བློ་བཟང་རིན་ཆེན་གྱིས།
མདང་དགོང་ཉལ་ཁ་ནས་དམ་བཅའ་བཞག་པ་ལྟར། དེ་རིང་ཞོགས་པ་ནས་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཀྱི་ཁ་ཕྱེས་ཏེ་ཆོས་ལུགས་ལ་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཀ་བ་གཉིས་ཟེར་བའི་ཚན་པ་ལ་ཞིབ་ལྟ་བྱེད་རྒྱུ་བྱུང་། མ་གཞི་ཏོག་དབྱིབས་ནད་ཡམས་དེ་ཐག་རིང་ནས་ཐག་ཉེར་ཁྱབ། ཐག་ཉེ་ནས་ཆས་ཐག་ཉེར་ཁྱབ་སྟེ་ད་སྐབས་ངའི་འཛིན་གྲོགས་དང་། གྲྭ་ཚང་འདིའི་དགེ་འདུན་པ་མང་པོ་ཞིག་ལ་ནད་ཡམས་དེས་མནར་བཞིན་མཆིས། མ་ཟད་རང་ཉིད་ལ་མྱུར་དུ་ནད་ཡམས་དེས་མནར་མི་སྲིད་པ་གཏན་མིན་པའི་སྐབས་འདིར། བླ་མས་བྱིན་རླབས་གནང་བའི་རིལ་བུ་དང་། བོད་རང་གིས་བཟོས་པའི་སྨན་མཆོག་རིན་ཆེན་རིལ་བུ་རེ་ཟོས་ནས་ལུས་ཁམས་གསོ་ཐབས་བྱེད་པ་ནི། ལྷ་རྗེ་མཁས་དབང་ཚོས་འུ་ཅག་ལ་གནང་བའི་ལམ་སྟོན་གལ་བོ་ཆེ་ཞིག་རེད།
ད་སྐབས་ཆོས་པ་རབ་ཅིག་ཡིན་ན། འཆི་བ་མི་རྟག་པ་དང་། བྱམས་སྙིང་རྗེ་སོགས་བསྒོམས་ནས་རང་སེམས་ལ་འཇིགས་སྐྲག་སྤུ་ཙམ་ཡང་མེད་པ་བདེན་མོད། འོན་ཀྱང་ང་དང་ང་ལྟ་བུའི་ལུས་ལ་སྟོན་པའི་ན་བཟའ་གྱོན་ཞིང་། རང་སེམས་རྒྱ་ཡན་ལ་ཤོར་བའི་གྲྭ་གཟུགས་འཛིན་པ་དག་གིས་གནའ་བོའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྣམས་ཀྱི་གཞུང་ལ་ཐད་ཀར་འཇུག་ནས་ཐོས་བསམ་སྒོམ་གསུམ་མཛད་དེ་རང་སེམས་གསོ་མ་ཐུབ་རུང་། རང་རེའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་དག་སྟེ། གནའ་བོའི་རྒྱ་གར་མཁས་པའི་ལེགས་བཤད་ཀྱི་དྲི་མ་ཡལ་ཞིང་། དེང་རབས་ཚན་རིག་མཁས་པའི་གྲུབ་དོན་གྱིས་ཟུར་བརྒྱན་བྱས་པའི་བརྗོད་བྱ་གོ་བདེ་བ། འཕྲལ་ཕུགས་ཀུན་ལ་སྨན་པའི་ལེགས་བཤད་རྨད་པོ་ཆེ་དག་མདུན་ལ་བཞག ཁ་ཕྱེས། གོམས་འདྲིས་བྱེད་པ་ནི་ཧ་ཅང་གལ་ཆེན་དུ་མཐོང་།
དེའི་ཕྱིར་ཁོམ་ལོང་ཡོད་སྐབས་དང་། དཔེ་ཀློག་གི་འདུན་པ་ཆེ་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་བཤད་རྣམས་ལ་གོམས་འདྲིས་བྱེད་བཞིན་ཡོད། ཉེ་སྔོན་ང་དང་གྲོགས་པོ་ཁ་ཤས་མཉམ་དུ་ཟ་མ་ཟ་སྐབས། གྲོགས་པོ་ཞིག་གིས་༧གོང་ས་མཆོག་གི་ལེགས་བཤད་ཁ་ཤས་ཀྱི་ཚིག་འགོ་རེ་སྐྱོར་སྐབས། ངས་ཚིག་སྔ་དག་ཤར་ཤར་སྐྱོར་བའམ་འགྲེལ་བཤད་བྱས་དུས། ཁོས་ང་ལ་ཧང་སང་སྟེ་༧གོང་ས་མཆོག་གི་ལེགས་བཤད་དག་ལ་རྒྱུས་ཆེན་པོ་འདུག་ཅེས་ཁ་ནས་ཐལ། དྲང་མོར་བཤད་ན། ང་ལ་དེ་ཙམ་རྒྱུས་ཤིག་ག་ལ་ཡོད། འོན་ཀྱང་ཉིན་དེར་སྟབས་ཁེལ་ཏེ་ཁ་ལས་རྒྱས་པ་ཙམ་རེད།
གང་ལྟར་དེ་རིང་ཡང་སྔར་ལྟར་ཆོས་ལུགས་ལ་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཀ་བ་གཉིས་ཞེས་པའི་ཚན་པ་ལ་ཞིབ་ལྟ་བྱས་རྗེས། བརྗེད་བྱང་ཞིག་གཤམ་ལ་འབྲི་འདི་འདོད་བྱུང་། མ་གཞི་ཁོ་བོས་ཟིན་བྲིས་སམ་བརྗེད་བྱང་འདི་བཞིན་བྲིས་ནས་དྲ་ལམ་དུ་སྤེལ་བ་འདིས། ང་དང་ང་ལྟ་བུ་མང་པོ་ཞིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་དག་ལ་རྒྱུས་ཡོད་དུ་འགྱུར་བ་དང་།བོད་སྐད་ཡིག་གི་བསྟན་པ་རྒྱས་པའི་རྒྱུ་རུ་འགྱུར་བར་སྨོན།
ཆོས་ལུགས་ལ་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཀ་བ་གཉིས།
ཚན་པ་འདིར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནན་ཏན་དུ་གསལ་བཤད་གནང་རྒྱུར། ངོས་རང་ཕྲུ་གུའི་སྐབས་ནས་བོད་པའི་ཐེག་ཆེན་སྲོལ་རྒྱུན་ཁྲོད་ཀྱི་ནང་པའི་གྲྭ་པ་ཞིག་བྱས་ཤིང་། ཡ་རབས་བཟང་སྤྱོད་དང་། འགྲོ་བ་མིའི་བདེ་སྐྱིད་དོན་དུ་གཉེར་བ་ལྟ་བུའི་གནད་དོན་ཐོག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཤིང་། ཉིན་རེའི་ཉམས་ལེན་གྱི་གནས་རྣམས་ལའང་དཔལ་ནཱ་ལན་དྲཱའི་རྩ་ཆེ་བའི་ཕྱག་དཔེ་དག་གིས་ཤུགས་རྐྱེན་གཏིང་ཟབ་པོ་བྱིན་ཡོད། མ་ཟད་དཔེ་དེབ་འདིར་ཡང་ཁོང་ཚོའི་ངོཚར་རྨད་དུ་བྱུང་བའི་གདམས་ངག་དག་གིས་ཟུར་རྒྱན་བྱས་ཡོད། འོན་ཀྱང་དཔེ་དེབ་འདི་པར་བསྐྲུན་བྱེད་པའི་ཀུན་སློང་ལ་ནང་པ་མང་དུ་གཏོང་བའི་བསམ་པ་རྩ་བ་ནས་མེད་ཅེས་གསལ་བཤད་གནང་འདུག ད་དུང་ངོས་ཀྱི་ཀུན་སློང་ནི་འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་སླད་ཞབས་འདེགས་ཞུ་རྒྱུ་དང་། ངོས་རང་ཉིད་མི་ཐེར་འབུམ་བདུན་ལ་ཉེ་བ་ཡོད་པའི་ཁྲོད་ཀྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས།འབྱུང་འགྱུར་སྲུང་སྐྱོབ་དང་བཟང་སྤྱོད་གོང་འཕེལ་ཡོང་བའི་སླད་དུ་བསམ་ཚུལ་བརྗོད་རྒྱུ་ཉག་གཅིག་ཡིན་ཞེས་དགོངས་ཚུལ་ལྷུག་བརྗོད་མཛད་འདུག
དེ་ལྟར་ཁོང་གིས་རྩལ་འདོན་གནང་བའི་འཇིག་རྟེན་ཡོངས་ཁྱབ་ཏུ་ཁས་ལེན་ནུས་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་འཇུག་པའི་ཐབས་ལམ་ཆ་ཚང་བ་ཞིག་ལ། གཞི་རྩའི་རྩ་འཛིན་གཉིས་ཁོ་ན་དགོས་པར་ཡིད་ཆས་བྱས་ཡོད་ཅེས་གསུངས་འདུག རྩ་འཛིན་དེ་གཉིས་ནི་ང་ཚོའི་རྒྱུན་ལྡན་གྱི་མྱོང་བ་དང་། རྒྱུན་ཤེས་ཐོག་ལ་གཞི་བཞག་སྟེ་ལས་སླ་བོར་ཤེས་རྟོགས་ཐུབ་པ་ཞིག་ཡིན། མ་ཟད་སྨན་དཔྱད་ཚན་རིག་དང་། དབང་རྩའི་ཚན་རིག བསམ་བློའི་ཚན་རིག་སོགས་ཀྱིས་ཉམས་ཞིབ་ཀྱི་རྙེད་དོན་ཐོག་ནས་ཁུངས་སྐྱེལ་ར་སྤྲད་བྱས་ཡོད་པ་ཞིག་ཏུ་ངེས། “རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས། གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན།” རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོས་རང་གཞན་གྱིས་བདེ་སྡུག་རྦད་དེ་ཁ་ཁར་འབྱེད་མི་ཐུབ་པའི་འབྲེལ་ལ་ངོས་འཛིན་ཐུབ་ཅིང་། གཞན་གྱི་བདེ་དོན་བཅོས་མིན་གྱི་སེམས་ཁུར་གོང་འཕེལ་དུ་གཏོང་ཐུབ། དེ་ལྟར་ང་ཚོས་རང་གཞན་གྱི་བར་གྱི་རྟེན་འབྲེལ་ལ་གོ་བ་ཟབ་མོ་ཞིག་ལོན་ནས། རང་ཁེ་དོན་གཉེར་གྱི་གུ་དོག་གི་རྒྱ་ལས་གྲོལ་ཏེ། མི་ཚེར་དོན་ལྡན་དང་དམིགས་ཡུལ་ལྡན་པ། འདོད་བློ་ཁེངས་པ་ཞིག་ཡོང་ཐུབ་ཅེས་ལམ་སྟོན་གནང་འདུག
༢༠༢༠/༡༠/༥ བློ་བཟང་རིན་ཆེན་གྱིས་བྲིས།