རྩོམ་པ་པོ། སྐྱེས་སར་འཕྲིན་ལས། འོས་སྦྱོར་བ། སྐྱེས་སར་ཀླུ་སྒྲུབ།
གཅིག
ལོ་གཉིས་ཡར་སྔོན་གྱི་དེ་རིང་ནི་ཨ་ཁུ་ཤེས་རབ་རྔ་བ་ཀིརྟི་དགོན་ནས་བཙན་དབང་གིས་ས་མཐར་སྤྱུགས་པའི་ཉིན་མོ་ཡིན། སྤྱིར་བཏང་གྱོད་ཉལ་དོན་རྐྱེན་གྱི། རྒྱུ་དངོས་རྐྱེན་གསུམ་གང་ལ་བསམ་རུང་། བོད་ཀྱི་དགོན་སྡེ་སྤྱིའི་ཁ་ཕྱོགས་དང༌། གང་ཟག་སྒེར་གྱི་རང་དབང་། མང་གཙོའི་འཛིན་སྐྱོང་ལམ་ལུགས་སོགས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པ་བཤད་མི་དགོས་ལ། ངོས་ཟུར་གཞན་ཞིག་ནས་བསམ་ན། དོན་རྐྱེན་དེ་ནི་ཚོགས་སྒེར་སུ་ཞིག་གིས་དབང་ཤུགས་ཀྱིས་གཏམ་བདེན་པ་སྨྲ་བའི་སྐྱེས་བུ་ཞིག་ལ་མནར་གཅོད་བཏང་བའི་ལོ་རྒྱུས་ཤིག་དང་། དགོན་སྡེ་བྱེ་བྲག་པ་ཞིག་ལོག་ལམ་དུ་ཞུགས་པའི་གོ་རིམ་ཡང་ཅི་ལ་མིན།
གཉིས།
རྒྱའི་སློབ་གསོ་བ་གྲགས་ཅན་ཆན་ལི་ཆིན་(钱理群)(北大演讲录-话说周氏兄弟)དཔེ་ཆ་ཞིག་ཏུ། སྒེར་གཅོད་པ་ལ་ནི་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ཁྱད་པར་གང་ཡང་མེད་ཚུལ་མང་པོ་ཞིག་བྲིས་འདུག ཁོས་བྲིས་ཚད་འདིར་རྒྱས་བཤད་བྱེད་དགོས་དོན་མེད་ན་ཡང་། གཏམ་དེ་ནི་ལེགས་བཤད་ཅིག་ཏུ་སེམས་ལ། དག་དག་རང་རེས་སྣང་མེད་དུ་བཞག་པའི་གནད་དོན་ཞིག་ཏུ་ཡང་འདོད་དེ། གལ་ཏེ་རྒྱ་གཞུང་གིས་ཁོང་ཚང་གི་ལས་ཁུངས་ག་གེ་མོས་ཆོག་མཆན་མ་འཐོབ་ཚེ་རྩོམ་ཡིག་གང་ཡང་དགྲམ་མི་ཆོག་ཅིང་། བཀྲམ་པ་ཡིན་ན་ཉེས་ཆད་འདི་དང་དེ་གཅོད་རྒྱུ་ཡིན་ཞེས་བསྒྲགས་ན། རང་རེ་རྣམས་ཀྱིས་སྒེར་གཅོད་ཀྱི་ལས་ཤིག་ཏུ་གྲུབ་ཅིང་རྒོལ་བར་བྱེད་ངེས། ཡིན་ན་ཡང་། ང་ཚོས་རང་མི་རྣམས་ཀྱིས་བཟོས་པའི་ཁྲིམས་འདི་འདྲ་ལ་རྣ་ཡས་འོན་པ་དང་མིག་ཡས་ཞ་ར་བྱེད་པར་མ་ཟད། ད་དུང་ཁ་གཡར་ས་མང་པོ་ཞིག་བཙལ་ཏེ། དེ་དག་གི་བྱ་བྱེད་ལ་གུ་ཡངས་གཏོང་ཐབས་བྱེད། རེད་དེ། ཞིབ་མོར་གཞིག་ན། ཁྲིམས་བཟོ་མཁན་མ་འདྲ་བ་ཙམ་ལས། ཁྲིམས་རང་ངོས་ལ་ནི་ཁྱད་པར་སྤུ་རྩེ་ཙམ་འཇོག་ཏུ་མེད་པས། རང་གིས་རྒོལ་བཞིན་པའི་ལས་དེར་རང་གིས་རྒྱབ་སྐྱོར་བྱེད་པ་ནི་དགོད་བྲོ་བའི་གནས་ཤིག་ཡིན་པ་རྩོད་མི་དགོས་ལ། དེ་ལས་ཀྱང་བསམ་དགོས་པ་ཞིག་ནི། སྣང་ཚུལ་འདིས་ང་ཚོས་སྒེར་གཅོད་ལ་རྒོལ་བ་དེ་ཡང་སྙིང་སྐྱེ་བུ་སོ་སོའི་ཐོབ་ཐང་རྩོད་བཞིན་ཨེ་ཡིན་ནམ་སྙམ་པའི་སོམ་ཉི་ཞིག་ཀྱང་མི་སྐྱེ་རང་སྐྱེ་ཡིན་མོད། དེའི་སྐོར་རེ་ཞིག་བཞག་གོ།
གང་ལྟར་རང་ཅག་གིས་ཤེས་འོས་པ་ཞིག་ནི། ང་ཚོས་སྒེར་གཅོད་ལ་རྒོལ་བ་དེ་སྐྱེས་བུ་སྒེར་གྱི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཐམས་ཅད་ལ་རྒོལ་ཏེ། འདྲ་མཉམ་དང་རང་དབང་གི་ཁོར་ཡུག་གུ་ཡངས་ཤིག་འཐོབ་ཏུ་རེ་བ་ལས། སྒེར་གཅོད་པ་གཅིག་བསྐྱེལ་ནས་སྒེར་གཅོད་པ་གཞན་ཞིག་རྩེང་བའི་ཆེད་ག་ལ་ཡིན། དེས་ན་ཁྱེད་རང་ངེས་པ་དོན་གྱིས་རང་དབང་དང་ཐོབ་ཐང་ལ་དུང་བ་ཡོད་ཚེ། སྒེར་གཅོད་པ་ཡིན་མིན་ནི། ཚོགས་སྒེར་གང་དེས་སྐྱེས་བུ་རེ་རེའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མི་བྱེད་ཀྱི་དབྱེ་དགོས་པ་ལས། རིགས་གང་ཡིན་དང་གོས་གང་གྱོན་གྱིས་ཕྱེ་རྒྱུ་མིན་པ་མཁྱེན་པར་མཛོད་ཅིག
གསུམ།
ཡང་མང་པོ་ཞིག་གིས་ཟེར་ན། དུས་བབ་འདི་འདྲ་ཞིག་གི་འོག་ཏུ་ང་ཚོ་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེ་བས། ཕན་ཚུན་སྐྱོན་བརྗོད་དང་དགག་སྒྲུབ་བྱ་མི་འོས་པར་བཤད། རེད་དེ། མཐུན་སྒྲིལ་གྱི་རྨང་གཞི་ནི་འདྲ་མཉམ་དང་བརྩི་འཇོག་རེད། བསམ་འཆར་དང་སྐྱོན་བརྗོད་ཙམ་ཡང་ཡོད་མི་ཆོག་པའི་ཁོར་ཡུག་གི་འཇིགས་ཟིལ་འོག་ནས་གྲུབ་པའི་མགྲིན་བརྒྱ་དབྱངས་གཅིག་དང༌། བློ་བརྒྱ་གྲོས་གཅིག་གི་སྣང་ཚུལ་དེ་ནི་བཀའ་བརྩི་བའི་བྲན་གཤིས་ཙམ་ལས་གང་ཡང་མ་ཡིན། ངེས་པ་དོན་གྱི་མཐུན་སྒྲིལ་ནི་སྐྱེས་བུ་སྒེར་རེ་རེའི་ཐོབ་ཐང་ལ་བརྩི་འཇོག་ཡོད་པའི་རྨང་གཞིའི་སྟེང་ནས། ཐུན་མོང་གི་དམིགས་ཡུལ་ཞིག་གི་ཆེད་དུ་བློ་གྲོས་བསྡུར་ཏེ། ཕན་ཚུན་ལ་བསམ་ཤེས་ཐོབ་པའི་བརྒྱུད་རིམ་ཞིག་ལ་གོ་དགོས་པ་མ་ཡིན་ནམ། ངས་བསམ་ན། མཐུན་སྒྲིལ་ནི་སྐྱེས་བུ་སྒེར་གྱི་དཔྱོད་ཤེས་དང་སྨྲ་ལྕེ་བཙོང་ནས་ཉོ་དགོས་པ་ཞིག་གཏན་མིན་པར་མ་ཟད། མཐུན་སྒྲིལ་ཡོང་བ་ལ་ཁ་གྲགས་མི་ཉན་ཟེར་མཁན་རྣམས་ལ་ནི་དོགས་པ་རབ་ཏུ་ཟ། འདི་དག་གིས་གཏམ་ལ་བུ་རམ་བསྲེས་ཀྱང་། བརྗོད་བྱའི་སྙིང་བོ་ནི། ཁོ་བ་ཅག་གི་བཀའ་བརྩིས་ན་མཐུན་སྒྲིལ་དང་། མ་བརྩིས་ན་དཀྲུག་ཤིང་གཏོར་བརླག་བྱས་པ་ཡིན་ཟེར་བ་ཙམ་ལས་ཅི་ཞིག་འདུག དཔེར་ན། སུ་ཚང་གིས་ནམ་རྒྱུན་བཟོ་བའི་མཐུན་སྒྲིལ་ལྟ་བུ་རེད།
ཡང་གཅིག་བཤད་ན། དབང་འཛིན་པ་དག་གི་གཏན་ཚུགས་ལྟར། ཁྱོད་ཅག་གིས་ཀྱང་མཐུན་སྒྲིལ་ཡོང་བའི་ཆེད་དུ་སྒྲིག་ཁྲིམས་གཡོ་འཁྱོག་མ་དེ་དག་ད་ཕྱིན་ཆད་མི་བཟོ་རོགས། བཟོས་ཟིན་དེ་དག་དོར་འཇོག་རོགས་ཟེར་ཚེ་ཇི་ལྟར་ལབ།
བཞི།
མདོར་ན་ཨ་ཁུ་ཤེས་རབ་ནི་སྨྲ་བརྗོད་ཀྱི་ཐོབ་ཐང་བརྩད་དེ་རང་ཡུལ་དང་གྱེས་དགོས་ཐུག་པ་ཡིན་ལ། ཐོབ་ཐང་དེ་འཕྲོག་མཁན་ལ་ནི་རང་མི་གཞན་མིའི་ཁྱད་མེད་པར་རྒོལ་ན་འགྲིག་ཅིང་།མཐུན་སྒྲིལ་ཞེས་པར་ཡང་གོ་བ་ལོག་འགྲེལ་མི་བྱེད་པ་གལ་ཆེ། གང་ལྟར་རང་ལྟ་རང་གིས་བཤད་རྒྱ་ནི་མིར་སྐྱེས་པའི་མ་མཐའི་ཐོབ་ཐང་ཙམ་ཡིན་པས། ཐོབ་ཐང་འདིར་རྡོག་རོལ་གཏོང་མཁན་ཐམས་ཅད་ལ་རང་གི་རྣམ་འགྱུར་ཞིག་བཟུང་ན་འདོད་ཡོད། དེ་ནས་སྔ་ལོ་ཡང་ངས་བཤད་ཡོད་ལ། ད་ལོ་ཡང་གསལ་འདེབས་བྱེད་འདོད་པ་ཞིག་ནི། ཤེས་འགན་ལྷན་ཚོགས་ལགས། ཁྱོད་ཅག་གིས་བཞག་པའི་ཁྲིམས་དེ་ཨ་ཁུ་ཤེས་རབ་གཅིག་པུ་ལ་བཞག་པའི་ཁྲིམས་གཡོ་འཁྱོག་ཅིག་ཡིན་པ་ནམ་ཡང་མ་བརྗེད་པ་གྱིས་ཤིག མ་གཞི་ལོ་གཉིས་པོ་འདིའི་རིང་ལ་རྔ་བ་ཀིརྟི་དགོན་པ་རང་གི་ནང་ལ་འགྱུར་བ་ཡིད་གདུང་བ་གང་མང་ཞིག་སོང་ཡོད་པའི་སྐོར་བྱེ་བྲག་ཏུ་འབྲི་དགོས་མོད། ག་ལེར་མོལ་ཆོག་པས། དེ་རིང་ནི་འདི་ཙམ་བྱའོ།།
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ གྱོད་ཉལ་དོན་རྐྱེན་བྱུང་ནས་ལོ་གཉིས་ལོན་པར་བྲིས།