དམར་ཁ་ཚ།
མང་གཙོའི་སྲིད་གཞུང་ཞིག་སྐྱོང་བ་ནི། འཛམ་གླིང་ཨོ་རྩལ་འགྲན་ཚོགས་ཁྲོད་དབྱུག་པ་ལག་བརྒྱུད་རྒྱུགས་འགྲན་མེ་རཱ་ཐོན་ལ་ཞུགས་པ་དང་འདྲ། ཁྱོད་ཀྱིས་རྒྱུགས་འགྲན་འདི་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་བྱེད་ཀྱི་ཡོད་ཅིང་། རྒྱུགས་འགྲན་ལ་ཞུགས་པའི་དམིགས་ཡུལ་ནི། རང་གི་རྒྱལ་ཁབ་ལ་གསེར་གྱི་རྟགས་མ་ཞིག་ལེན་པའི་ཆེད་རེད། འོན་ཀྱང་། མ་བསམ་ས་ནས་ཁྱེད་རང་རྩེད་ཐང་ནས་འགྱེལ་ཀྱང་སྲིད་པ་རེེད།
ཁྱོད་རང་རྩེད་ཐང་ནས་འགྱེལ་སོང་ན། དེ་མ་ཐག་ཡར་ལངས་ནས་མུ་མཐུན་མདུན་དུ་རྒྱུགས་ཏེ། རང་ཉིད་ཀྱི་ལག་ཏུ་ཡོད་པའི་དབྱུག་པ་རང་གི་མདུན་གྱི་གྲོགས་པོར་སྤྲོད་ཐབས་བྱེད་པ་རེད། ཨོ་རྩལ་རྩེད་འགྲན་ཐང་ཆེན་ནས་འགྱེལ་སོང་བའི་རྩེད་འགྲན་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད། དེ་ནི་དཔེ་མི་སྲིད་པ་ཞིག་ཀྱང་མ་རེད།
ཁོ་ཚོ་རྩེད་ཐང་ནས་འགྱེལ་སོང་ན། དེ་མ་ཐག་ཡར་ལངས་ནས་རྒྱུགས་ཤིང་། རང་ཉིད་ལ་རྡུལ་དཀྲིགས་ཙམ་ཡང་མི་བྱེད་པར་དབྱུག་པ་བརྒྱུད་སྤྲོད་ཀྱི་འགན་འཁྲི་དེ་སྒྲུབ་ཅི་ཐུབ་བྱེད་པ་ལས། རྩེད་ཐང་དེ་ཁོད་སྙོམ་པོ་མེད་ཚུལ་དང་། འགྱེལ་སོང་བའི་ནོར་འཕྲུལ་དེ་ཁོ་བོས་ཤོར་བ་མིན་ཚུལ་སོགས་ཅི་ཡང་གླེང་མི་སྲིད། རྒྱུ་མཚན་ནི། ཁོ་ཚོསརྒྱུགས་འགྲན་དེ་ངེས་པར་དུ་དུས་ཚོད་ངེས་ཅན་ཞིག་གི་ནང་མཇུག་སྒྲིལ་ཏེ་ཐག་གཅོད་དགོས་པ་ཤེས་ཀྱི་ཡོད་པས་རེད།
མང་གཙོའི་སྲིད་གཞུང་སྐྱོང་མཁན་ཞིག་ལ་མཚོན་ན་ཡང་དེ་བཞིན་ཡིན་ཏེ། རང་ཉིད་ལ་མི་མང་གིས་བསྐོས་པའི་འགན་འཁྲི་དུས་ཐོག་ཏུ་སྒྲུབ་ཐུབ་པར་བྱེད་ཅིང་། དུས་ཐོག་མཇུག་སྒྲིལ་ཐུབ་དགོས་པ་རེད། རྒྱུ་མཚན་ནི། སྲིད་འཛིན་རྗེས་མའི་ལག་ཏུ་འཇོག་རྒྱུའི་འཛིན་སྐྱོང་སྡེ་ཚན་ཆ་ཚང་བ་ཞིག་མེད་ན། ཁྱོད་ཀྱིས་ལག་ནས་རྒྱུག་པ་ཤོར་སོང་བ་རེད། དེ་ནི་རྒྱུགས་འགྲན་པས་འགན་འཁྲི་མ་ཐེག་པ་རེད། ཁྱོད་རང་འགྱེལ་སོང་ན། རང་ཉིད་དག་གཙང་བཟོ་བའི་རྡུལ་དཀྲིགས་མང་པོ་བྱེད་དགོས་དོན་མེད།
དེ་ལས་ཀྱང་མི་སྡུག་པ་ཞིག་ནི། གལ་ཏེ། ཁྱོད་ཀྱིས་རང་གི་ལག་ཏུ་ཡོད་པའི་དབྱུག་པ་རྩེད་རོགས་ཀྱི་ལག་ཏུ་འཇོག་རྒྱུ་མིན་ཞེས་བཤད་ན། དུས་དེ་ནས་བཟུང་། ཁྱོད་ཀྱིས་འཛམ་གླིང་རྩེད་འགྲན་གྱི་སྒྲིགས་སྲོལ་གཏོར་བ་རེད་ལ། ཁྱོད་ཀྱིས་རང་གི་རྒྱལ་ཁབ་ཀྱི་ལ་རྒྱ་ཆུ་ལ་གཡུག་པ་རེད། ཨོ་རེད་ཡ། ཁྱོད་ཀྱིས་རང་གི་རྒྱལ་ཁབ་ཀྱི་ལ་རྒྱ་ཟེར་བའི་དོན་མི་གོ་ཡང་སྲིད་པས། དེ་ལ་དབྱིན་སྐད་དུ། ཡོར་ཁན་ཊི་རེས་སི-ཌེག་ནེ་ཌིས་ཟེར།
གལ་ཏེ་ཁྱོད་རྒྱུགས་འགྲན་པ་རྨད་བྱུང་བ་ཞིག་ཡིན་ན། རྒྱུགས་འགྲན་ཁྲོད་ནས་ཁྱོད་ལ་གསེར་གྱི་རྟགས་མ་ཐོབ་ཡོད་སྲིད་ལ། ཁྱོད་ཀྱིས་དེ་ནི་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་འབད་པ་བྱས་ནས་ཐོབ་པ་ཞིག་ཡིན་པ་རྟོགས་ངེས་རེད། ཁྱོད་ཀྱིས་དེ་རང་གི་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པ་ཤེས་ངེས་སྟེ། ཁྱོད་ནི་རྩེད་འགྲན་པ་རང་ག་བ་ཞིག་མ་ཡིན་པར། རྩེད་འགྲན་འདིའི་ཁྲོད་ནས་རང་གི་རྒྱལ་ཁག་མཚོན་པའི་རྩེད་འགྲན་པ་རྨད་དུ་བྱུང་བ་ཞིག་ཡིན་པས་སོ། དེར་བརྟེན། རྒྱལ་ཁབ་ཀྱི་བཀའ་དྲིན་མིན་ན། ཁྱོད་འཛམ་གླིང་རྩེད་འགྲན་འདིར་ཞུགས་མི་ཐུབ་པའི་གནས་ལུགས་ཁྱོད་ལ་བགྲང་དགོས་དོན་གཏན་ནས་མེད་ངེས་རེད།
ཁྱོད་རང་གསེར་གྱི་རྟགས་མ་ཐོབ་པའི་མེ་རཱ་ཐོན་རྒྱུགས་འགྲན་པ་ཞིག་ཡིན་ན། རྒྱུགས་འགྲན་སྐབས་ཁྱོད་རང་ཅི་འདྲ་མགྱོགས་པོ་བྱུང་ཡང་། ཁྱོད་ཀྱིས་ངས་དེ་སྔོན་སུ་ཀྱང་རྗེས་སུ་སྐྱུར་མ་མྱོང་བའི་རྩེད་འགྲན་པ་ཞིག་གི་སྔོན་དུ་བུད་ཚུལ་སོགས་བཤད་མི་དགོས་སྟེ། འཛམ་གླིང་གིས་ཁྱོད་ལ་བལྟས་ནས་ཡོད་པ་རེད།
མདོར་ན། མང་གཙོ་ནི་འཛམ་གླིང་ཨོ་རྩལ་རྩེད་འགྲན་ཞིག་ཡིན་ལ། དྲང་བདེན་དང་གནས་ལུགས་ཀྱི་འགྲན་སྡུར་ཞིག་ཀྱང་ཡིན་པས། རྒྱལ་ཕམ་གཉིས་ཀ་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་བྱས་པ་ཞིག་ཡིན་དགོས། དེ་འདྲ་མིན་ན། འཛམ་གླིང་ཨོ་རྩལ་རྩེད་འགྲན་གྱི་ཐོག་མར་ཁྱོད་ཀྱིས་རང་གི་རྒྱབ་ཀྱི་རྒྱལ་གླུ་སྲིད་ཞིའི་ཕན་བདེ་མ་གཏོང་དགོས་དོན་མེད་ལ། ཁྱོད་ཀྱིས་སྲིད་འགན་བཞེས་སྐབས་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་ཁྲིམས་ལུགས་དཔང་དུ་བཞག་ནས་དམ་བཅའ་འབུལ་དོན་ཡང་མེད་དོ།།