤུག་པ་ཚེར་མ་ཅན།།
བདུད་རྩི་ལྔ་ལས་ལྷ་ཡི་བདུད་རྩི་ཡིན།།
དེ་བཞིན་འོམ་བུ་ཀླུ་ཡི་བདུད་རྩི་དང་།།
མཁན་སྐྱ་སྡེ་བརྒྱད་བྲག་མཚེ་བཙན་གྱི་སྟེ།།
མི་ཡི་བདུད་རྩི་བ་ལུ་ཡིན་པར་འདོད།།
དེ་ལྟར་འགྲོ་བ་གཞན་གྱི་ལོངས་སྤྱོད་དག།
འགལ་དང་མི་འགལ་མངོན་སུམ་ཆོས་ཉིད་ལ།།
དཔྱད་པའི་བློ་མིག་མེད་ཀྱང་སྐབས་ལ་ལར།།
མངོན་སུམ་དམར་རྗེན་རྐྱང་པ་ཁོ་ན་ལས།།
ལྐོག་གྱུར་ངོ་མཚར་དེས་ཀྱང་བློ་སེམས་སྐྱིད།།
ཡང་ན་བ་ལུ་ཉིན་གྱི་བདུད་རྩི་དང་།།
ཤུག་པ༼ སྤ་མ༽ སྲིབས་དང་མཚེ་ནི་སྤང་གི་སྟེ།།
འོམ་བུ་ཆུ་དང་མཁན་སྐྱ་སའི་བདུད་རྩི།།
དེ་བཞིན་མཚེ་ཡིས་ཚེ་བསྲིང་བཅུད་ལེན་འགྲུབ།།
བ་ལིས་པགས་པ་དག་ནི་མཉེན་པར་བྱེད།།
མཁན་པས་ལུས་ཀྱི་འབྱུང་བའི་གདོན་རྣམས་འདུལ།།
འོམ་བུས་རུས་པའི་དུག་རྣམས་འདོན་པར་བྱེད།།
ལྷ་ཤིང་ཤུག་པ་ཡོན་ཏན་བརྒྱད་དང་ལྡན།།
བདུད་རྩི་ལྔ་ལས་འོམ་བུ་མ་གཏོགས་པ།།
གཞན་བཞི་བཅུད་ལེན་སྨན་ཡང་ཡིན་ངེས་ཏེ།།
མན་རྒྱུད་རྒས་པ་གསོ་བའི་བར་སྐབས་ན།།
ཤུག་པ་བ་ལུ་མཚེ་དང་མཁན་པ་བཞི།།
དགུན་མི་སྐམ་པ་ཚེ་ཡི་གསོས་སུ་འགྱུར།།
གསོ་དཀའི་ཚེ་ཡང་ཡུན་དུ་བསྲིངས་ནུས་ན།།
ཕལ་བའི་ནད་ལ་མ་བཤད་ངང་གིས་འགྲུབ།།
བདུད་རྩི་ལྔ་ལས་མཁན་པ་མ་གཏོགས་པ།།
ངོས་འཛིན་ཐད་ལ་རྙོག་དྲ་ཆེར་མེད་དེ།།
མཁན་པ་འདི་ལ་རིགས་དབྱེ་ཤིན་ཏུ་མང་།།
སྐད་གྲགས་ཅན་གྱི་ཨ་ནེ་ཐོའུ་ཡིས་ཀྱང་།།
མཁན་པའི་རིགས་གཅིག་བརྩད་གཅོད་བྱས་ནས་ཀྱང་།།
ནོར་པེ་རྟགས་མའི་བྱ་དགའ་ཐོབ་པར་གསུངས།།
དེ་བཞིན་བདུད་རྩི་ལྔ་ཡི་ཕྱག་རྒྱུན་ལས།།
མཁན་པའི་ངོས་འཛིན་ཅུང་ཙམ་མི་འདྲ་སྟེ།།
ལ་ལས་མཁན་སྐྱ་ལ་ལས་མཁན་ནག་དང་།།
ལ་ལས་མཁན་སྐྱ་མཁན་ནག་འདྲེས་མ་དང་།།
གཞན་ཡང་མཁན་ཆུང་གསེར་མགོ་བྱེད་པ་ཡོད།།
གང་ལྟར་འདི་ཡིན་འདི་མིན་གཏན་འཁེལ་དང་།།
འདི་བཟང་འདི་ངན་སྨན་གྱི་དབྱེ་མཚམས་ཤིག།
གནའ་ནས་ད་ལྟའི་བར་དུ་མ་བྱུང་མོད།།
ཞིང་ཆེན་བོད་སྨན་ཁང་གི་ལག་ལེན་ནི།།
སྨན་ཁང་གཞན་དང་ཅུང་ཙམ་མི་འདྲ་སྟེ།།
མིང་ལ་མཁན་པ་ཨ་ཀྲོང་ཞེས་ཀྱང་ཟེར།།
སྐྱེས་ས་རོང་ཡུལ་གཟར་བའི་རི་ལ་སྐྱེས།།
རིགས་ནི་ཤིང་མ་ལྡུམ་ཀྱི་ཁོངས་སུ་འདུ།།
འདི་ནི་སྨན་རྒན་ཨ་ཁུ་དཔལ་ཆེན་ནས།།
རིམ་པར་བརྒྱུད་པའི་ཕྱག་ལེན་ཡིན་པར་གསུངས།།
སྐྱེས་མཆོག་དམ་པའི་མཛད་བཟང་ལོ་རྒྱུས་ནི།།
རང་གིས་མཐོང་ན་དད་པས་སྤུ་ལོང་གཡོ།།
གཞན་ལ་ངོམ་དུས་སྤོབས་པའི་གདེང་ཞིག་སྟེར།།
སྲིད་ཀྱི་དཔོན་གནས་དགོན་པའི་བླ་བྲང་སོགས།།
ཞེན་ཆགས་མེད་པ་གད་སྙིགས་བཞིན་དུ་དོར།།
ཆོག་ཤེས་སྤྲང་ལ་གཏད་དེ་སྤྲང་ཚོམས་ནས།།
བསླབ་པའི་གནས་ལ་གཏན་ཚིགས་རི་མོ་བྲིས།།
རྒྱལ་བསྟན་སྤྱི་དང་ཡང་སྒོས་གསོ་རིག་གི།།
འདས་མ་ད་གསུམ་སྙིང་གི་དཀྱིལ་ན་འཚེར།།
ཙོང་ཁའི་ཡུལ་ནས་ལུམས་ཀྱི་དྲི་ལྡང་ན།།
ཨ་ཁུ་དཔལ་ཆེན་སྙིང་ན་ལྗིད་ཏིག་ཏིག།
བདུད་རྩི་ལྔ་བོ་སོ་སོའི་སྨན་རྒྱུ་རྣམས།།
རང་རང་ཡུལ་ལུང་ལུགས་ལྟར་བཙལ་ནས་ནི།།
ད་ནི་བདུད་རྩི་ལྔ་ཡི་བསྙལ་ལུགས་བཤད།།
ཐེངས་འདིའི་རིག་གཞུང་དཔྱད་གླེང་གོ་རིམ་ནང་།།
མཁས་དབང་རྣམ་པའི་གསུངས་ལ་ཅུང་དཔྱད་ན།།
ལུམས་ལ་བསྙལ་ལུགས་ཆེན་པོ་བཞི་ཡོད་འདྲ།།
དང་པོ་བདུད་རྩི་ལྔ་སོགས་སྨན་རྫས་རྣམས།།
ལོ་ཆུང་ལྕུག་ཕྲན་གསར་རྐྱང་ཡིན་གྱུར་ན།།
ཤིང་གི་ནུས་པ་སྐྱུར་ཀྱིས་མ་དྲངས་ཀྱང་།།
ཤིང་ནུས་ཕྱི་ལ་གདོན་པར་སླ་བས་ན།།
དེ་རྣམས་ཐད་ཀར་རྡོ་ཚན་སྟེང་བཀབ་ནས།།
དེ་ཡི་སྟེང་ནས་ལུམས་ལ་འདུག་སྲོལ་ཡོད།།
གཞུང་དང་དཔེ་རྙིང་འགའ་ལས་འདི་མ་མཐོང་།།
དགེ་རྒན་བཙུན་ཐར་ངག་ལས་རྙེད་པ་ཡིན།།
གཉིས་པ་ཕལ་ཆེར་ཐུན་མོང་ཀུན་ཁྱབ་སྟེ།།
བདུད་རྩི་ལྔ་པོ་རང་ཐིམ་ཆུ་ལ་སྦངས།།
ལེགས་པར་བཙོ་ལ་སྨན་ཁུ་རང་ཐིམ་བྱ།།
དེ་བཞིན་གད་གཙང་བྱས་པའི་ནས་འབྲུ་ཡང་།།
ཆུ་ལ་བཙོ་དགོས་ཚོས་ཚད་ལག་པ་ཡིས།།
འབྲུ་རྡོག་གཅུར་ཚེ་ནུར་མོ་ཡོང་དུས་ཡིན།།
དེ་དུས་སྨན་དང་ནས་འབྲུ་ཕྱིར་བཏོན་ནས།།
ཅུང་ཟད་སྐམ་ནས་སྲད་པོ་གྱུར་བ་དང་།།
དྲོད་རྔ་ཅུང་ཙམ་ཡོད་པས་དུས་སྐབས་སུ།།
ཕབས་དང་བུལ་ཏོག་བསྲེས་ནས་བསྙལ་དུས་ཡིན།།
ནད་པ་གཅིག་གི་སྨན་ཚད་དཔེར་བྱས་ན།།
སྨན་ལྔ་ཆ་མཉམ་རྒྱ་མ་དོ་རེ་དང་།།
ནས་དཀར་རྒྱ་མ་ཉི་ཤུ་བྱང་བུལ་ནི།།
ཁེ་གྲངས་སུམ་བརྒྱ་ཆང་གི་ཕབས་རྩི་ནི།།
ཁེ་གྲངས་བཞི་བརྒྱ་བྱས་ཏེ་བསྙལ་དགོས་སོ།།
གོང་གི་འདི་ནི་ཆུ་ལུམས་དཔེར་མཚོན་ཡིན།།
གལ་སྲིད་རླངས་ལུམས་འདོད་ན་འདི་ལྟར་བྱ།།
ནད་པ་གཅིག་གི་སྨན་གྱི་རྒྱ་ཚད་ནི།།
བདུད་རྩི་སྨན་ལྔ་རྒྱ་མ་གང་རེ་ལ།།
བྱང་གི་བུལ་ཏོག་ཁེ་གྲངས་ཉིས་བརྒྱ་དང་།།
ནས་འབྲུ་བཟང་པོ་རྒྱ་གྲངས་བཅུ་ཡིན་ཏེ།།
ཕབས་རྩིའི་ཁེ་གྲངས་བརྒྱ་དང་ལྔ་བཅུ་ཡིན།།
འདི་ནི་ལྷོ་ཁ་སྨན་རྩིས་ཁང་གི་ལུགས།།
དགེ་རྒན་སྨིན་གྲུབ་གསུང་བཞིན་ཡི་གེ་ཕབས།།
ཞིང་ཆེན་བོད་སྨན་ཁང་གི་བསྙལ་ལུགས་ནི།།
ནས་འབྲུའི་མཉམ་དུ་བཙོ་བསྙལ་བྱ་སྲོལ་མེད།།
བདུད་རྩི་སྨན་ལྔ་རྐྱང་བ་བསྙལ་དགོས་ཏེ།།
སྨན་དག་བཙོ་ལ་རང་ཐིམ་བར་དུ་གདུ།།
ཕྱིར་བཏོན་དྲོད་རྔ་ཅུང་ཙམ་ཡོད་དུས་སུ།།
ཆང་དང་ཕབས་རྩི་བསྲེས་ནས་བསྙལ་དགོས་ཏེ།།
རྒྱ་མ་ལྔ་ལ་ཆང་དང་ཕབས་རྩི་ནི།།
ཕལ་ཆེ་རྒྱ་མ་གང་རེ་ཡིན་པ་འདྲ།།
སྐུ་འབུམ་དགོན་ནས་རིམ་བཞིན་མཆེད་པར་བཤད།།
སྨན་རྒན་དཔལ་ཆེན་ལགས་ཀྱི་ཕྱག་རྒྱུན་ཡིན།།
ཤིན་ཏུ་དམིགས་བསལ་ཅན་གྱི་ལག་ལེན་ནི།།
བདུད་རྩི་ལྔ་བོ་བཅུད་དུ་འགུགས་པ་ཡིན།།
དང་པོ་རང་ཐིམ་ཆུ་ལ་གདུ་ཞིང་བཙོ།།
དེ་ནས་འོ་མའི་ནང་དུ་བཅུད་འགུག་བྱ།།
ཅུང་ཙམ་སྲད་ནས་ཆང་གི་ཕབས་རྩི་སོགས།།
གོང་སོགས་ཕལ་ཆེར་གཅིག་པ་གཅིག་རྐྱང་ཡིན།།
གཞུང་དང་ཉམས་ཡིག་ཁག་ལས་འདི་མ་མཐོང་།།
མངའ་རིས་སྨན་པ་རིན་ཆེན་རྒྱལ་ལགས་ཀྱིས།།
རིག་པའི་ཆུ་གཏེར་བསྲུབས་ལས་ཕྱུང་པ་ལགས།།
བསྙལ་དགོས་ལུགས་ནི་གང་དང་གང་ཡིན་ཀྱང་།།
དབྱར་དུས་ཞག་གསུམ་དགུན་དུས་ཞག་ལྔ་སོགས།།
བསྙལ་བའི་ཞག་གྲངས་ཁྱད་པར་ཅུང་ཡོད་མོད།།
ཤིང་སྨན་དག་ལ་བ་སྤུ་སྐྱེས་དུས་དང་།།
སྤངས་མའི་དྲི་ཞིམ་གང་སར་འཁྱིལ་དུས་ནི།།
ཤིན་ཏུ་མི་ནོར་བ་ཡི་གཟེར་ཡིན་ཏེ།།
ཅིའི་ཕྱིར་ཤིང་ནུས་སྐྱུར་གྱིས་འདྲེན་དགོས་པས།།
འདི་ལས་སྔ་ན་ཤིང་ནུས་ཕྱིར་མི་འདྲོངས།།
འདི་ལས་འཕྱི་ན་རུལ་བའི་ཉེན་ཁ་ཆེ།།
ཤིང་ནུས་སྐྱུར་ལ་འདྲེན་པ་ཤིན་ཏུ་གནད།།
སྐྱུར་ཀྱིས་སྨན་ནུས་ཆུ་རུ་མ་དྲངས་ན།།
ཤིང་སྨན་གཅིག་པོ་ཆུ་ལ་འདྲེས་པ་དཀའ།།
སྐྱུར་ལ་དྲངས་རྗེས་མྱུར་དུ་ལུམས་བཅོས་དགོས།།
འོན་ཀྱང་ལ་ལས་ཡང་སྐྱར་ཉི་མར་སྐམ།།
དེ་འདྲས་སྨན་ནུས་དོན་མེད་ཆུད་ཟོས་འགྲོ།།
འདི་ཡང་ཤིན་ཏུ་གཟབ་དགོས་གནད་དུ་འདོད།
ཤིང་ནུས་སྐྱུར་ལ་འདྲེན་པའི་ཞལ་གདམས་འདི།།
དགེ་རྒན་བཙུན་ཐར་ངག་རྙེད་པ་ཡིན།།
དེ་ལྟར་གང་མཁོའི་ལུགས་བཞིན་བསྙལ་ནས་སུ།།
རུང་བའི་དཔེ་མཚོན་ནད་གཞི་འགོད་པར་བྱ།།
འདི་ལ་དགེ་རྒན་ཀླུ་བྱམས་རྒྱལ་ལགས་ཀྱི།།
རིག་ལམ་གསལ་བ་རྣག་ཐོག་ཁབ་བཙག་འདྲ།།
བྱ་བརྒྱ་འུར་རྡོ་གཅིག་གིས་སྐྲོད་པ་བཞིན།།
གཅིག་ཤེས་ཀུན་གྲོལ་ཐབས་ལམ་ཁྱད་དུ་འཕགས།།
ཉེས་པ་གསུམ་ལ་བལྟས་ནས་བཤད་ན་ནི།།
ལུམས་ནི་རླུང་གི་ནད་ལ་ཕན་པ་སྟེ།།
མདོར་བསྡུས་རླུང་ནད་རེངས་འཁུམས་སྐམ་སྦོས་དང་།།
རྐང་པ་ཞ་སྟེ་འཕྱེ་ནས་འགྲོ་བ་སོགས།།
སྟོད་སྨད་བར་གསུམ་ཕྱི་ནང་གསང་གསུམ་དང་།།
གཡས་གཡོན་བར་གསེང་ཕྲ་རགས་ལ་སོགས་པའི།།
རླུང་ནད་མང་དག་ཅིག་ལ་ལུམས་འདི་ཕན།།
ཚ་གྲང་གཉིས་ལ་དམིགས་ནས་བརྗོད་པ་ན།།
ལུམས་འདི་གྲང་བའི་ནད་ལ་ཕན་པ་སྟེ།།
སྤྱི་དང་བྱེ་བྲག་ཁྱད་པར་རིམ་པ་བཞིན།།
ཤིན་ཏུ་ཕྲ་བའི་འབྱུང་གཟུགས་ཁཱ་ཁི༼ Quark༽ནས།།
རགས་པ་ཕུང་གྲུབ་སྤྱི་ཡི་མེ་དྲོད་གསུམ།།
སྲུང་ཞིང་མ་ཞུའི་ནད་སོགས་འཇུག་མི་བྱ།།
དེ་ལྟར་ལྟོས་ས་ལྟོས་འཇོག་གིས་བཤད་ན།།
རླུང་ལ་རུང་ཞིང་བད་ཀན་ནད་ལ་མིན།།
བད་རླུང་གྲང་བའི་ནད་ལ་རུང་བ་དང་།།
ཁྲག་མཁྲིས་ཚ་བའི་ནད་ལ་སྤྱིར་མི་རུང་།།
ཚད་རྙིང་བྱེར་འགྲམས་ནད་ལ་རུང་བ་དང་།།
རིམས་འཁྲུགས་རྒྱས་ཚད་ནད་ལ་མི་རུང་ངོ།།
ཤ་པགས་རྩ་རུས་ནད་ལ་རུང་བ་དང་།།
དོན་ལྔ་སྣོད་དྲུག་ནད་ལ་མི་རུང་ངོ་།།
རུང་མིན་གནད་ཀྱི་དྲང་ཐིག་འདི་གདབ་ནས།།
ཆུ་དང་རླངས་སུ་གླུམ་པའི་ལུམས་བཅོས་ཀྱི།།
དངོས་གཞི་གསོ་བཅོས་ལས་ཀའི་རིམ་པ་ནི།།
དང་བོ་ལུམས་ལ་འདུག་པའི་དུས་ཚིགས་སྟེ།།
ཕྱི་རོལ་ཇི་བཞིན་འགྱུར་བ་དེ་བཞིན་ནང་།།
ཆུ་ལ་བོགས་ཐོན་རི་བོ་མདངས་རྒྱས་དུས།།
དཔྱིད་ཀྱི་དུས་བཟང་ལུམས་ཀྱི་གྲོགས་སུ་འགྱུར།།
ལོ་མ་སེར་པོ་གཞུང་རྐང་ཡུལ་ལ་འགྲོ།།
གསེར་མདོག་སྟོན་མཇུག་འདི་ཡང་ཤིན་ཏུ་རྨད།།
ལུམས་བཅོས་གང་ཡང་དུས་འདི་གསེར་དང་འདྲ།།
འོན་ཀྱང་དེང་དུས་ཁང་བརྩེགས་དྲོད་རླངས་སོགས།།
ཆ་རྐྱེན་འཛོམས་ན་དགུན་དུས་ཡིན་མོད་ཀྱང་།།
ལུམས་བཅོས་བྱེད་པ་ཐ་ཐོར་གང་སར་འབྱུང་།།
རུང་མིན་བཟང་ངན་ཉམས་མྱོང་ཅན་ལ་འདྲི།།
དེ་ནས་འདུག་ཡུན་ཆུ་ཡི་དྲོད་ཚད་སོགས།།
ནས་འབྲུ་གཅིག་གི་དབྱིབས་དང་རྣམ་པ་ལ།།
དཔེ་མཚོན་བྱས་ན་ཤིན་ཏུ་འཚམས་པ་སྟེ།།
མགོ་དང་མཇུག་ཏོ་གཉིས་ཀ་ཕྲ་ལ་འཁུམས།།
དེ་ནས་བར་དཀྱིལ་རིམ་པས་སྦོམ་པར་འགྱུར།།
དང་པོ་འདུག་ཡུན་ཐུང་ལ་དྲོད་ཀྱང་དམའ།།
རིམ་བཞིན་དྲོད་བསྐྱེད་ཡུན་ཀྱང་བསྲིངས་དགོས་ཏེ།།
མཚམས་འཇོག་དུས་ན་དང་པོའི་དྲོད་ཡུན་བསྟུན།།
འདུག་སྲོལ་འདི་ལ་རྟེན་འབྲེལ་གནད་ཅིག་ཡོད།།
འདི་ཡང་ཤིན་ཏུ་གཟབ་དགོས་དོན་ཆེན་འགྲུབ།།
གསོ་ཡུན་ཉིན་མ་བརྒྱད་ལ་དཔེ་བྱས་ན།།
ཉིན་མ་དང་པོ་ཆུ་དྲོད་སོ་དགུ་ནས།།
རིམ་བཞིན་བཞི་བཅུ་ཞེ་གཅིག་ཞེ་གཉིར་བསྐྱེད།།
ཉིན་གྲངས་བཞི་ལྔ་དྲུག་བར་ཞེ་གཉིས་བྱ།།
བདུན་བརྒྱད་མཚམས་ནས་དྲོད་ཚད་མར་མར་བསྐུམ།།
མཐའ་མ་བརྒྱད་པར་དང་པོའི་དྲོད་དང་བསྟུན།།
དེ་བཞིན་འདུག་ཡུན་སྐར་མ་དགུ་ནས་བརྩམས།།
དགུ་དང་བཅུ་དང་བཅུ་གཉིས་བཅུ་བཞིའི་བར།།
བསྐྱེད་ལ་དེ་ནས་རིམ་པས་བསྐུམ་པར་བྱ།།
དཔེ་ནི་ནས་འབྲུ་གཅིག་གི་དབྱིབས་དང་བསྟུན།།
ཉིན་མ་རེ་ལ་ལེན་གྲངས་གཉིས་རེ་བྱ།།
འདི་ནི་སྤྱི་དང་དཔེ་མཚོན་ཙམ་པོ་ལས།།
དམིགས་བསལ་ཅན་ལ་ནད་ཀྱི་བབས་དང་བསྟུན།།
གཞན་ཡང་སྨན་རྒན་འགའ་ཡི་ངག་རྒྱུན་ན།།
སྨན་ལུམས་འཕྲོད་དང་མི་འཕྲོད་ར་སྤྲོད་ན།།
འདུག་པའི་སྔ་ཉིན་ལུམས་ཆུ་སྙིམ་ཙམ་འཐུང་།།
ལུས་ལྕི་དང་ག་འགག་དང་སྐྱུགས་མེར་ལངས།།
དེ་འདྲ་མི་འཕྲོད་པ་ཡི་རྟགས་སུ་འདོད།།
ཅི་ཡང་མེད་ན་འཕྲོད་པ་ཉིད་དུ་འདོད།།
མཚོ་ལྷོ་བོད་སྨན་ཁང་གི་ལུགས་ལྟར་ན།།
ཉིན་གྲངས་གཉིས་ནི་ལུམས་ཀྱི་སྔོན་འགྲོ་སྟེ།།
སྤང་སྤོས་ཁོ་ནའི་ཆུ་ལ་ལུས་པོ་བཀྲུ།།
ཉིན་རེ་ཐེངས་གཉིས་སྤྱི་སྡོམ་ཐེངས་བཞིར་བྱ།།
ཤིང་ཀུན་ཉེར་ལྔའི་ཆུ་ལ་རྐང་པ་བཀྲུ།།
དེ་ཡང་གོང་བཞིན་ཐེངས་གྲངས་བཞི་རུ་བྱ།།
སྔོན་འགྲོར་ཉེས་སྐྱོན་མེད་ན་ལུམས་དངོས་གཞུག།
གལ་སྲིད་གསོ་བྱ་དད་ལྡན་ཞིག་ཡིན་ན།།
སྨན་ཁུ་བདུད་རྩི་སྨན་བླའི་བྱིན་རླབས་བསམས།།
དང་པོ་ལག་པ་གཉིས་ཀ་བཀྲུ་ཞིང་བཤལ།།
ལག་པས་བཟོས་པའི་སྡིག་སྒྲིབ་དག་པར་བསམ།།
དེ་ནས་སྙིང་གར་སྨན་གྱིས་བཀྲུ་བར་བྱ།།
སེམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་དག་པར་བསམ།།
དེ་ནས་རིམ་པ་བཞིན་དུ་ལུས་ཡོངས་བཀྲུ །།
ལུས་ཀྱི་མི་དགེ་ཐམས་ཅད་དག་པར་བསམ།།
དེ་འདྲའི་ཉམས་ལེན་གོམས་ཆ་མེད་ན་ཡང་།།
ལག་པ་བཀྲུ་ལ་སྙིང་གར་ཆུ་ལྕག་བྱ།།
དེ་ཡིས་ལུམས་ལ་གོམས་པའི་གོ་སྐལ་སྟེར།།
གློ་བུར་འཛུལ་ན་བགེག་དང་གནོད་པ་མང་།།
གསོ་བྱ་དངོས་སུ་ལུམས་ལ་ཞུགས་དུས་སུ།།
ནད་ལ་དམིགས་ཏེ་ལུམས་ཀྱི་གདམ་ཀ་དང་།།
གང་ལ་གང་མཁོའི་ཁ་ཚར་སྨན་སྣ་སོགས།།
གོ་ལོ་ཐོས་ལོ་བཞིན་དུ་ཟིན་བྲིས་འབྲི།།
ཡན་ལག་ཚིགས་ཆེན་ན་ཞིང་སྐྲངས་པ་དང་།།
དམར་དང་གྱོང་དང་འགུལ་སྐྱོད་དཀའ་བ་སོགས།།
ཚ་བའི་རྟགས་མངོན་ཚ་གྲུམ་ཡིན་གྱུར་ན།།
ཨ་ཁུ་དཔལ་ཆེན་ལུགས་ཀྱི་སྨན་ལུམས་ལ།།
དམིགས་བསལ་ཕན་ནུས་ཆེ་ཞིང་སྨན་ཀྱང་བཙན།།
དུས་ཡུན་དྲོད་ཚད་སོགས་ཀྱང་རིང་རྒྱུ་མེད།།
རིང་ན་ནད་པའི་ཟུངས་ཀྱིས་ལྕོགས་པ་དཀའ།།
གང་ལྟར་ལུས་ཁམས་ཟོ་ལ་སྦྱར་རྒྱུ་གནད།།
དེ་ལ་གདབ་བྱའི་ཁ་ཚར་སྨན་དག་ནི།།
རྩ་བ་ལྔ་དང་འབྲས་གསུམ་དམར་བོ་གསུམ།།
གཞིར་བཞག་སྟེང་ལ་ཐུའུ་པི་ལང་དང་ནི།།
རུས་པ་སྣ་ཚོགས་རྡོ་སོལ་མུ་ཟི་དང་།།
ཅོང་ཞི་ཙན་དན་སྤང་སྤོས་ནད་ཁམས་བསྟུན།།
གྲུམ་བུ་སྤྱིར་ཕན་སྒོས་སུ་ཚ་གྲུམ་ལ།།
ཕན་ཞེས་སྨན་པ་དཀོན་མཆོག་ངག་ལས་ཐོས།།
གཞན་ཡང་ཨ་ཁུ་དབྱིག་གཉེན་ཕྱག་ལེན་ནི།།
ཆུ་ཚན་རྒྱས་པར་འདོད་ན་བདུད་རྩི་ལྔ།།
དེ་ཡི་སྟེང་ལ་རྩ་བ་ལྔ་བསྣན་ཏེ།།
ནད་གཞིར་དམིགས་ནས་ཁ་ཚར་བྱ་ཚུལ་ནི།།
སྟོད་ཁྲག་རྒྱས་ན་ཙན་དན་དཀར་དམར་བསྣན།།
གྲང་རླུང་རྒྱས་དང་མ་ཞུའི་ནད་གཞི་ལ།།
ཅོང་ཞི་པི་ལིང་སྒ་སྐྱ་བྲག་ཞུན་སྦྱར།།
ཆུ་སེར་ཤས་ཆེ་ཆུ་སེར་སྨན་གསུམ་དང་།།
གུ་གུལ་ནག་པོ་མཚལ་དང་སེང་ལྡེང་སྦྱར།།
རྩ་དཀར་ནད་དང་གཟའ་ཡི་ནད་ལ་ནི།།
གླ་རིལ་རི་བོང་རིལ་དང་གླ་རྩི་སྦྱར།།
མ་ཧཱ་མཁྱེན་བརྩེ་དབང་བོའི་སྨན་ཡིག་ན།།
གླ་རིལ་གླ་བ་ཕོ་ཡི་རིལ་མ་སྟེ།།
དྲི་མ་ཆེ་བའི་རིལ་མ་ཡིན་དགོས་གསུངས།།
གཞན་ཡང་བཤལ་དང་སྐྱུགས་དང་དུག་རིགས་སོགས།།
མིན་པའི་ཤིང་སྨན་རྡོ་སྨན་ལ་སོགས་པ།།
ནད་ཀྱི་ཁམས་དང་བསྟུན་ནས་སྦྱར་ཀྱང་ཆོག།
དེ་ནས་ལྷོ་ཁ་སྨན་རྩི་ཁང་གི་ལུགས།།
ཁ་སྣོན་ཁ་ཚར་ལ་སོགས་འདི་འདྲ་སྟེ།།
རྙིངས་ཚད་རྙོགས་ཚད་སོགས་ཀྱི་ཚད་ནད་ལ།།
སྲོ་ལོ་ཚན་གཉིས་ཁེ་གྲངས་བརྒྱ་རེ་སྦྱར།།
གྲང་བའི་ནད་གཞི་མཁལ་མའི་འགྲམས་ནད་ལ།།
རྩ་བ་ལྔ་བོ་ཁེ་གྲངས་བརྒྱ་རེ་དང་།།
ལུག་གི་རིལ་མ་ཁྱོར་བ་གང་ཙམ་སྦྱར།།
ཆུ་སེར་ཟ་འཕྲུག་ཅན་གྱི་ནད་གཞི་ལ།།
ཆུ་སེར་སྨན་གསུམ་ར་མཉེ་ཉེ་ཤིང་དག།
ཁེ་གྲངས་བརྒྱ་རེ་མུ་ཟི་སེར་པོ་ནི།།
ཁེ་གྲངས་ལྔ་བཅུ་ཐམ་པ་ཁ་ཚར་བྱ།།
ཆུ་རྒྱུས་རེངས་དང་རྩ་རྒྱུད་འགྲམས་པ་ལ།།
སྤང་སྤོས་ཁེ་བརྒྱ་གླ་རིལ་ཁྱོར་གང་སྦྱར།།
བརྡབས་ཆག་རུས་ཆག་རིགས་ཀྱི་ནད་གཞི་ལ།།
ཅོང་ཞི་བྲག་ཞུན་རྡོ་རྒྱུས་མཐིང་རྒྱུས་དག།
ཁེ་གྲངས་བརྒྱ་རེ་རུས་སྨན་སྟབ་སེང་ནི།།
ཁེ་གྲངས་ལྔ་བཅུ་དག་གིས་ཁ་ཚར་བྱ།།
མོ་ནད་རླུང་ཚབས་དག་གི་ནད་གཞི་ལ།།
ཙན་དན་དམར་པོ་ཡང་ན་མཛོ་མོ་ཤིང་།།
གང་རུང་གཅིག་དང་སྟར་བུ་གུར་གུམ་སོགས།།
ཁེ་གྲངས་བརྒྱ་རེ་དག་དང་འོལ་མོ་སེ།།
ཁེ་གྲངས་ལྔ་བཅུ་ཐམ་པས་ཁ་ཚར་བྱ།།
དེ་བཞིན་གྲུམ་བུ་དག་གི་ནད་གཞི་ལ།།
སེང་ལྡེང་ཁནྜ་ཁེ་གྲངས་ལྔ་བཅུ་བྱ།།
གཞན་ཡང་དུག་རིགས་མིན་པའི་གཉེན་པོ་དག།
ནད་གཞིར་གཞིགས་ཏེ་ཁ་ཚར་སྦྱར་ཆོག་གསུངས།།
སྤྱིར་ན་ཚ་བ་ཤས་ཆེ་འོམ་བུ་བསྐྱེད།།
དེ་བཞིན་གྲང་ནད་ཤས་ཆེ་ད་ལིས་བསྐྱེད།།
པགས་ནད་ཅན་ལ་བ་ལུ་བསྐྱེད་པ་དང་།།
སྲིན་ལ་ཤུག་པ་ལུས་ཟུངས་ཞན་ལ་མཚེ།།
དུག་ལ་འོམ་བུ་འབྱུང་གདོན་མཁན་པ་བསྐྱེད།།
གཞན་ཡང་མཁྱེན་བརྩེ་དབང་བོའི་སྨན་ཡིག་ན།།
བདུད་རྩི་རྣམ་པ་ལྔ་ཡི་ཁ་ཚར་ལ།།
ཚ་རྙོགས་ནད་ལ་སྲོ་ལོ་དམར་པོ་སྦྱར།།
སྦྱར་བའི་དུག་ལ་འོམ་བུ་ཁ་ཚར་བྱ།།
དྲེག་གྲུམ་ནད་ལ་མཁན་པ་སྤང་སྤོས་སྦྱར།།
རླུང་གི་ནད་ལ་རུས་བཅུད་ཁ་སྣོན་བྱ།།
ཚད་རྙིངས་ནད་ལ་འོམ་བུ་ཀྱི་ལྕེ་སྦྱར།།
རྙིངས་ཚད་རུས་ཞེན་ཙན་དན་དམར་བོ་སྦྱར།།
མཁལ་གྲུམ་རྩ་གྲུམ་ནད་ལ་ཤུག་པ་དང་།།
སྐྱེར་ཤུན་དག་གིས་ཁ་ཚར་བྱ་བ་དང་།།
རུས་འབྲས་ནད་ལ་ཤུག་པ་སྤ་མའི་འབྲུ།།
སྤྲུ་རྩ་ལ་སོགས་རང་རང་གཉེན་པོ་ཡིས།།
ཁུ་བ་བསྲིངས་ནས་ཁ་བསྣོན་བྱ་དགོས་གསུངས།།
སྨན་རྫས་ལ་ལ་གཉིས་ཆར་ཡོང་ན་ཡང་།།
དེ་ནི་ནད་ལ་སྨན་དེ་བསྐྱེད་དགོས་འདོད།།
ཉམས་ཡིག་སོགས་ནས་ཁ་ཚར་སྣ་ཚོགས་འབྱུང་།།
དཔེར་ན་མན་ངག་བཀའ་བརྒྱ་མའི་ནང་དུ།།
རྒྱས་བསྡུས་དབྱེ་བས་ལུམས་ཀྱི་ཁ་ཚར་སྨན།།
བརྒྱ་དང་བརྒྱ་ཡི་ཡན་སོགས་མང་དུ་འབྱུང་།།
གཞན་ཡང་དགེ་རྒན་ཆེན་མོ་བཙུན་ཐར་གྱིས།།
ལུམས་ཀྱི་ངོ་བོ་དྲོད་བཅོས་ཡིན་པས་ན།།
བསིལ་སྨན་དག་གིས་ཁ་ཚར་མང་མི་བྱ།།
ལུམས་ཀྱི་ངོ་བོ་འགྱུར་བས་ཉེན་ཡོད་གསུངས།།
དེ་ནས་མངའ་རིས་སྨན་པ་རིན་ཆེན་གྱིས།།
གཞུང་དང་ཉམས་མྱོང་མཐོང་གོམས་སྤེལ་མ་ཡིས།།
བྱིས་པའི་གཅིན་སྙི་མལ་གཅིན་ཤོར་བ་དང་།།
གྲང་ནད་རྐྱེན་པས་གཅིན་ཁ་སྙི་བ་ནི།།
མཁལ་མ་ལྒང་པའི་དྲོད་ནུས་ཉམས་ལས་བྱུང་།།
དེ་ལ་དྲོད་སྨན་དག་གིས་ཁ་ཚར་བྱ།།
ལ་ལ་གསོ་ཚིགས་ཁྲོད་ནས་ཕན་བསྐྱེད་འབྱུང་།།
ལ་ལ་གསོ་ཚིགས་རྫོགས་ནས་ཕན་པར་འགྱུར།།
ལ་ལ་ཟླ་དང་ཟླ་ཕྱེད་རྗེས་ནས་ཕན།།
ལ་ལ་ལོ་གཅིག་རྗེས་ནས་ཡང་བསྐྱར་དུ།།
ལུམས་བཅོས་བྱས་ན་རིམ་པས་ཕན་འགྱུར་གསུངས།།
དེ་བཞིན་གསོ་རླུང་ཆད་པའི་ས་མཐོའི་ནད།།
ངན་ཁྲག་འཕེལ་བས་གདོང་སོགས་སྨུག་འགྱུར་ནད།།
དེང་དུས་ས་མཐོའི་ཁྲག་ནད་ཅེས་ཀྱང་ཟེར།།
དེ་ལ་ཁ་ཚར་ཙན་དན་བཅོ་བརྒྱད་སོགས།།
བྱས་པའི་རིམ་བཞིན་ཕན་ནས་དཀར་པོར་འགྱུར།།
གསོ་ཚིགས་ལོ་གྲངས་གཉིས་ནས་གསུམ་ཀྱི་བར།།
ལོ་རེ་ཐེངས་མ་གཅིག་ནས་གཉིས་ཙམ་བྱ།།
དེ་ཡིས་ངན་ཁྲག་ནུར་བ་ཞི་བར་འགྱུར།།
ཕོ་བའི་མེ་དྲོད་ཉམས་ནས་དང་ག་འགག།
ཁ་ཟས་མི་འདོད་སྨན་ལ་བྲེད་པ་ཡི།།
དེ་འདྲའི་ནད་གཞི་ཡོད་ཀྱང་སྨན་ལུམས་བཟང་།།
ཀཱེ་ཆད༼ 缺钙༽ རྐྱེན་གྱིས་ན་བའི་རུས་རླུང་ནི།།
མཚན་མོའི་དུས་དང་གྲང་དུས་རུས་རྐང་ན།།
ཀུན་ལ་འབྱུང་ཡང་ལྷག་པར་བུད་མེད་མང་།།
དེ་ལ་བདུད་རྩི་ལྔ་ཡི་ཁ་ཚར་ལ།།
གཡག་རྒོད་རུས་པ་བྱས་པས་ཕན་པར་འགྱུར།།
ད་དུང་ཕྱི་ནས་རུས་རྐང་པད་ཁ་བྱུགས།།
གཞན་ཡང་གཙང་སྨན་ཡེ་ཤེས་བཟང་པོ་ཡིས།།
མོ་ནད་ཀུན་ལ་བདུད་རྩི་ལྔ་ལུམས་ནི།།
བདུད་རྩི་འདྲ་ཞེས་གསལ་བོར་གསུངས་ཡོད་པས།།
རླུང་ཚབས་མ་ཟད་ཁྲག་ཚབས་ནད་ལའང་།།
ཤིན་ཏུ་ཕན་པ་དཔེར་ན་ཁྲག་ཚབས་སྟེ།།
མངལ་སྐྲན་དཀྱེལ་ཆེ་ལ་སོགས་མེད་པ་ཡིས།།
ཟླ་མཚན་ཡོང་ལ་ཁུལ་གྱིས་ན་ཟུག་དང་།།
མི་ཡོང་ཕྱིར་ལ་འགྱངས་ནས་གཟེར་བ་དང་།།
འཁྱིལ་ནས་སྟོད་གཟེར་སྙིང་ཁམས་མི་སྐྱིད་དང་།།
ཐ་ན་ཁ་ཤས་སྨྱོ་རྩིས་བྱེད་པ་སོགས།།
མོ་ནད་མང་དག་ཅིག་ལ་ཕན་པ་སྟེ།།
དེ་བཞིན་མོ་ནད་ནུ་ཚབས་དག་ལ་ཡང་།།
བདུད་རྩི་ལྔ་ཡིས་རླངས་ལུམས་ཕན་སྐྱེད་ཆེ།།
བད་ཀན་བད་ཚིལ་འཕེལ་བ་འཚོ་ཆེའི་ནད།།
དེང་དུས་རྒྱག་པ་རྫུན་མ་ཞེས་ཀྱང་ཟེར།།
དེ་འདྲའི་སྦོམ་པ་དག་ཀྱང་ཕྲ་མོར་འགྱུར།།
གཞན་ཡང་ཀྲུའུ་རིན་དཀོན་མཆོག་ལགས་ཀྱིས་ནི།།
གཅིན་དུག་ཕོག༼ 尿毒症༽པའི་ནད་པར་ཕན་སྲིད་དེ།།
དཔེ་མཚོན་ཨ་རུ་བོད་སྨན་བཟོ་གྲྭ་ཡིས།།
སྤྱི་གཉེར་ཆེན་མོའི་སྤུན་ཆུང་འབྱོར་ལྡན་དེ།།
གང་ལ་ཕྱིན་ཀྱང་ཕན་བསྐྱེད་མ་བྱུང་ཡང་།།
ལུམས་ལ་ཞུགས་པས་རྐང་པའི་སྐྲངས་པ་སོགས།།
རིམ་པས་ཞི་ནས་ཕན་བསྐྱེད་བྱུང་འདུག་ཟེར།།
བརྙན་གྱི་ལམ་ནས་ནད་པ་འགའ་བསྟན་ནས།།
གཞན་གྱིས་མ་ཕན་ལུམས་ཀྱིས་ཕན་བསྐྱེད་བཟང་།།
ལུམས་འདི་གྲུམ་བུར་ངོ་མཚར་ཆེ་བར་གསུངས།།
གཞན་ཡང་དཔྱད་རྩོམ་འགའ་རེའི་དཔྱད་བརྗོད་ན།།
མདུན་ཆགས་གཤེར་རྨེན་ནད་ལ་ཕན་པར་གསུངས།།
པགས་ནད་ཚན་པའི་སྨན་པ་གཡང་སངས་ནས།།
པགས་ནད་ཀུན་ལ་རྩ་སྦྱོང་ཕན་ལགས་ཏེ།།
ལྷག་པར་སྲིན་ཐོར་གླང་ཤུ་ཟ་འཕྲུག་ཅན།།
སྲིན་དང་ཆུ་སེར་མངོན་རྟགས་ལྡན་པའི་རིགས།།
མང་དག་ཅིག་ལ་དམིགས་བསལ་ཕན་བསྐྱེད་ཆེ།།
ཡིན་ཡང་ཐོག་མ་ཉིད་ནས་རྩ་སྦྱོང་མིན།།
དུགས་ལུམས་གཏར་སོགས་རིམ་པ་ཞིག་གིས་རྗེས།།
གལ་སྲིད་ཕན་སྐྱེད་མ་བྱུང་ཡང་ན་ནི།།
ལོག་གནོན་ཚུལ་དུ་རྩ་སྦྱོང་གཏོང་དགོས་འདུག།
རྩ་སྦྱོང་ཐེབས་ནས་ཆུ་ཁོལ་མང་ཙམ་འཐུང་།།
ལྕག་གི་ཚུལ་དུ་ཡང་ཡང་འཐུང་དགོས་གསུངས།།
འདི་ལ་དགེ་རྒན་ཆེན་མོ་བཙུན་ཐར་ནས།།
པགས་ནད་སུར་ཡ་སོགས་དང་མཁལ་འགྲམས་ལ།།
ལུམས་ཀྱི་འདུག་ཡུན་གསོ་ཚིགས་རིང་དགོས་གསུངས།།
འདུག་ཡུན་རིང་པས་པགས་པའི་རྨ་དེ་ཚོས།།
ཕར་ལ་ཟ་བའི་གོ་སྐབས་མེད་པ་དང་།།
ཤི་རྨ་སླར་ཡང་རྨ་འགྱུར་མི་འཇུག་པས།།
མྱུར་དུ་སོས་པའི་དགོས་པ་ཡོད་པར་གསུངས།།
གཞན་ཡང་རུས་པའི་ཚད་ནད་ཡིན་གྱུར་ན།།
དེ་ལ་ཆུ་ལུམས་ལས་ཀྱང་རླངས་ལུམས་ནི།།
ཕན་བསྐྱེད་བཟང་ལ་རྔུལ་དབྱུང་བྱ་དགོས་གསུངས།།
པགས་ནད་ཆེད་མཁས་སྨན་པ་ལཱིས་ཧོང་ཞཱས།།
པགས་ནད་རིགས་ཀྱི་དབྱེ་བ་བཞི་རུ་འདོད།།
དུས་ཚིགས་རང་བཞིན་ཅན་གྱི་པགས་ནད་དང་།།
ཡང་དང་སྐྱར་དུ་ལྡང་བའི་པགས་ནད་དང་།།
འགྱུར་མེད་ངན་རེངས་ཅན་གྱི་པགས་ནད་དང་།།
གསོ་བཅོས་དཀའ་བའི་པགས་ནད་བཞི་རུ་འདོད།།
དེ་ལ་བྱིས་པའི་པགས་པ་སྲབ་ལ་མཉེན།།
རྒན་པའི་པགས་པ་སྙི་ལ་འཁུམས་ཞིང་འདུས།།
ངོ་བོས་བཟོད་བསྲན་ནུས་པ་ཆུང་བར་བཤད།།
དེ་ལ་བཅོས་ཐབས་བྱུགས་ལུམས་དུགས་པ་དང་།།
ཁོང་ལ་བསྟེན་པའི་སྨན་རིགས་འདྲ་མིན་སོགས།།
ཀྲུང་ལུགས་རིགས་ལམ་ལྟར་དུ་དབྱེ་བ་མང་།།
གླང་ཤུ་ཁྱེ་མ་ཟ་རྐོང་འབྲུམ་ཕྲན་སོགས།།
ངན་ཁྲག་སྲིན་དང་ཆུ་སེར་ནད་རྐྱེན་གྱིས།།
དབྱེ་བའི་གྲངས་ནི་ཤིན་ཏུ་རྙོག་འཛིང་ལྡན།།
ཡིན་ཡང་གདེངས་ཐོབ་ཅན་གྱི་བརྟག་བཅོས་ནི།།
ཕྱི་ནས་དཔྱད་ཀྱིས་བཅོས་པ་ཁོ་ན་ལགས།།
པགས་ནད་དམར་སྐྲངས་རྣག་དང་ཆུ་སེར་དང་།།
རྩ་མདུད་ཅན་དང་ཤ་བཀྲ་ལ་སོགས་པའི།།
རྒྱུན་ལྡན་མིན་པའི་པགས་མདོག་ནད་འགྱུར་ཅན།།
ཕྱི་ནས་དཔྱད་ཀྱིས་བཅོས་ཚུལ་མདོར་བསྡུས་ན།།
མེ་ཁབ་བུམ་པ་གཏར་ག་ལུམས་སོགས་བྱེད།།
མེ་ཁབ་མེ་ཡིས་སྐམ་ཁབ་དམར་པོ་བསྒྱུར།།
ནད་ཀྱི་སྟེང་དུ་དྲང་མོར་གནད་དུ་ཁེལ།།
གདབ་དུས་ལག་པ་ཤིན་ཏུ་མྱུར་བར་བྱ།།
དེ་ཡི་ཟུག་གཅོག་ཟ་འཕྲུག་ཞི་བར་འགྱུར།།
ཟུག་དང་གཟེར་སོགས་ན་བ་རླུང་ལས་བྱུང་།།
རླུང་གི་ནད་ལ་མེ་ཁབ་ཤིན་ཏུ་འཕྲོད།།
མུ་མཐུད་མེ་ཁབ་རྗེས་ལ་བུམ་པ་བྱ།།
ངན་ཁྲག་ཆུ་སེར་བུམ་པའི་ནང་དུ་དྲངས།།
མདོག་དམར་ངན་ཁྲག་ཡོད་པ་ཁྲག་ལས་བྱུང་།།
ངན་ཁྲག་རྒྱས་ན་ཆུ་སེར་ངང་གིས་འཕེལ།།
ཁྲག་དང་མཁྲིས་པ་རྟེན་དང་བརྟེན་པར་གནས།།
ཆུ་སེར་ཁྲག་གི་སྙིགས་མ་དག་ལས་བྱུང་།།
དེ་ཉིད་འགོར་ན་རྣག་ཏུ་འགྱུར་བ་ཡིན།།
ངན་ཁྲག་ནད་རོ་ཕྱི་ལ་དྲངས་པ་ཡིས།།
ཁྲག་རྣག་ཆུ་སེར་དག་གི་སྐྱེ་རྒྱུན་གཅོད།།
གཞན་ཡང་རྣ་རྩེ་གཏར་བ་མང་དུ་མཐོང་།།
དེ་ནས་སྨན་རྫས་བྱུགས་དང་བཏུམས་པ་སོགས།།
རང་རང་ནད་ཀྱི་གཉེན་པོ་སྦྱར་ཀྱང་ཆོག །
དམར་སྐྲངས་ཟ་གཟེར་ཅན་སོགས་པགས་ནད་འགའ།།
ཐབས་འདི་ཤིན་ཏུ་ཕན་བསྐྱེད་ཡོད་པ་འདྲ།།
བརྙན་གྱི་ལམ་ནས་བསྟན་པའི་དཔེ་མཚོན་དག།
མདོག་དམར་ཟ་འཕྲུག་སྐྲངས་དང་ཆུ་སེར་འཛག།
མང་དག་ཅིག་ལ་གོང་གི་ཕྱི་བཅོས་བཀོལ།།
བཅོས་དཀའི་པགས་ནད་ཤ་བཀྲ་རིགས་ལ་ཡང་།།
དང་པོ་འདྲུད་བུམ་ཡང་ཡང་མར་ལ་འདྲུད།།
དེ་ནས་མེ་ཁབ་མཐའ་ནས་རིམ་བཞིན་དུ།།
དྲང་ཐིག་གཅིག་གི་ངོས་བཞིན་དྲང་བོར་གཙག།
གང་བྱུང་མང་བྱུང་ཐ་ཐོར་བཙག་པ་མིན།།
ཉིན་འགའ་རྗེས་ནས་ཡང་བསྐྱར་གོང་བཞིན་དུ།།
སོར་ཙམ་འོག་ནས་དྲང་ཐིག་དྲང་བོར་གཙག།
དེ་ལྟར་རིམ་པས་ཤ་བཀྲ་ཁྱོན་ཡོངས་གཙག།
བཙག་གནས་བར་ལ་ཕལ་ཆེར་སོར་ཙམ་འཇོག།
མེ་ཁབ་ཤུལ་དམར་དེ་ལ་ཟ་འཕྲུག་སོགས།།
འབྱུང་སྲིད་ལག་པས་འཕྲུག་སོགས་བྱ་བ་སྤངས།།
འཕྲུག་ན་ཁབ་ཤུལ་རྒྱས་པའི་ཉེན་ཁ་ཡོད།།
རྒྱས་ན་གསོ་ཚིགས་རྗེས་མའི་བགེགས་སུ་འགྱུར།།
གཞན་ཡང་ཞིང་ཆེན་སྨན་པ་ཕག་ལོ་ནས།།
གསོ་དཀའི་ཤ་བཀྲར་ཁོང་སྨན་སྦྱོང་བཤལ་སོགས།།
མང་དུ་གསུངས་ཀྱང་དེང་དུས་རྒྱུགས་ཆེ་བ།།
མེ་ཡིས་སྐམ་ཁབ་དམར་པོ་བཟོས་ནས་སུ།།
གཟའ་འཁོར་གཅིག་ནང་ལན་གྲངས་གཅིག་ནས་གཉིས།།
ནད་ཀྱི་སྟེང་ལ་སྙོམས་པར་བརྡེག་པ་དང་།།
མུ་ཟི་ནག་པོ་རྡོ་ཞོ་བཏུལ་མ་དང་།།
བཙན་དུག་སྒ་དང་དངུལ་རྡོ་རྣམ་པ་ལྔ།།
བྱུགས་པས་ཕན་བསྐྱེད་ཆེ་ལ་སྨན་ཀྱང་བྲིན།།
མིང་ལ་པགས་ཁྲ་བྱུགས་སྨན་ཞེས་ཀྱང་ཟེར།།
ཨ་ཁུ་ཉི་མའི་སྨན་སྦྱོར་ཡིན་པར་བཤད།།
གཞན་ཡང་ཕན་བདེ་ནོར་བུའི་བང་མཛོད་ལས།།
བྱུང་བའི་བྱུགས་སྨན་ཅོག་ལ་བརྒྱད་པ་ནི།།
ཤ་བཀྲའི་སྟེང་ལ་དམིགས་བསལ་ཕན་བསྐྱེད་བཟང་།།
འདིའི་ནང་བྱང་ཁྲ་ཡོད་པས་སྨན་བཀོལ་དུས།།
ཆུ་བུར་ལ་སོགས་རྨ་འབྱུང་ཡིད་གཟབ་དགོས།།
ལག་མཐིལ་མཚན་མ་དག་གི་ཤ་བཀྲ་ནི།།
གསོ་བཅོས་བྱ་རྒྱུར་དཀའ་ཁག་ཆེ་བར་གསུངས།།
ལག་མཐིལ་པགས་པ་མཐུག་ལ་གྱོང་བ་དང་།།
མཚན་མའི་པགས་པ་རྣོ་ཚོར་ཆེ་བས་ཡིན།།
མིའི་རིགས་ཁོ་ནར་འབྱུང་བའི་མེ་དབལ་ནི།།
ནད་ཚབས་ཆེ་ཆུང་རྒན་གཞོན་དབྱེ་བ་ཡིས།།
གསོ་བཅོས་དཀའ་དང་སླ་བ་འབྱུང་ན་ཡང་།།
ནད་དེ་གཉིད་ཆགས་ལས་མང་བྱས་པ་དང་།།
ལུས་པོ་ཉོབ་དང་ཆམ་པས་འདེབས་པ་སོགས།།
མདོར་ན་ནད་འགོག་ནུས་པ་ཞན་པའི་དུས།།
གཙོ་ཆེར་འབྱུང་ཞིང་མེ་དབལ་འབྲུམ་ཕྲན་དག།
ཚ་ཞིང་བརྩེ་ལ་ཤ་སྐྱའི་ནང་ངོས་ནས།།
ཕྱི་རོལ་དག་ལ་འབུག་གིས་གཙག་སྙམ་བྱེད།།
ལ་ལ་མྱུར་དུ་སྨིན་ནས་ཕྱི་ལ་མངོན།།
ལ་ལ་མི་སྨིན་ཤ་སྐྱི་བར་ནས་འདུག།
མཁལ་རྐེད་རྩིབས་སྟེང་སོགས་ལ་གབ་པའི་དུས།།
སྨན་པ་ལ་ལས་མཁལ་སྨན་མཆིན་མཁྲིས་སྨན།།
སྤྲད་པས་ཕན་ནུས་མི་འབྱུང་གོ་ནོར་ཐེབས།།
མིག་དང་ཀླད་པ་སྣ་དང་ཁའི་ནང་དང་།།
སྐྱི་པགས་ལ་སོགས་ངེས་མེད་གང་སར་འབྱུང་།།
མཁལ་རྐེད་གནས་སུ་འབྱུང་བ་ཅུང་མང་ཏེ།།
ཁོངས་མི་རྣམ་ས་ཀྱིས་རྐེད་དཀྲི་རྨ་ཡང་ཟེར།།
བཅོས་ཐབས་ཁོང་སྨན་མུ་ཏིག་བདུན་བཅུ་དང་།།
སྤང་རྩི་བཅུ་གཉིས་སྤོས་དཀར་བཅུ་བ་ལ།།
ཤུག་འབྲུས་ཁ་ཚར་བྱས་པ་གང་མཁོ་སྤྲད།།
གང་ཡང་ཐོག་མར་མ་ནུ་བཞི་ཐང་བསྟེན།།
དེ་ཡང་ཕྱི་བཅོས་ལྷག་པར་འཕྲོད་པ་སྟེ།།
རྨ་ཡོད་སར་ལ་ཨ་ཅོར་གཅིག་བཀབ་ནས།།
དེ་ཡི་སྟེང་དུ་ཨ་རག་ཉིང་ཁུ་བླུགས།།
མེ་འབར་སླ་བའི་དངོས་རྫས་མེད་པའི་གནས།།
མེ་སྦར་ནད་པས་ཚ་དྲོད་མི་བཟོད་དུས།།
ཡང་བསྐྱར་ཨ་ཅོར་ཞིག་གིས་བཀབ་ཅིང་བསད།།
དེ་ནི་མེ་བཅོས་ཡིན་ཏེ་ནུས་པ་བཟང་།།
སྐྱི་པགས་སྟེང་གི་དུག་སྲིན་ཕྲ་མོ་དག།།
གསོན་བསྲེག་བྱས་པའི་དུས་ལ་བབས་པ་འདྲ།།
གཞན་ཡང་རྨ་ཡོད་དག་གི་ཉེ་འཁོར་ནས།།
པགས་གཏར་བྱེད་ཅིང་ཆུ་སེར་ཕྱི་ལ་འདོན།།
སྐབས་སུ་ཆུ་སེར་གདོང་རྩ་གཏར་དགོས་གསུངས།།
མེ་དབལ་ཁྲག་གི་ནད་དང་འབྲེལ་ཆེ་བས།།
གཏར་ག་བྱ་རྒྱུ་འདི་ཡང་ཤིན་ཏུ་གནད།།
འགོར་ན་ཤ་རྒྱུས་སོགས་སུ་བྱེར་ནས་འགྲོ།།
རྨ་སོས་གཏིང་ནས་ཟུག་གཟེར་ལངས་པ་ལ།།
གཟེར་གནས་བུམ་པར་དྲངས་ལ་མེ་ཁབ་བྱ།།
སྐམ་ཁབ་མེ་རུ་བསྲེག་པས་རྣོ་དབལ་དུས།།
ན་བའི་གནས་སུ་གདབ་པས་ཟུག་གཟེར་ཞི།།
ཟུག་གཟེར་འབྲི་ལ་མེ་ཁབ་ཤིན་ཏུ་ཕན།།
རྩ་དཀར་ནད་ལ་ཕན་པའི་རྡོ་དུགས་དང་།།
ཧོར་ཀྱི་མེ་བཙའ་སོགས་ཀྱང་གང་མཁོ་བྱ།།
གཞན་ཡང་དེ་སྔོན་རང་སྡེའི་རྒན་པོ་ཞིག།
ནད་འདི་བྱུང་ནས་ནད་ཚབས་ལྕི་བ་སྟེ།།
ཁའི་ནང་བྱུང་བས་ཟས་ཀྱང་མིད་པར་དཀའ།།
དེ་ནས་འབུམ་རམས་བསམ་འགྲུབ་ཆོས་འཕེལ་ལ།།
བཀའ་འདྲི་བྱས་པས་ནད་འདི་རྒྱུ་མ་ལ།།
འབྲེལ་བ་ཡོད་པས་སྦྱོངས་ཉིད་གཏོང་དགོས་གསུངས།།
འབྱོར་ན་གཉན་སྦྱོངས་གལ་སྲིད་མ་འབྱོར་ན།།
དེད་དཔོན་བཅུ་པའི་སྟེང་ལ་ཁ་སྒྱུར་སྨན།།
བྱ་ཁྱུང་རྣམ་ལྔ་ཉུང་ཙམ་སྦྱར་ནས་སྦྱོངས།།
མན་ངག་ཚུལ་དུ་ཉམས་མྱོང་གསུངས་པ་ལགས།།
དེ་ནས་དགེ་རྒན་ཀརྨ་ཚོགས་གཉིས་ནས།།
རུས་འཛེར་ནད་ལ་ཉམས་ཞིབ་གཏིང་ཟབ་ཀྱིས།།
ཀུན་ལ་མེད་པས་རིག་ལམ་ཁྱད་འཕགས་ཅན།།
རིག་པའི་གདེངས་དང་ཉམས་མྱོང་གཞིར་བཞག་ནས།།
རུས་འཛེར་ནད་འདི་རུས་པ་དངོས་མིན་ཏེ།།
ཚིགས་ཀྱི་བར་ན་གནས་པའི་ཆུ་སེར་དག།
གྲང་འཁྱགས་ལ་སོགས་ནད་རྐྱེན་གང་མང་ གིས།།
གར་པོར་གྱུར་ནས་ཚིགས་ཀྱི་གྲུ་ཟུར་ལ།།
ཕར་ནས་ཕར་ལ་འབྱར་བ་ཡིན་མོད་ཀྱིས།།
རུས་པའི་ངོས་ནས་ཚུར་ལ་སྐྱེས་པ་མིན།།
སྲ་གཟུགས་གྱུར་བས་ཆུ་སེར་གར་པོ་དག།
ར་ཤོག་ངོས་ནས་ཚིགས་པར་འབར་འབུར་དང་།།
རྣོ་ལ་ཟུར་ཅན་མང་པ་དེ་དག་ནི།།
རུས་འཛེར་ཡིན་པར་འདོད་པ་ཐམས་ཅད་འཁྲུལ།།
དཔེར་ན་རུས་འཛེར་ཅན་གྱི་གསོ་བྱ་ཞིག།
དང་པོ་འགུལ་ཚེ་ཟུག་གཟེར་ལངས་ན་ཡང་།།
དྲགས་ཏུ་ལན་འགར་འགུལ་བའི་རྗེས་སོར་དང་།།
ཡང་ན་དྲོད་དུ་བཏུམ་ནས་ཅུང་འགོར་ན།།
རིམ་པ་བཞིན་ཏུ་ཟུག་གཟེར་འབྲི་ལ་ལྟོས།།
རུས་པ་ཞིག་ལ་དེ་ལྟར་འབྱུང་སྲིད་དམ།།
བཅོས་ཐབས་དྲོད་ཀྱིས་སྤྲུགས་པ་གནད་ཡིན་ཏེ།།
དཔེར་ན་གཤེར་གཟུགས་ཅན་གྱི་མར་ཁུ་ནི །།
འཁྱགས་ཤིང་གྲང་ན་སྲ་གཟུགས་མཁྲེགས་པོར་འགྱུར།།
མེ་དང་འཕྲད་ན་འབར་བས་ཤུལ་མེད་ལྟར།།
དུགས་དང་ལུམས་དང་བྱུགས་པ་དྲོད་གསོ་དང་།།
འབྱར་དང་རྩ་ནས་སྦྱོང་བ་ལ་སོགས་པ།།
གང་མཁོ་རིམ་པ་བཞིན་དུ་བཅོས་དགོས་གསུངས།།
ཞར་བྱུང་རུས་འཛེར་ཟེར་བའི་ནད་འདི་ལ།།
ལོག་གནོན་ཚ་ཐུར་འདི་ཡང་ཤིན་ཏུ་ཕན།།
དེ་སྔོན་སྨན་རམས་ཚེ་གྲུབ་རྡོ་རྗེ་མཆོག།
དར་མཚོ་བོད་སྨན་ཁང་ལ་ཆིབས་སྒྱུར་སྐབས།།
ནད་པ་བརྒྱ་ཕྲག་འགའ་ལ་མེ་ཐུར་འཕངས།།
ལ་ལ་ཕན་བསྐྱེད་ཆེ་བ་ལམ་སང་འབྱུང་།།
ལ་ལ་ཉིན་མ་བདུན་ཙམ་དཀྲུགས་པའི་རྗེས།།
རིམ་པ་བཞིན་དུ་ཕན་བསྐྱེད་འབྱུང་བར་གསུངས།།
གསང་དང་གདབ་ཐབས་མེ་བཙའི་སྐབས་དང་འདྲ།།
ཨན་སྟོང་ཚིགས་པ་སོ་སོར་གདབ་དགོས་ན།།
མེ་ཐུར་ངེས་པར་ཚིགས་མཚམས་ཀོང་སར་གདབ།།
ལུམས་བཅོས་སྐབས་སུ་མེ་ཐུར་བྱ་སྲོལ་མེད།།
མེ་ཐུར་རྗེས་ནས་ཆུ་ཚོད་གསུམ་ཙམ་ལ།།
སྐོམ་སོགས་སྤངས་ལ་ཉིན་གྲངས་གཉིས་གསུམ་ལ།།
ཤ་ཁྲག་དམར་ཀྱི་རིགས་སོགས་སྤང་དགོས་གསུངས།།
རྒྱུན་པར་གཟའ་ནད་དང་ནི་རྩ་དཀར་ལ།།
དམར་རྣམས་སྤངས་ལ་དཀར་ཟས་བསྟེན་པར་བྱ།།
དམར་གྱིས་ནད་ཀྱི་རྒྱུན་ཐག་བསྲིངས་པར་བྱེད།།
གསེར་ཐུར་གསེར་ཁེ་གསུམ་དང་ཟངས་ཁེ་ཕྱེད།།
མཉམ་དུ་བསྲེས་ནས་གྲུབ་པ་གསེར་ཐུར་ཏེ།།
གཟའ་དང་རྩ་དཀར་ནད་ལ་དམིགས་བསལ་ཕན།།
དངུལ་ཐུར་ཆུ་སེར་ནད་ལ་དམིགས་བསལ་ཕན།།
དེ་བཞིན་ཟངས་ཐུར་རྣག་དང་སྲིན་ལ་ཕན།།
སྤྱི་གསང་སྒེར་གསང་ལ་སོགས་གསང་དམིགས་རྣམས།།
ཞལ་ཤེས་དགེ་རྒན་ངག་ལས་བསླབ་དགོས་ཏེ།།
ཡང་ན་དར་མཚོ་ཡུལ་གྱི་སྨན་པ་ཚོར།།
ཟབ་གསང་མདུད་བརྒྱ་དགྲོལ་བའི་གོ་སྐལ་ཡོད།།
དེ་ནས་རིམ་བཞིན་དགེ་རྒན་བཀྲ་དོན་གྱིས།།
ལུམས་ཀྱིས་གསོ་བཅོས་ཉམས་མྱོང་སྤྱི་བསྡོམས་ལ།།
གདེངས་ཐོབ་ཕན་པའི་ནད་ནི་གླང་ཤུ་དང་།།
མོ་ནད་རྩ་དཀར་ནད་དང་གྲུམ་བུའི་ནད།།
མཁལ་འགྲམས་རུས་འཛེར་སོགས་ལ་དམིགས་བསལ་ཕན།།
མི་རུང་སྙིང་ནད་ཅན་དང་ཁྲག་རླུང་ནད།།
འགྱུར་ལྡོག་ཆེ་བའི་ནད་དང་རུས་སྲིན༼骨结核༽ནད།།
དེ་འདྲའི་རིགས་ལ་གནོད་པས་སྤངས་དགོས་གསུངས།།
བཅིངས་ལ་སྙིང་དང་རླིག་པ་ལ་སོགས་པར།།
མི་རུང་ཟེར་ཡང་རྒྱུད་དང་ཉམས་ཡིག་ན།།
ལག་ལེན་བྱེད་དགོས་ལུམས་སྦྱོར་མང་དུ་མཐོང་།།
བཅིང་ལུམས་འདི་ཡང་སྟབས་བདེ་ཕན་སྐྱེད་བཟང་།།
རྒྱུད་ན་ཚ་སེལ་བརྒྱད་དང་གྲང་སེལ་ནི།།
དངོས་བསྟན་བཅུ་གཉིས་དག་ཏུ་ཡོད་ན་ཡང་།།
ཉམས་ཡིག་ཁག་ན་དེ་ལས་མང་དུ་འབྱུང་།།
དཔེར་ན་དགེ་རྒན་ཀརྨ་ཚོགས་གཉིས་ནས།།
ཕྱི་ལུགས་སྨན་པའི་བོར་བའི་ནད་པ་ཞིག།
རྨེན་འབྲས༼淋巴癌༽ ནད་ཀྱིས་བཟུང་ནས་ཡུན་རིང་འགོར།།
དེ་ལ་རྒྱུད་ནས་གསུངས་པའི་བཅིང་ལུམས་ཏེ།།
རྨེན་འབྲས་ཕུག་རོན་རིལ་མ་ཆང་བཙོས་ལུམས།།
འབྲས་འདུལ་མི་ཡི་རྐང་མགོ་ཉྭ་ཡི་ཤ།
སྤྲུ་རྩ་རེ་ལྕག་ཆང་བཙོས་ལུམས་སུ་གཞུག།
ཅེས་པ་འདི་ཡིས་གསོ་བྱ་ནད་ལས་གྲོལ།།
འདི་ལྟར་ཕྱི་ལུགས་སྨན་ལ་ཐབས་རྡུགས་པ།།
གཡུ་ཐོག་མཛོད་ཀྱི་གསེར་ནག་གང་མང་ཞིག།
རང་རེ་རྣམས་ཀྱིས་མ་མཐོང་རང་གར་བཞག།
དབུལ་བོའི་སྒྱེད་རྡོ་གསེར་དུ་མ་ཤེས་པར།།
གཞན་ནས་སློང་མོ་བྱེད་པ་ཅི་བཞིན་ནོ།།
གཞན་ཡང་སྨན་པ་ཀླུ་བྱམས་རྒྱལ་ལགས་ཀྱི།།
ལུམས་བཅོས་བདུད་རྩི་འཁྱིལ་བའི་སྨན་སྦྱོར་ནང་།།
བཅིང་ལུམས་མང་དག་ཅིག་གི་ཁ་ཚར་ལ།།
རྡོ་སོལ་ཅོང་ཞི་མུ་ཟི་བྲག་ཞུན་དང་།།
ལྡོང་རོས་ཕབས་བཅས་ཁ་སྣོན་ཡོད་པ་མཐོང་།།
རང་བྱུང་ཆུ་ཚན་ལྔ་ཡི་དབྱེ་བ་ཡང་།།
སྨན་སྣ་འདི་དག་འདྲེས་ལས་བྱུང་བས་ན།།
བཅིང་ལུམས་ཆུ་ལུམས་གང་དང་གང་བྱེད་ཀྱང་།།
སྨན་སྣ་འདི་དག་རིགས་པས་འཁྲུལ་བྱས་ན།།
རང་བྱུང་ལུམས་དང་བཅོས་མའི་ལུམས་གཉིས་ཀ།།
ཕན་ཚུན་ཟུང་དུ་སྦྲེལ་བའི་གོ་སྐལ་ཡག།
མངའ་རིས་ལ་སོགས་སྨན་ཁང་རེ་གཉིས་ཀྱིས།།
རང་བྱུང་ཆུ་ཚན་དྲངས་ནས་ལུམས་ཆུ་བྱེད།།
འདི་ཡང་ཤིན་ཏུ་རྨད་བྱུང་ཞིག་ཏུ་མཐོང་།།
དེ་ལྟར་ལུམས་བཅོས་བྱས་པའི་གོ་རིམ་ནང་།།
མ་ཧཱ་མཁྱེན་བརྩེ་དབང་པོའི་སྨན་ཡིག་ན།།
ཁྲག་དང་བད་ཀན་ལ་སོགས་སྟོད་འཕྱུར་ན།།
གསེར་ཐང་བརྒྱད་པ་ཨ་གར་སོ་ལྔ་སོགས།།
རིག་པས་དཔྱད་དེ་གཉེན་པོ་གཏོང་རྒྱུ་དང་།།
སྐབས་སུ་ཤ་གསར་ཕྱེ་ཐུག་དྲོད་ཅན་ཟས།།
ནད་པའི་ཁམས་དང་བསྟུན་ནས་བསྟེན་དགོས་གསུངས།།
མཁྲིས་པས་མགོ་གཟེར་ཕོ་བ་ན་འགྱུར་སོགས།།
རང་རང་ནད་ཀྱི་གཉེན་པོ་བསྟེན་པས་ཆོག།
གང་ལྟར་བསིལ་སྨན་བསིལ་ཟས་འཛེམས་དགོས་ཏེ།།
ལུམས་ཀྱི་ངོ་བོ་འཕྲོག་པའི་ཉེན་ཁ་ཆེ།།
ལ་ལར་འབྲུམ་ཐོར་སབ་སིབ་ཐོན་པ་ཡོད།།
རེ་འགའ་རང་གར་བཞག་པས་མེད་པར་འགྱུར།།
རེ་འགའ་ཅིས་ཀྱང་དུག་སེལ་གསོ་བཅོས་དགོས།།
མགོ་ཡུ་འཁོར་དང་སྙིང་གཟེར་སྤྲུགས་པ་སོགས།།
གསོ་རླུང་རླུང་བདུག་སོགས་ཀྱི་ཡབ་ཆ་རྣམས།།
འཛོམས་བཟང་ཚགས་དམ་ཞིག་གི་གྲ་སྒྲིག་དགོས།།
ལུམས་ནས་ཐོན་དུས་རྔུལ་དབྱུང་བྱ་དགོས་ཏེ།།
ཤ་ལྤགས་རུས་ཚད་རྔུལ་དུ་དབྱུང་བས་བཅོས།།
དབྱུང་དུས་ཕལ་ཆེར་རྔུལ་དྲི་ཐོན་དུས་ཡིན།།
ཞེས་པ་བཞིན་དུ་ཚད་རླངས་བ་སྤུར་དབྱུང་།།
འཕུལ་དང་འདྲེན་གྱི་སྦྱོར་སྡེ་གཙོ་ཆེ་སྟེ།།
རྒྱུད་དང་དེའུ་དམར་སྨན་ཡིག་གཅེས་བསྡུས་ན།།
གང་ལ་གང་མཁོའི་སྦྱོར་སྡེབ་གྲངས་ལས་འདས།།
རེ་རེ་བཞིན་དུ་བློ་ཡིས་མི་ནུས་ཀྱང་།།
ཆུ་རྔུལ་སྟབས་བདེ་འདི་ཡང་ལག་ལེན་ཟབ།།
མདོང་མོ་ལྟ་བུའི་ཕོར་བ་གཏིང་རིང་ཞིག།
དེའི་ནང་འདྲེན་བྱེད་སྣེ་འུ་རྡོག་པོ་ཙམ།།
ཆུ་ཁོལ་མཉམ་དུ་བླུགས་ལ་རླངས་པ་འཇུབ།།
ཕྱི་ནས་ཉལ་ཐལ་སོགས་ཀྱིས་མགོ་ལུས་བཏུམས།།
གནའ་མི་རྒན་པོ་རྣམས་ཀྱིས་འདི་རང་སྤྱོད།།
རྔུལ་དབྱུང་མན་ངག་ཆུ་མོ་རྒྱུགས་པ་འདྲ།།
ཁོང་དུ་འཕུལ་བྱེད་བྱ་སྤུར་བརྒྱད་པ་སོགས།།
ཇི་ལྟར་འཛོམས་ན་དེ་བས་ཕན་པར་འདོད།།
རྔུལ་ཆུ་ཆད་ནས་ལྟོ་བ་སྙིང་ག་གཉིས།།
མ་གཏོགས་ཡོངས་ལ་མར་གྱིས་བསྐུ་མཉེ་བྱ།།
སྣུམ་གྱིས་མ་བྱུགས་བ་སྤུའི་བུ་ག་ལ།།
རླུང་འཆོར་དྲོད་ཤོར་ནད་སྣ་འདྲེན་པར་བྱེད།།
སྣུམ་གྱིས་བྱུགས་ཀྱང་དེ་ལྟར་བཞག་མི་བྱ།།
དྲོད་བསྡམས་ཡོད་པས་འཚོ་ཆེས་ནད་དུ་འགྱུར།།
དེའི་ཕྱིར་ཡང་བསྐྱར་རྩམ་པས་བྱུགས་ཅིང་མཉེ།།
འཚོ་ཆེས་ཅན་ལ་སྲན་ཕྱེ་བྱུགས་པར་བྱ།།
དེ་ཡིས་ལུས་ཟུངས་རྡོ་རྗེ་གོ་ཁྲབ་འདྲ།།
དེ་ལྟར་ཉིན་གྲངས་ལྔ་བདུན་དགུ་ལ་སོགས།།
ནད་པའི་ཁམས་དང་བསྟུན་པའི་གསོ་ཚིགས་ནི།།
རེ་ཞིག་རྫོགས་ནས་ལུམས་ཀྱི་རྗེས་སྲུང་རྒྱུ།།
གལ་བོ་ཆེ་ལ་ནན་ཏན་ཟེར་བ་བཞིན།།
ཐུགས་ཀྱི་དཀྱིལ་སྙིང་ཞིག་ལ་འཇོག་དགོས་ཏེ།།
འདི་ལ་གཙང་སྨན་ཡེ་ཤེས་བཟང་བོ་ཡིས།།
རབ་ནི་ལོ་དང་འབྲིང་ནི་ཟླ་གསུམ་དང་།།
ཡང་ན་ཟླ་བཞི་ཐ་མ་བདུན་ཕྲག་གསུམ།།
ཅིས་ཀྱང་སྲུང་བ་ཤིན་ཏུ་གལ་ཆེ་སྟེ།།
གཞན་ཡང་སྨན་རྒན་ཨ་ཁུ་དཔལ་ཆེན་ནས།།
ལུམས་ལ་འདུག་རྒྱུར་སླ་ཡང་རྗེས་སྲུང་དཀའ།།
མ་སྲུང་གཅོང་གི་ན་ཚར་འགྱུར་ཉེན་ཆེ།།
གྱུར་ན་མི་ཚེ་གང་གི་ནད་སྡུག་འགྱུར།།
དགུན་དུས་གྲང་འཁྱགས་ཡོད་སར་འདུག་པ་དང་།།
དབྱར་དུས་ཆར་ཆུ་སོགས་ལ་བརྒལ་བ་ཡིས།།
ལུམས་ལ་བསྡད་པ་དོན་མེད་ཡིན་པར་གསུངས།།
རྩ་དང་བ་སྤུའི་བུ་ག་དག་གི་དྲོད།།
ཤོར་ནས་རྩ་སྦུབ་ཕྲ་མོ་དག་ལ་ཡང་།།
ནད་རོ་ཆགས་པས་སྔར་ལས་ལྕི་བར་འགྱུར།།
སྔོ་ངད་རུལ་སྐྱུར་སྤྱོད་ལམ་འཁྲུགས་པ་ཡི།།
ཟས་སྤྱོད་ལྟ་ཅི་རིན་ཆེན་རྒྱན་ཆ་ཡང་།།
བསིལ་བའི་ཕྱིར་ན་དེ་ཡང་འདོགས་རྒྱུར་འཛེམས།།
དེའི་ཕྱིར་ལོ་དང་ཟླ་བའི་བར་དག་ཏུ།།
ནད་ཀྱི་རྒྱུ་མཐུན་ཐམས་ཅད་རབ་སྤངས་ནས།།
མཐུན་པའི་ཟས་དང་སྤྱོད་ལམ་སྲུང་རྒྱུ་གལ།།
ད་ནི་རིག་གཞུང་བགྲོ་གླེང་རྫོགས་ལ་ཉེ།།
བདེ་སྟོང་ཉམས་ཀྱིས་ཕྱུག་པའི་གླུ་བ་ནི།།
མང་དུ་སྲིད་ཀྱང་སྦས་བའི་རྟུལ་ཞུགས་འཛིན།།
གསོ་བ་རིག་པའི་འབྲས་བཟང་སྨིན་དགོས་ན།།
དྲན་པའི་ཆུ་རྒྱུན་ཡང་ཡང་འཐུང་དགོས་འདྲ།།
འདབ་ལོ་རྒྱས་ན་ཤིན་ཏུ་ལེགས་མོད་ཀྱང་།།
མགོ་ལ་འབྲས་བཟང་སྨིན་རྒྱུ་དེ་ལས་གལ།།
ནད་འགོ་མ་རིག་པ་ལ་བཞག་ཡོད་པས།།
རིག་པ་རང་བྱུང་བཙལ་བའི་ལམ་བཟང་ཆེ།།
གཡུ་ཐོག་ཆེན་པོའི་དགོངས་པ་ཡིན་པར་ངེས།།
དེའི་ཕྱིར་དྲང་སྲོང་རིག་པའི་ཡེ་ཤེས་ཀྱི།།
ཡེ་ཤེས་རྩལ་ལས་བྱུང་བའི་དཔལ་ལྡན་རྒྱུད།།
རིག་པས་མ་ཁྱབ་མེད་པའི་གླིང་སོ་སོར།།
སྣང་གསལ་ཉི་མའི་དཀྱིལ་འཁོར་ཅི་བཞིན་དུ།།
རིག་རྩལ་འོད་སྣང་རྒྱས་པའི་བཀྲ་ཤིས་ཤོག།།།
༼ ༢༠༢༠ལོར་གནའ་མཁར་ཟི་ལང་དུ་སྨན་ལུམས་སྐོར་ཀྱི་རིག་གཞུང་བགྲོ་གླེང་འཚོགས་སྐབས་ཀྱི་ཟིན་བྲིས་གནད་བསྡུས་འདི་རེ་ཞིག་རྫོགས་པ་ཙམ་མོ། ༽