ཆང་སྐྱེས།
གངས་དཀར་ཁ་བ་རི་བོའི་རྩེ་མོ་ན།།
དུང་གི་ཟླ་བ་གཞོན་ནུ་རེ་ཞིག་ནུབ།།
ཆོལ་གསུམ་ས་ཡ་དྲུག་གི་སྐྱེ་འགྲོ་རྣམས།།
མི་འདོད་སྐྱོ་གདུང་དྲག་པོས་ཡང་ཡང་མནར།།
གཟའ་སྐར་རྟེན་འབྲེལ་བཟང་བའི་ཉིན་མོར་དེར།།
གང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ།།
འཇའ་ཚོན་མེ་ཏོག་དང་བཅས་རྟགས་མཚན་གྱིས།།
སླར་ཡང་འཇིག་རྟེན་ཟླུམ་པའི་མགོན་ཏུ་བྱོན།།
ལྷ་ཡི་བུ་ཆུང་བྱོན་པ་ལེགས་མོད་ཀྱང་།།
བར་ན་བར་ཆད་བདུད་ཀྱིས་དབང་བསྒྱུར་ཏེ།།
མགོན་པོ་གང་གི་ཡབ་ཡུམ་དང་བཅས་པ།།
མི་ཡི་ཡུལ་ནས་གློ་རྡེག་འཇའ་ལྟར་ཡལ།།
ཤ་བཟའ་ནག་པོ་བདུད་སྡེའི་དཔུང་ཚོགས་ཀྱིས།།
འདྲེ་ལག་བོད་ལ་བསྲིངས་པའི་ཆོ་འཕྲུལ་འདིས།།
གདོང་དམར་གངས་ལྗོངས་ཡུལ་གྱི་མི་བུ་རྣམས།།
ཡང་བསྐྱར་ཐེངས་གཅིག་མུན་པའི་སྡུག་ལ་སྦྱར།།
ལོ་དང་ཟླ་བ་སྐད་ཅིག་ཅིག་གིས་འདས།།
སྐྱབས་མགོན་བླ་མ་ཡུལ་ཕྱོགས་གང་ན་བཞུགས།།
བླ་མ་དྲན་པའི་སྐྱོ་གདུང་དྲག་པོ་འདིས།།
མགོན་མེད་སེམས་ཀྱི་བུ་ཆུང་སྡུག་ལ་སྦྱར།།
རེ་སྒུག་ཡིད་ཀྱི་མིག་ཟུང་ཕྲ་མོ་འདི།།
མཆོག་སྤྲུལ་དམ་པའི་ཕྱོགས་ལ་གཏད་ནས་ཡོད།།
ལག་ཟུང་ཐལ་མོ་སྦྱར་བའི་གསོལ་འདེབས་ཀྱང་།།
རྩ་བའི་བླ་མའི་དྲུང་ལ་འབུལ་བཞིན་ཡོད།།
རྗེ་བཙུན་བླ་མ་ཟླ་བ་གཞོན་ནུ་མཆོག།
གཟའ་གཅན་ནག་པོས་ཁྱུར་མིད་མི་གཏོང་བར།།
མ་འོངས་མི་འགྱངས་མྱུར་བ་མྱུར་ཏུ་ནི།།
གསེར་ཞལ་པད་མོ་འཇལ་ལ་སྨོན་ལམ་འདེབས།།
ཆང་སྐྱེས། ༢༠༢༡ ༠༤ ༢༥