རྩོམ་པ་པོ། གྲགས་པ། འོར་སྦྱོར་བ། སྐྱེས་སར་ཀླུ་སྒྲུབ།
ནང་དོན་གནད་བསྡུས།
སྤྱིར་དེང་གི་དུས་སུ་རང་རེར་སྤྱི་ཚོགས་ཁོར་ཡུག་ཡག་པོ་དང་རིག་གནས་ཀྱི་བར་སྣང་ཡངས་མོ་འདི་འདྲ་ཡོད་པས་རྒྱུ་མཚན་དང་གཅིག གཉིས་སུ་དུས་རབས་ཉེར་གཅིག་གི་འཕེལ་རྒྱས་ལ་ཁ་ཕྱོགས་ཡོང་བའི་དུས་སྐབས་འདིར། དགོན་པའི་ནང་དུ་གནས་པའི་རབ་བྱུང་སེར་མོ་བའི་སྡེའི་ལྟ་རྒྱ་དང་མཐོང་རྒྱ། ཐོས་རྒྱ་སོགས་ཆེར་ཕྱིན་པས། སྲོལ་རྒྱུན་གྱི་དགོན་སྡེའི་ལྕགས་རིའི་བཀག་མཚམས་ལས་བརྒལ་ཏེ། འཇིག་རྟེན་མི་ཆོས་རིག་གནས་ཀྱི་ལྟེ་བར་གྱུར་པའི་ཆབ་དཔལ་རིག་གསུམ་གྱི་གནད་དོན་གཙོས་མི་རིགས་ཀྱི་འཚོ་གནས་དང་། རྒྱལ་ཁབ་ཀྱི་བདེ་སྡུག་ལ་སོགས་
པར་ཐུགས་ཞེན་ཆེ་བའི་སེར་མོ་བ་མང་པོ་ཞིག་འབྱུང་གིན་འདུག་ཅིང་། དེ་དག་གི་ཁྲོད་དུ་སྒོ་ཤེས་རབ་རྒྱ་མཚོ་ནི་མཁའ་ན་གནས་པའི་རྒྱུ་སྐར་གྱི་རྒྱལ་པོ་དང་། ཐང་ན་སྐྱེས་པའི་སེར་ཆེན་གྱི་མེ་ཏོག་ལྟ་བུར་གྱུར་པའི་ཁྱད་ཡོན་ལྡན་པས། ཁོ་བོས་དེ་ཉིད་ཞིབ་འཇུག་གི་བརྗོད་གཞིར་བདམས་པ་ལགས་ཏེ། དེར་ཞིབ་འཇུག་བྱ་དགོས་པའི་རྒྱུ་མཚན་ཡང་། སྒོ་ཤེས་རབ་རྒྱ་མཚོ་ནི་རང་རེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་དགོངས་དོན་གསལ་བོར་སྟོན་པའི་གཞུང་ཆེན་ལྔའི་ཟབ་དོན་ལ་བསླབ་པ་མཐིལ་ཟིན་པ་ཡིན་འདུག་པ་དང་གཅིག དེང་དུས་ཀྱི་རིག་གནས་གསར་པ་སྟེ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྣམ་གཞག་སོགས་འཛམ་གླིང་གི་ཤེས་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་རྒྱུས་མངའ་དང་སྦྱོང་བ་མཐར་ཕྱིན་པའི་ཁྱད་ཡོན་གཉིས་སྟེ། རིགས་དང་ཕྱོགས་མི་འདྲ་བའི་གཞུང་ལུགས་གཉིས་ཀྱི་དགེ་མཚན་ལ་ཤེས་རྟོགས་མངོན་མཚན་ལྡན་པས། རང་རེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་དུས་རབས་དང་མཐུན་པའི་ལམ་བུ་གསར་པ་གང་འདྲ་ཞིག་གི་སྟེང་དུ་འཕེལ་རྒྱས་གཏོང་དགོས་ཚུལ་གྱི་ཐད། ཁོང་གིས་ཐུན་མོང་མ་ཡིན་པའི་བསམ་བློ་དང་ལྟ་ཚུལ་མང་པོ་ཞིག་བཏོན་ཡོད་པར་མ་ཟད། སྒོས་སུ་དུས་རབས་ཉེར་གཅིག་པའི་རིག་གནས་ཀྱི་སྡིངས་ཆར་རང་རེའི་སྐྱ་སེར་ཡོངས་ལ་རྒྱུན་ཤེས་ཀྱིས་དབུལ་བ་དང་། མི་རིགས་རིག་གནས་རྗེས་ལུས་ཀྱི་གནད་དོན་སོགས་མ་ཤེས་པའི་རྨོངས་གཉིད་ལས་སད་དགོས་པར་བཏོན་པའི་དགོངས་ཚུལ་དང་བསམ་བློ་ཐུན་མིན་དག་ནི་ཁོ་བོས་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་དྭངས་མ་ལགས། དེ་ཡང་ཁོང་གི་མི་ཚེའི་ལོ་རྒྱུས་དང་རིག་གཞུང་གི་བསམ་བློར་ཞིབ་འཇུག་དང་རྒྱུས་མངའ་མཐར་ཕྱིན་པ་ཞིག་དང་། མཐིལ་མངོན་པ་ཞིག་བྱེད་དགོས་ན་གཤམ་གྱི་གནད་དོན་འདི་དག་ནས་ཟབ་ཞུགས་གནང་དགོས་པར་འདོད་དེ། འདིར་ཁོ་བོས་དཔྱད་རྩོམ་འདི་རབ་བྱེད་གསུམ་གྱི་རྣམ་གཞག་གིས་གྲུབ་ཡོད་དེ།
རབ་བྱེད་དང་པོར། སྒོ་ཤེས་རབ་རྒྱ་མཚོའི་ཐུན་མོང་གི་ལོ་རྒྱུས་དཀྱུས་སུ་བཟུང་ནས། གང་དུ་ལྟེ་ཁྲག་འཕོས་པའི་གཞི་དེར་ནང་བསྟན་མཚན་ཉིད་རིག་པའི་རྣམ་གཞག་གཙོས་ནང་ཆོས་གཞུང་ལུགས་ཀྱི་ཟུར་ཡོངས་ལ་རིགས་པས་ཉམས་ཞིབ་དང་དཔྱད་འཚོལ་ཇི་ལྟར་བྱས་མིན་གྱི་གནས་ཚུལ་དག་ལ་ཕྱོགས་ཡོངས་ནས་ཞིབ་བརྗོད་བྱས་ཤིང་། མཁས་པའི་རང་དོན་ཐོས་བསམ་སྒོམ་གསུམ་གྱི་འབྲས་བུར་གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་དོན་ཁྱེར་མཛད་པ་གཙོ་བོར་གྱུར་པས། འདིར་ཁོ་བོས་རྩོད་པའི་རྣམ་གཞག་གི་འབྲས་བུ་ངག་ནས་ངག་བརྒྱུད་ཡོང་བས་རེ་ཞིག་བཏང་སྙོམས་སུ་བཞག་གོ །
རབ་བྱེད་གཉིས་པར། ཁོང་གི་རིག་གཞུང་བསམ་བློ་མངོན་མཚོན་བྱེད་པའི་ཡོ་ཆས་དང་མེ་ལོང་ལྟ་བུར་གྱུར་པའི་འཆད་རྩོམ་གྱི་འབྲས་བུ་གཉིས་ལྟེ་བར་བཟུང་ནས་དཔྱད་ཞིབ་བྱས་པ་སྟེ། ཁོང་གིས་སོར་མོའི་འདུ་བྱེད་ཀྱིས་གསར་རྩོམ་གནང་བའི《ང་ཚོ་སད་རན》དང《རྒྱུན་ཤེས་དང་ལམ》ལྟ་བུ་རྩོམ་པའི་རྣམ་གཞག་གི་འབྲས་བུ་དང་། ཁོང་གི་འཆད་པ་དཔེ་བཟང་གི་འབྲས་བུ་གཞན་གྱིས་ཡི་གེར་ཕབ་པ(ཧི་མ་ལ་ཡའི་ཕར་ཚུར》 དང《སྐྱེས་ཆེན་གྱི་བཞུད་ལམ》 《རང་ལམ་རང་འཚོལ》 ལྟ་བུ་འཆད་པའི་རྣམ་གཞག་གི་འབྲས་བུ་སོགས་ལ་དཔྱད་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། ཁོ་བོས་གཤིབ་བསྡུར་རིག་པ་དང་མར་ཁེ་སིའི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་དག་གཞིར་བཞག་ནས་ཁོང་གི་བརྩམས་ཆོས་དེ་དག་གི་དགེ་མཚན་བརྗོད་པའི་ཁུལ་བྱས་ཡོད།
རབ་བྱེད་གསུམ་པར། གོང་གསལ་བརྩམས་ཆོས་དག་ལ་ལྟ་ཀློག་དང་ཞིབ་འཇུག་བྱས་པ་བརྒྱུད་སྒོ་ཤེས་རབ་རྒྱ་མཚོའི་རིག་གཞུང་གི་བསམ་བློ་དང་རིག་གནས་ཀྱི་སྙིང་སྟོངས་དེ་གང་འདྲ་ཞིག་ཡིན་མིན་དང་། རིག་གནས་སྙིང་སྟོབས་དེ་སེར་མོ་བ་ཞིག་ནང་ཆོས་ཀྱི་བསམ་བློའི་ས་མཚམས་ནས་བརྒལ་ཏེ། འཇིག་རྟེན་མིའི་བདེ་སྡུག་དང་རིག་གནས་འཕེལ་འགྲིབ། ལྷག་པར་དུས་རབས་ཉེར་གཅིག་པའི་ནང་རང་རེའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཚུལ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་ཚུལ་གྱི་ཐོག་ཏུ།
རིན་ཐང་བྲལ་བའི་བསམ་བློ་ལྡན་པ་དག་རབ་བྱེད་འདིར་ཕྱོགས་བསྡུས་ཀྱིས་བཀོད་གནང་ཡོད་ཅིང་ཞིབ་ཕྲ་དཔྱད་རྩོམ་གྱི་གཞུང་དངོས་སུ་གསལ་ལོ།།
དེ་མིན་ཁོང་གི་རིག་གཞུང་གི་བསམ་བློ་ལྟེ་བར་བཟུང་ནས་ཉམས་ཞིབ་བྱས་པའང་རྣམ་ཐར་རྟོགས་བརྗོད་ཀྱི་བརྗོད་བྱ་གཙོ་བོ་སྟེ། མི་གཅིག་ལྟེ་བར་བཟུང་ནས་ཞིབ་འཇུག་བྱེད་རྒྱུ་དང་། མི་དངོས་དོན་དངོས་ཀྱི་མཛད་པ་ལྟེ་བར་འཛིན་རྒྱུ་ནི་རྣམ་ཐར་རྟོགས་བརྗོད་ཀྱི་ལས་འགན་ཡིན་པས། འདིར་ཁོ་བོས་ཁོང་གི་བརྩམས་ཆོས་དག་གཙོར་བཟུང་བྱས་ནས་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་བསམ་བློ་དེ་ཚུར་འབུར་ཐོན་ཡོང་བར་དཔྱད་རྩོམ་འདི་བྲིས་པ་ལགས་མོད། འོན་ཀྱང་། སྐྱེས་ཐོབ་ཀྱི་ཤེས་རབ་རྟུལ་
ཞིང་ཐོས་གསོག་གི་མ་རྩས་དབེན་པས། བསྒྲུབ་བྱར་གྱུར་པའི་སྒོ་ཤེས་རབ་རྒྱ་མཚོའི་རིག་གཞུང་བསམ་བློའི་ཕྱོགས་ཆ་གོར་མོར་མ་རྟོགས་མ་སྨིན་པའི་བསམ་འདུན་གྱིས་ཁེངས་ངེས་རྐྱེན།གཟིགས་བཀྲམ་གྱི་གནས་སུ་གྱུར་པའི་མཁས་དབང་དང་དགེ་བའི་བཤེས་གཉེན་ལྷན་རྒྱས་ནས། ཁོ་བོར་སྨན་པའི་བློ་གཟུར་གནས་ཀྱི་བཀའ་བཀྱོན་དང་དགོངས་འཆར་ཡར་ཀླུང་གཙང་བོའི་རྒྱུན་བཞིན་སྤེལ་གནང་ཡོང་བར་སོར་མོའི་སྙིམ་པ་སྙིང་ཁར་སྦྱར་ནས་འདུད་དོ།།
བརྡ་ཆད་གཙོ་བོ། སྒོ་ཤེས་རབ་རྒྱ་མཚོ། རིག་གཞུང་བསམ་བློ། རིག་གནས་སྙིང་སྟོབས།