བློ་བཟང་རིན་ཆེན།
སྔོན་གླེང་།
མདང་ནུབ་ང་དང་གྲོགས་པོ་སྐོར་ཞིག་ཕྱི་ལོགས་སུ་སྤྲོ་འཆམ་ལ་སོང་སྟེ། མཐར་གྲྭ་ཚང་གི་སྨན་ཁང་ར་སྐོར་དུ་ང་ཚོ་གོར་གོར་བྱས་ནས་བསྡད་དེ་རྩོད་གླེང་བྱས་པ་ཡིན། ང་ཚོའི་རྩོད་གཞི་ནི་ནང་པའི་ཆོས་ལུགས་ལ་
རྨོངས་དད་འདྲེས་ཡོད་མེད་རེད། གྲོགས་པོ་དཔལ་ལྡན་གྲགས་པས་ནང་པའི་ཆོས་ལུགས་ལ་རྨོངས་དད་རྩ་བ་ནས་འདྲེས་ཡོད་མ་རེད་ཟེར། རྒྱུ་མཚན་ནང་པའི་ཆོས་ལུགས་ནི་རིགས་པ་ཡང་དག་གིས་གཏན་ལ་ཕབ་པའི་གྲུབ་དོན་ཞིག་རེད། དེའི་ཕྱིར་དེ་ལ་རྨོངས་དད་རྩ་བ་ནས་འདྲེས་སྟངས་ཡོད་མ་རེད་ཅེས་འཐད་སྒྲུབ་བྱས་སོང་། མ་ཟད་གར་འཆམ་དང་བསང་གསོལ་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཡིན་པ་ལས། ཆོས་ལུགས་མིན་ཚུལ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསུང་དུམ་རེ་ཁུངས་སུ་དྲངས་ནས་ཚོར་ཤུགས་དྲགས་པོས་བསྒྲུབས་སོང་།གྲོགས་པོ་བློ་བཟང་སྦྱིན་པས་ཆོས་ལུགས་ལ་རྨོངས་དད་འདྲེས་ཡོད་རེད་ཅེས་སྐད་གསང་མཐོན་པོས་བཤད་སོང་། ཁོའི་འགྲེལ་བཤད་ནི་”སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།།”ཅེས་གསུངས་པའི་ལུང་རྟོགས་ཀྱི་བསྟན་པ་ནི་ཆོས་ལུགས་ཞེས་པའི་ཆོས་ཡིན་ཞིང་། དེ་འདྲའི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་འཛིན་སྐྱོང་བྱེད་པའི་ཐབས་ལམ་མམ། བྱེད་སྒོ་ཐམས་ཅད་ཆོགས་ལུགས་རེད། དེའི་ཕྱིར། བྱེད་སྒོ་དེ་དག་གི་ནང་དུ་རྨོངས་དད་འདྲེས་ཡོད་པའི་སྐོར་ནས་འཐད་སྒྲུབ་བྱས་སོང་། གྲོགས་པོ་ཁོང་གཉིས་ཀྱིས་གང་ཞིག་བཤད་པ་བདེན་མིན་ལ་མ་ལྟོས་པར་ལྟ་ཚུལ་ཡག་པོ་རེ་བསྙད་བྱུང་སྙམ། འོན་ཀྱང་ང་རང་ཉིད་ལ་བརྗོད་གཞིའི་དེའི་ཐོག་རྒྱུ་མཚན་ལྡན་པའི་ལྟ་ཚུལ་ཡང་དག་པ་ཞིག་གླེང་མ་བྱུང་། བརྗོད་གཞི་འདི་ད་སྐབས་ངས་ཀློག་བཞིན་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཅེས་པ་དང་ཐད་ཀར་འབྲེལ་བ་ཆེན་པོ་འདུག་པས། ཤག་ལ་བསླེབས་ནས་བསྐྱར་དུ་དེའི་སྐོར་ལ་མནོ་བསམ་བཏང་བ་མ་ཟད། དུང་དཀར་ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད། དག་ཡིག་གསར་བསྒྲིགས་དག་གི་ནང་དུ་ཆོས་ལུགས་ཞེས་པའི་འགྲེལ་བཤད་བཙལ་ཞིང་ཁ་གསལ་བའི་འགྲེལ་བཤད་ཡིད་ཚིམ་པ་ཞིག་མ་རག དེ་ནས་གྲུབ་མཐའ་ཆེན་མོ་དང་ཐུའུ་བཀྭན་གྲུབ་མཐའ་སོགས་ཀྱི་དཀར་ཆག་ལ་ཞིབ་ལྟ་བྱས་ཏེ་ཆོས་ལུགས་ཞེས་པའི་འགྲེལ་བཤད་རྙེད་ཐབས་བྱས་ཀྱང་མ་རྙེད་པར་ལུས། དེ་རིང་གྲོགས་པོ་དཔལ་ལྡན་གྱིས་ང་ལ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་བཀའ་ཁྲིད་གནང་བའི་<< ཡང་དག་ལམ་གྱི་འཚོ་ཐབས་>>ཞེས་པའི་དཔེ་དེབ་ནང་ལ་ཆོས་ལུགས་ཞེས་པ་ལ་འགྲེལ་བཤད་གཏིང་ཟབ་ཅིག་གནང་འདུག་ཅེས་བཤད་པར་བརྟེན། དཔེ་དེབ་འདི་ད་ལྟ་ངའི་ཉེ་སར་བླངས་ཡོད། བྱུང་རིམ་ཐུང་ངུ་འདི་དེ་རིང་ངས་གླེང་བརྗོད་དུ་འབྲི་དོན་ནི། ངས་ད་ལྟ་ཀློག་བཞིན་པའི་ < ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>> ཅེས་པའི་དཔེ་དེབ་འདི་དང་ཁ་ཐུག་འབྲེལ་བ་ཡོད་པས་ཡིན་ནོ།།
སྐབས་འདིར་ངས་<< ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཅེས་པའི་མིའི་རྣམ་ཤེས་དང་སྐྱིད་སྡུག་མཉམ་མྱོང་ཞེས་པའི་ཚན་པ་ལ་བཀླགས་བྱང་ཞིག་མ་བྲིས་ཚེ་སྐབས་དོན་བརླག་འགྲོ་བས། སྐབས་དོན་དེ་ཉིད་ལ་ལྷོད་ཀྱིས་འཇུག་པར་བྱའོ།།
མིའི་རྣམ་ཤེས་དང་སྐྱིད་སྡུག་མཉམ་མྱོང་།
ཚན་པ་འདིར་སེམས་ཞེས་པ་གཟུགས་ཅན་ལ་ངོས་འཛིན་བྱེད་པའི་ཚན་རིག་པ་དང་། དེ་ལས་འདས་པའི་གཟུགས་མེད་ཤེས་པའི་ངོ་བོར་སྨྲ་བའི་སྐྱེས་བུ་སུ་འདྲ་ཞིག་གིས་དཔྱད་ཅིང་། སེམས་ཅན་ཐམས་ཅད་ལ་ཚོར་བ་དང་མྱོང་ཚོར་ཡོད་པ་གཅིག་མཚུངས་སུ་སྨྲ། འོན་ཀྱང་འགྲོ་བ་མི་ལ་སེམས་ཅན་གཞན་དང་ཁྱད་པར་འབྱེད་པའི་མངོན་གསལ་དོད་པའི་ཁྱད་ཆོས་འགའ་ཞིག་ཡོད་པ་ནི། དཔེར་ན་ང་ཚོ་མི་རྣམས་ལ་དྲན་ཤེས་ཀྱི་ནུས་པ་སེམས་ཅན་གཞན་ལས་རྦད་དེ་ཤུགས་ཆེ་བ་ཡོད། དེ་ལ་བརྟེན་ནས་འདས་དོན་མང་པོ་ཞིག་དྲན་ཐུབ་པ་མ་ཟད། དེ་ལས་ཉམས་མྱོང་མང་པོ་ཞིག་ཀྱང་བསགས་ཐུབ། ད་དུང་ང་ཚོས་མ་འོངས་པ་ལ་མཛེས་སྡུག་རྣམ་པར་བཀྲ་བའི་འཆར་སྣང་འགོད་ཐུབ་པར་མ་ཟད། སྐད་བརྡའི་ཁྲོད་ནས་འདས་མ་ད་གསུམ་ལ་དབྱེ་ཞིབ་དང་། རྣམ་དཔྱོད་རྩལ་དུ་བཏོན་ནས་མཚུངས་བསྡུར་དང་ཞིབ་འཇུག་བྱེད་ཐུབ། འདི་དག་ནི་མི་རྣམས་སེམས་ཅན་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་མངོན་གསལ་ཞིག་ཡིན་པ་གསུངས་འདུག
ད་དུང་ང་ཚོ་འགྲོ་བ་མིའི་ངོ་བོ་མཚོན་བྱེད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི། སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལྷན་སྐྱེས་ཀྱི་ནུས་པ་དེ་རེད། མ་གཞི་ནུས་པ་འདི་སེམས་ཅན་གཞན་ལ་ཡོད་པའི་རྣམ་འགྱུར་སྟོན་ཡང་། འགྲོ་བ་མི་ལ་འདིའི་ཐོག་དམིགས་བསལ་གྱི་ཁྱད་ཆོས་ཡོད་པར་གདམས་འདུག དོན་དངོས་སུ་ང་ཚོས་རོགས་རམ་ཐུབ་མིན་ལ་མ་ལྟོས་པར་བརྙན་འཕྲིན་དང་རླུང་འཕྲིན་སོགས་ནས་གོད་ཆག་དང་གནོད་འཚེའི་རིགས་མཐོང་བ་དང་ཐོས་པ་བྱུང་ཚེ་ཁོང་ཚོའི་བསལ་ཕྱིར་རོགས་རམ་བྱེད་པའི་རོགས་རམ་ཞིག་རང་ཤུགས་ཀྱི་ཡོང་གི་ཡོད་པར་གསུངས་ཡོད། ཚན་པ་འདི་ཀློག་བཞིན་པའི་སྐབས་ངའི་ཡིད་ལ་འཁོར་བ་ནི། ཏོག་དབྱིབས་ནད་ཡམས་ཀྱིས་རྒྱ་གར་ཡུལ་མི་རྣམས་ལ་ཚད་ལས་འདས་པའི་དཀའ་ངལ་སྤྲོད་བཞིན་པའི་སྐབས་འདིར། དང་བླངས་ཞབས་ཕྱི་བ་ཁ་ཤས་ཀྱི་བྱ་སྤྱོད་རེད། ཁོང་ཚོས་རང་སྲོག་དབེན་ལ་བཙུག་ནས་གཞན་ཕན་གྱི་བྱ་བཞག་སྒྲུབ་བཞིན་མཆིས་པས་དངོས་གནས་རྗེས་སུ་ཡི་རང་ཞུ་བའི་གནས་རེད། མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ལ་དམིགས་བསལ་སྐྱིད་སྡུག་མཉམ་མྱོང་གི་ནུས་པ་ཡོད་པར་གསུངས་པར་ངེས་པ་འདྲེན་པ་ཞིག་རེད།
འོན་ཀྱང་ད་ལྟའི་ཆོལ་ཁའི་ནད་དུག་གིས་ཟིན་པའི་བཙན་བྱོལ་བ་རྣམས་ཀྱི་བྱ་སྤྱོད་ལ་ལྟ་དུས། འགྲོ་བ་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་ནུས་པ་དམིགས་བསལ་ཞིག་ཡོད་གསུངས་པར་ཐེ་ཚོམ་ཟ་དགོས་པ་ཞིག་ཅི་ལ་མིན། རེད་དེ་འགྲོ་བ་མིའི་གཞིའི་རྩའི་རང་བཞིན་ལ་དཔག་ནས་བཤད་ན། སྐྱིད་སྡུག་མཉམ་མྱོང་གི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ཡིད་ཆེས་དང་། ནུས་པ་དེས་ང་ཚོས་བདེ་སྐྱིད་འཚོལ་སྒྲུབ་ཀྱི་ཕྱོགས་ལ་ཕན་ནུས་རླབས་ཆེན་ཞིག་སྒྲུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་མཇུག་བསྡུའོ།།
2021/4/27 ལ་རང་ཤག་ཏུ་བློ་བཟང་རིན་ཆེན་གྱིས་བྲིས།