ཨ་འདུས་པ།
‘’་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། ,, འཇིགས་མེད་སྙིང་གི་སྒོ.མོར་འཁྱིལ་བ་ཅན།། ཤེས་རབ་རྒྱ་མཚོ་འཕྱུར་བའི་རླབས་གཅིག་གིས།། ཀླ་ཀློའི་དཔུང་ཚོགས་འདར་བའི་ཚུལ་ལ་ལྟོས།། ཟླ་ཤས་གོང་གྲོགས་པོ་ཞིག་གིས་ཨ་ཁུ་ཤེས་རབ་ཁྲི་འདུ་ནས་ཉེན་རྟཔག་པས་བཙན་ཁྲིད་བྱས་འདུག་ཅེས་བརྗོད་སོང་། དེ་མ་ཐག་སེམས་ན་ཞེད་སྣང་འཇིགས་ཡེར་བ་ཞིག་རང་དབང་མེད་དུ་སྐྱེས་ཤིང་། རིམ་གྱིས་ཞེད་སྣང་དེ་ཡང་བརྗེད་དཀའ་བའི་ཕངས་སེམས་ཤིག་གི་ངོ་བོར་འཕོས་ཏེ་སེམས་ན་
ཉལ་དགོས་བྱུང་། མ་གཞི་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་བོད་ཀྱི་རྩོམ་པ་པོ་དང་དགེ་རྒན་སོགས་ཤེས་ལྡན་མི་སྣ་དང་། གླུ་གཞས་རྡུང་ལེན་པ་སོགས་སྒྱུ་སྩལ་པ། ཐ་ན་རོང་འབྲོག་གི་མང་ཚོགས་དཀྱུས་མ་ཁག་ཀྱང་བཙོན་འཇུག་དང་། གཅར་རྡུང་བྱས་པའི་གཏམ་ངན་ཐོས་རྒྱུ་ཡོད་པ་ནི། འགྲོ་བ་མིའི་ཐོབ་ཐང་ཤོར་བའི་བོད་ཁམས་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཅི་ལ་མིན།
དེ་ལྟ་ནའང་། ཨ་ཁུ་སྒོ་ཤེར་གྱི་སྐུ་ཚེའི་ཉམས་ཉེས་དང་འབྲེལ་བའི་གནས་ཚུལ་འདི་ནི། བོད་ཀྱི་དེང་རབས་གཞོན་སྐྱེས་སྤྱི་དང་། ཡང་སྒོས་ཤེས་ལྡན་མི་སྣ་ཚོར་མཚོན་ན། ངེས་པར་དོ་སྣང་དགོས་པ་ཞིག་ཡིན་ཏེ། སྐུ་ཞབས་སྒོ་ཤེར་ཁོང་ནི། ཉེ་རབས་བོད་ཀྱི་ཤེས་ལྡན་པ་འདྲ་འདྲའི་ཁྲོད་ཀྱི་མི་འདྲ་བ་ཞིག་ཡིན་ཏེ། གནའ་དེང་གི་ཤེས་ཡོན་གང་ལ་ཡང་བློ་གཟུ་བོའི་སྒོ་ནས་དཔྱད་པས་འཇུག་ཅིང་། སྙིང་སྟོབས་ཀྱི་དཔུང་ཆེ་བ། ལར་ཞེན་གྱི་རྒྱལ་མཚན་སྒྲེང་ཐུབ་མཁན་ཞིག་ཡིན་པར་མ་ཟད། བགྲོ་གླེང་དང་། གཏམ་བཤད་སོགས་ཀྱི་སྐབས་གང་ན་ཡང་བོད་མི་རིགས་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་པའི་སྡེའི་འདས་པའི་ཉམས་ཉེས་དང་། ད་ལྟའི་གནས་བབ། མ་འོངས་པའི་རེ་བ་སོགས་ཀྱི་ཐད། སུ་ཡིས་ཉེས་པ་དང་། སུ་ཞིག་ཕམ་པ་སོགས་དངོས་ཡོད་ལོ་རྒྱུས་ཀྱི་གནད་དོན་མཐའ་དག་མངོན་སུམ་འཛེམས་མེད་དུ་གླེང་ཐུབ་མཁན་ཞིག་ཡིན། ད་ལན་ཡང་བོད་རིགས་གཞོན་ནུ་ཚོའི་ཡིད་ཆེས་ཀྱི་རྣ་བས་ཉན་ས། རེ་བའི་མིག་གིས་ལྟ་ས། གནའ་དེང་གི་སློབ་གསོའི་བང་མཛོད། ཤེས་རབ་ཀྱི་སྒྲོན་མེ། ལར་ཞེན་གྱི་མཚོན་རྟགས། མཚན་ཉིད་རིག་པའི་དེད་དཔོན། ལུགས་གཉིས་ཀྱི་བྱུང་རབས་སྨྲ་བའི་ཚབ་མཚོན་ལྟ་བུར་གྱུར་པའི་སྐུ་ཞབས་ཁོང་ལ་གློ་རྡེག་ཏུ་འདི་ལྟ་བུའི་གོད་ཆག་ཅིག་བྱུང་བ་ནི། སྒེར་གཅོད་པ་དག་གིས་སྨྲ་བརྗོད་རང་དབང་གི་ས་མཚམས་ལས་བརྒལ་བའི་ནག་ཉེས་ཀྱི་ཞྭ་མོ་བསྐོན་པར་གོར་མ་ཆག་ཅིང་། ནམ་ཡོང་ཆ་མེད་པའི་ཉེན་ཁ་འཇིགས་ཡེར་བ་འདི་ནི་གཞིས་ལུས་ཀྱི་ཤེས་ཡོན་ཅན་དང་། ལར་ཞེན་པ། ལྷག་པར་དུ་བོད་མི་རིགས་ཀྱི་ངོ་ཚབ་རྣལ་མ་མཚོན་ཐུབ་པའི་གཞོན་རབས་པ་ཚོར་བྱུང་དང་འབྱུང་བཞིན་པའི་ཐུན་མོང་གི་གོད་ཆག་ཅིག་ཡིན་ཨང་།