ཤར་ཕྱོགས་ཁུག་རྟ།
གུས་པའི་སེམས་ན་ལྷག་པའི་སྐད་ཆ་འདི་འགོ་མ་བཙུགས་སྔོན། བཙན་བྱོལ་ནང་གི་མདོ་སྨད་རྒྱ་ཆེ་མི་མང་ལ་ཐུགས་རྗེ་ཆེ་ཞེས་ཞུ་དགོས། དེ་ནི་གཞན་གང་ཡང་མིན་ཏེ། སྐབས་ ༡༦ པའི་སྤྱི་འཐུས་ཀྱི་ལས་འགན་སྩལ་ཏེ་༸རྒྱལ་བ་རིན་པོ་ཆེ་ཡབ་སྲས་ལ་ཞབས་འདེགས་སྒྲུབ་རྒྱུའི་སྐལ་བཟང་བྱུང་བ་དེས་ཡིན། སྤྱི་འཐུས་ཀྱི་ལས་ཡུན་རིང་ངས་གང་ས་ཅི་ཐད་ནས་མིང་དོན་མཚུངས་པའི་སྤྱི་འཐུས་ཤིག་བྱེད་རྒྱུར་འབད་བརྩོན་བྱས་པ་ཡིན། འབད་བརྩོན་དེ་ནི་གྲོས་ཚོགས་ནང་སྐད་ཆ་འདྲ་ཆགས་པོ་ཞུས་པ་ཙམ་མ་རེད། སྐད་ཆ་དེ་དག་གི་ཚིག་རེ་རེའི་རྒྱབ་ལྗོངས་སུ་དེབ་དང་ཡིག་ཆ་ག་ཚོད་རེ་སྔོགས་དགོས་མིན། དེབ་དང་ཡིག་ཆའི་ཤོག་ལྷེ་རེ་རེར་ཉིན་ག་ཚོད་རེ་སློབ་སྦྱོང་བྱེད་དགོས་མིན། བསམ་བློ་གཏོང་དགོས་མིན་དེ་རེད། འབད་བརྩོན་འདིས་གུས་ལ་སྤྱི་འཐུས་ཐོབ་པ་ནི་སྐལ་བཟང་གི་དུས་ཚོད་ཅིག་ཏུ་བསྒྱུར་ཐུབ་ཡོད་སྙམ། འོན་ཏང་། བཙན་བྱོལ་བོད་མི་རང་ལ་སྲིད་ཁྲིམས་སློབ་སའི་སློབ་གྲྭ་མེད། ལྷག་པར་རང་རེའི་རྩ་ཁྲིམས་སམ་བཅའ་ཁྲིམས་རིན་པོ་ཆེའི་ལྟ་གྲུབ་དང་དོན་ཚན་རེ་རེར་སློབ་སྦྱོང་བྱེད་སའི་ཁོར་ཡུག་མེད་སྟབས། གུས་པ་རྒྱུན་ལས་བསྡད་རིང་ལོ་གསུམ་ནི་ཕལ་ཆེ་བ་
འདི་དག་ལ་སློབ་སྦྱོང་གིས་དུས་འདས་པ་ཞིག་ཡིན། སྤྱི་ཚོགས་དང་། གྲོས་ཚོགས། བཙན་བྱོལ་ནང་གི་བྱུང་བ་དང་ཆབ་སྲིད་བཅས་ལ་གཉིད་རིམ་སད་བཞིན། ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་གསོལ་སྩལ་གྲུབ་རྗེས་ཀྱི་སྤྱི་འཐུས་ཤིག་ལ་ལས་འགན་འཕར་མ་ཡོད་ངེས་ཀྱི་བསམ་གཞིགས་ནི་དུས་རྒྱུན་དུ་རང་གི་རྣམ་ཤེས་དང་འབྲལ་ཐབས་མེད་པ་ལྟ་བུར་གྱུར། འཐོམས་སངས་རིམ་བཞིན་སྤྱི་འཐུས་སྒེར་པ་ཞིག་ལ་དཔགས་པའི་རང་རེའི་ཆབ་སྲིད་དང་། འཐབ་རྩོད། ཤེས་རིག་བཅས་པའི་ཤུགས་སྣོན་རྒྱགས་སར་བཅོས་བསྒྱུར་གྱི་གོམ་པ་གང་འཚམས་རེ་རྒྱག་དགོས་པ་རྟག་ཏུ་ཡིད་ལ་འཁོར། འོན་ཀྱང་། ད་ལྟ་བསམ་གཞིགས་དེ་དག་རྨི་ལམ་གྱི་ངོ་བོར་བསྐྱར་ལོག་བྱས་པས། ད་ལྟའི་དུས་ཚོད་དང་རན་པའི་ལས་དོན་འགའ་ཁ་ཆེམས་རླུང་སྐུར་གྱི་ཚུལ་དུ་ཞུ་བར་འདོད་ལ། དེའི་མིང་ལ་ངའི་སེམས་ན་ལྷག་པའི་ལས་དོན་ཞེས་བཏགས་ཤིང་། གཅིག་བྱས་ན་གཞོན་སྐྱེས་རེ་བ་ཅན་ཚོར་ཕན་ཐོགས་ཕྲན་བུ་རེ་འབྱུང་སྲིད།
གཅིག བཅའ་ཁྲིམས་ཀྱི་སྒྲོམ་གཞི།
དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོས་གསལ་བསྒྲགས་མཛད་པའི་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་། དེ་ལས་བྱུང་ཞིང་རང་རེའི་བཙན་བྱོལ་བོད་མིའི་དམིགས་བསལ་གནས་བབ་དང་འཚམས་པའི་བཅའ་ཁྲིམས་རིན་པོ་ཆེའི་སྒྲོམ་གཞིའི་ཐད། མི་མང་ཕར་ཟད། ལས་ཀྱི་སྣེ་མོ་པའི་ནང་དུའང་གཞན་དྲིང་མི་འཇོག་པའི་འགྲེལ་བརྗོད་ནུས་མཁན་ཤིན་ཏུ་དཀོན། ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མི་མང་ལ་གནང་བའི་སྐབས་ཀྱི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ནང་། བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་པ་གསལ་ཡོད། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོས་སྲིད་སྐྱོང་ནི་སྲིད་ཕྱོགས་ནས་ཁོང་གི་དབུ་ཁྲིད་ཡིན་ཚུལ་གསུང་པ་དེར། ད་ལྟའི་བཀའ་ཤག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྲིད་འཛིན་ལམ་ལུགས་ལ་ཐུགས་གཞོལ་ཆེ་བ་ཡོད་ཚུལ་དེ་སྔར་གདན་ཐོབ་སྐོར་རྒྱུན་ལས་དང་ཡི་གེ་གཏོང་རེས་བྱེད་སྐབས་གསུང་ཡོད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༡ གི་རྗེས་ནས་རང་རེའི་བཅའ་ཁྲིམས་ནི་གྲོས་ཚོགས་དབུས་སུ་བཞག་པའི་བཅའ་ཁྲིམས་ཤིག་ཏུ་གྱུར་གནས་གསུང་ཡོད། ལྷག་པར་རང་རེའི་བཅའ་ཁྲིམས་ནང་ཀ་བ་གསུམ་ཀའི་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་སོ་སོར་ཕྱེས་ཨེ་ཤེས་བལྟས་དུས་བཅས། གོང་གསལ་དོན་གནད་འདི་དག་དང་འབྲེལ་ཏེ། མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གང་མགྱོགས་ལས་དོན་འདི་དག་བྱེད་དགོས་ངེས་སུ་མཐོང་།
གཅིག ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབོད་སྐུལ་བརྒྱུད་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན་བཅའ་ཁྲིམས་འགྲེལ་བརྗོད་ཡིག་ཐོག་རང་དུ་གཏན་ལ་ཕབ་པ། མཇལ་ཆོག་ཆོག་ཅིག་ད་ལྟ་ནས་ཁྲིམས་ཞིབ་ཁང་དུ་བཞུགས་སུ་གསོལ་རྒྱུར་འབད་བརྩོན་ཞུ་རྒྱུ་དང་། (འདིའི་ནང་དམིགས་བསལ་བཅའ་ཁྲིམས་ཀྱི་དོན་ཚན་གོང་འོག་སྦྲེལ་ནས་གོ་བ་ལེན་དགོས་རིགས་གསལ་བཟོ་ཞུ་གལ།)
གཉིས། སྤྱི་འཐུས་ལྷན་ཚོགས་རང་གིས་ཆེད་མཁས་བཅའ་ཁྲིམས་མཁས་པའི་ཚོགས་ཆུང་བཙུགས་ཏེ། རང་རེའི་བཅའ་ཁྲིམས་ནི་སྲིད་འཛིན་ལམ་ལུགས་དང་། གྲོས་ཚོགས་ལམ་ལུགས། ཡང་ན་ཐུན་མིན་ཁྱད་ཆོས་ཅི་ཡོད་གསལ་ཁ་དོད་པ་ཞིག་ཏུ་བསྐྱར་བཅོས་གནང་དགོས་མིན་ཐད་ཁྲིམས་འཆར་གྱི་ལམ་ནས་བགྲོ་གླེང་ཚད་ལྡན་ཞིག་ཡོང་ན་སྙམ།
གསུམ། ལན་རེར་བདག་གི་བསམས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་དོན་ཚོགས་པ་ཅན་གྱི་ལམ་ལུགས་ལ་ཐུགས་མོས་མེད་ཀྱང་། རང་རེའི་ད་ལྟའི་སྲིད་སྐྱོང་འོས་བསྡུའི་ལམ་སྲོལ་ནང་ཆོལ་ཁ་དང་ཆོལ་ཁའི་བར་དང་། ‘སྐུ་དྲག་རྙིང་ཞེན’་དང་’དེང་རབས་གསར་ཞེན’་ཞེས་མིང་བཏགས་ཏེ། དེའི་བར་ནང་ཁུལ་སྲིད་དབང་འཐབ་རྩོད་ལྟ་བུའི་འགལ་བ་ཡོང་གི་འདུག་ཅེས་བོད་མིའི་ཁྲོད་བརྗོད་མཁན་མང་དུ་གྱུར་པ་འདིར་གཞོན་རབས་མང་པོ་ཞིག་དབུ་འཁོར་བའང་བཅོས་སུ་མེད་པ་འདྲ་བས། མ་འོངས་པར། བཅའ་ཁྲིམས་ལས་སྤྱི་འཐུས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་སྟེ། སྲིད་དོན་ཚོགས་པ་རང་བཙན་དང་དབུ་མ་གཉིས་སུ་བྱས་ཏེ་སྲིད་སྐྱོང་རེས་བྱས་ན་ཅི་འགབས་སྙམ་པ་ཞིག་འདུག་ལ། གལ་སྲིད་ད་དུང་བཙན་བྱོལ་ནང་ལོ་ ༥༠ ལྷག་ཚེ། ལམ་ཁ་དེར་ཏན་ཏན་འགྲོ་ས་རེད་ཀྱང་སྙམ།
བཞི། ཆོས་བརྒྱུད་སྤྱི་འཐུས་བཅའ་ཁྲིམས་ལས་ཕྱིར་བསྡུ་བྱེད་དགོས་པ་སོགས་ཀྱི་གླེང་སློང་ཐད། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་རེ་འགའི་སྤྱོད་པར་གཞིགས་ཏེ་བསམ་ཚུལ་འདོན་པ་དང། ཚོར་བའི་དབང་གིས་མིན་པར། བླ་སྤྲུལ། གྲྭ་བཙུན་སྔགས་པ་བཅས་ཀྱིས་ཆབ་སྲིད་ནང་ཐུགས་འགན་བཞེས་ཕྱོགས་ཐད། ནང་པའི་ལུང་པ་སྤྱི་དང་འཛམ་གླིང་གི་ཆོས་ལུགས་གཞན་གྱི་མི་སྣས་སྲིད་དོན་ནང་ཆ་ཤས་བཞེས་ཕྱོགས་ལ་མིག་དཔེ་དང་བསྟུན་མཁས་བྱ་གཞི་ཡོད་མེད་བབ་གཟིགས་ཀྱིས། རང་རེའི་རིས་མེད་ཆོས་ཚོགས་སྟེང་འཆར་ཟིན་བཟོ་འགོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆོས་བརྒྱུད་ཡོངས་ལ་ཁྱབ་པའི་ { བླ་སྤྲུལ་དང་གྲྭ་བཙུན་སྔགས་གསུམ་གྱིས་ཆབ་སྲིད་ནང་ཐུགས་འགན་བཞེས་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་} ཞེས་པ་ཞིག་གཏན་འབེབས་བྱེད་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་།
གཉིས། ཆིག་སྒྲིལ།
༢༠༡༥།༡༦ ལོའི་སྲིད་སྐྱོང་འོས་བསྡུའི་རྗེས་རང་རེའི་ཆིག་སྒྲིལ་ལ་གས་འཐོར་ཆེན་པོ་བྱུང་ཞིང་། ཕྱོགས་གཅིག་ནས་དེ་ནི་འཆར་ཅན་ལྟར་མ་ཡིན་པར་འགུལ་བསྐྱོད་བརྒྱབས་ན་ཙག་སྒྲ་འབྱུང་བ་ལྟར། ཨ་རི་སོགས་ལ་བལྟས་ན་གནད་འགག་ཆེར་མ་མཐོང་ཡང་། ད་ཆ་རང་རེའི་བཀའ་ཤག་དང་གྲོས་ཚོགས། མི་མང་ནང་བཅས་པར་ཕལ་ཆེར་ཤོག་ཁག་གཉིས་ལྟ་བུ་ཆགས་འདུག། ཕྱོགས་སོ་སོའི་ཐག་གཅོད་ལངས་ཕྱོགས་རྣམས་མཚམས་རེར་མི་མང་གི་གླེང་སློང་རིམ་པ་ནས་ཡར་སླེབས་ཀྱི་ཡོད་ཅིང་། ལན་རེར་འགོ་ཁྲིད་ཀྱི་ཕྱོགས་ནས་མར་མི་མང་ནང་འགྲོ་ཡི་འདུག། ཕྱོགས་སོ་སོའི་ངོས་འཛིན་ཐག་གཅོད་སྟེང་སྒྲིལ་ཤུགས་ཆེ་ཞིང་། གནད་དོན་གང་ཞིག་ཡིན་ཡང་། གང་ཟག་སུས་གཏམ་གླེང་བྱེད་ཀྱི་ཡོད་ཀྱང་། དེའི་ཚད་འཇལ་གྱི་རྒྱབ་ལྗོངས་ནི་ཤོག་ཁ་གང་གཏོགས་སུ་བཅད་དེ་བྱེད་པ་ལས། རྟོན་གཞིའི་མཇུག་ལྡོག་ཚུལ་བཞིན་ཞུ་མཁན་ཧ་ཅང་ཉུང། བརྒྱུད་རིམ་དེའི་ནང་། ཐ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོར་སུ་དད་པ་ཆེ་མིན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་དགོངས་ཚུལ་ཕེབས་པ་རིགས་གཅིག་ལའང་ཕྱོགས་གཅིག་གི་ཞུས་བབས་ལས་བྱུང་བ་སོགས་ཀྱི་སྡོམ་ཚིག་བཀོད་དེ། མདོ་དོན། ཕྱོགས་སོ་སོ་དང་ཤོག་ཁག་སོ་སོར་འགྲོ་དགོས་པ། སྡོད་དགོས་པའི་བསམ་ཚུལ་ལ་ད་བར་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། འགོ་ཁྲིད་ཀྱི་དབང་ཚད་སྤྱད་ནས་ཤོག་ཁག་གི་བསམ་ཚུལ་འགྲིག་རབ་འཛེམ་མེད་ད་བར་གསུང་ཡོད་པས། སྤྱིར་བཏང་ང་ཚོ་བསྐྱར་དུ་ཆིག་སྒྲིལ་ཡོང་བ་ལ་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་བཟོས་འདུག་ཀྱང་། གནས་བབ་ཉམས་ང་བ་འདི་ལས་གྲོལ་ཆེད། ང་ཚོའི་གཞུང་གི་ལས་སྣེ་ཐུན་མོང་གིས་མངོན་ལྐོག་མེད་པའི་གཤམ་གསལ་བྱ་སྤྱོད་འདི་རིགས་ཆོད་སེམས་བརྟན་པོས་རྒྱུན་སྐྱོང་ལག་བསྟར་བྱས་པ་ཡིན་ན། རང་ཅག་དོན་དམ་པའི་ཆིག་སྒྲིལ་ཡོང་བའི་རེ་བ་ཤིན་ཏུ་ཆེ།
གཅིག འདས་པའི་བཙན་བྱོལ་སྤྱི་ཚོགས་ནང་ཉོག་གླེང་ག་རེ་བྱུང་ཡོད་ཀྱང་། དེ་དག་ལ་ཕྱོགས་མང་པོ་ནས་རྒྱུ་རྐྱེན་སྣ་ཚོགས་ཡོད་པ་ངོས་ལེན་གྱིས། མཐའ་གཅིག་ཏུ་ཕྱོགས་གཅིག་དང་མི་གཅིག་ལ་སྐྱོན་འཛུགས་བྱེད་པ་འདི་སྤྱི་སྨན་རེད་མི་འདུག་པས་སྤོང་དགོས་པ་མ་ཟད། ལྟ་ཚུལ་མི་གཅིག་པའི་བར་བསམ་ཤེས་བྱེད་རྒྱུ་དང་སྦྲགས། འདས་པའི་བྱུང་རབས་ཀྱི་གནས་ཚུལ་ངན་པའི་ཆ་ཡིས་མ་འོངས་པའི་སྤྱིའི་མདུན་ལམ་ལ་གནོད་འགལ་མི་འགྲོ་བ་བྱེད་རྒྱུ་མཆོག་ཏུ་མཐོང་ན་སྙམ།
གཉིས། མི་མང་གི་ངོས་ནས་ཀྱང་ཉོག་གླེང་རིགས་ཀྱི་བཀའ་མོལ་གནང་མཚམས་འཇོག་དགོས་པ་མ་ཟད། སེམས་སྟེང་ནས་ནང་ཁུལ་དབང་ཆ་འཐབ་རྩོད་ཀྱི་ཉོག་གླེང་གིས་བོད་སྤྱི་ལ་ཕན་ཐོགས་མེད་པར་དགོངས་ཏེ། དོ་སྣང་གནང་ས་དང་རྒྱབ་སྐྱོར་ཞུ་སའི་ཁ་ཕྱོགས་དང་གནད་འགག་ངོས་འཛིན་མ་ནོར་བ་གནང་གལ།
གསུམ། ཆོལ་ཁ་སོ་སོའི་སྤྱི་འཐུས་བར་དང་། བཀའ་སྤྱི་གཉིས་ཀྱི་བར། དེ་བཞིན་ཀ་བ་གསུམ་ཀའི་མཛད་གཙོ་སོ་སོའི་བར་དོགས་པ་རྣམ་རྟོག་དང། ཆབ་སྲིད་བཙོག་པས་འགྲེལ་བཤད་ལོགས་ག་རྒྱག་རིགས་མཚམས་བཞག་སྟེ། མཛད་གཙོ་རྣམ་པས་གཅིག་གིས་གཅིག་ལ་ཡིད་ཆེས་ངེས་པར་ཞུ་དགོས་པ་ཁ་ཚ་དགོས་གཏུག་ཆགས་འདུག
བཞི། དབུས་དང་གཙང་། དབུས་གཙང་དང་མངའ་རིས། མདོ་སྟོད་གཉིས། སྡེ་བ་གཞུང་དང་རྒྱ་སྡེ་བོད་སྡེ། གསར་འབྱོར་དང་གཞིས་ཆགས། དབུ་མ་དང་རང་བཙན། སྐུ་དྲག་རྙིང་ཞེན་དང་བོད་གཞུང་གསར་འཛུགས་སོགས་ཆེ་ཆུང་ལ་མ་ལྟོས་པར་གོང་གསལ་མིང་འདི་དག་ལ་བརྟེན། འགལ་རྐྱེན་ཡོང་གཞིའི་ཤོག་ཁག་གི་བསམ་ཚུལ་དང་ལྟ་སྤྱོད་རྣམས་འདོར་དགོས་པ་མ་ཟད། བོད་རང་བཙན་སྐབས་ཀྱི་རྒྱལ་རབས་སོ་སོའི་སྲིད་དབང་བསྐྱངས་ལུགས་ཅི་ལྟར་ཡང་། རང་ཅག་བོད་མི་ཚང་མ་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་ཀུན་སྙོམས་ཉི་མ་ལྟ་བུའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལམ་སྟོན་འོག་གཅིག་ཏུ་སྒྲིལ་ཏེ། འདས་པའི་གནས་ཚུལ་ཞེ་བཅང་གིས་རྣམ་རྟོག་བཟོས་ཏེ་ད་ལྟའི་ཁ་ཡོད་ལག་ཡོད་ཀྱི་ཁྱད་ཡོན་དང་། མ་འོངས་སྤྱི་པའི་མདུན་ལམ་སྣང་མེད་གཏོང་བའི་སྒོ་གསུམ་བྱ་སྤྱོད་རྣམས་ངེས་པར་བསྒྱུར་དགོས་པའི་དུས་ལ་བབས་འདུག
ལྔ། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་དཔལ་ལྡན་ལྷ་མོས་ཨ་ཀ་མ་ཡི་བརྡ་སྟོན་བརྒྱུད་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཕུལ་ཞིང་། ཕྱོགས་ཡོངས་ནས་བོད་ཀྱི་གནས་བབ་ཧ་ཅང་ཉམས་ང་བའི་སྐབས་ནས་བོད་ཀྱི་དབུ་ཁྲིད་གནང་བ་ནས་བཟུང་དེ་རིང་བར། ཆོལ་གསུམ་བོད་མི་མང་ཡོངས་རྫོགས་ཀྱི་བདེ་དོན་གཙོ་བོར་བཟུང་སྟེ་ལུགས་གཉིས་གཞན་འགྲན་མེད་པར་བསྐྱངས་པའི་ལེའུ་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ནང་གསེར་ནག་གིས་བྲིས་པའི་ལེའུ་གསར་པ་ཞིག་ཡིན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བྱུང་བ་ནི་ད་ལྟའི་འཛམ་གླིང་སྟེང་གི་བོད་གསར་པའི་དབུ་བརྙེས་པ་ཡིན་པས། ༸ཁོང་མེད་ན་ད་ལྟའི་བོད་མེད་པས། ༸ཁོང་གི་བཀའ་དྲིན། མཛད་འཕྲིན། ལམ་སྟོན་ཁོ་ནའི་འོག་གངས་ཅན་པ་ཚང་མ་གཅིག་ཏུ་སྒྲིལ་ན་བོད་མི་རིགས་ཀྱི་མ་འོངས་པར་དེ་ལས་ཁེ་ཕན་མེད་པ་ཁམས་གསུམ་གྱི་མཁས་པ་ཀུན་ལ་དྲིས་ཀྱང་ཞལ་མཐུན་ངེས་པས། ངེས་པར་དུ་ང་ཚོའི་ཆིག་སྒྲིལ་གྱི་རྨང་གཞི་དང་འཕེལ་རིམ། མ་འོངས་པ་བཅས་ཚང་མར་༸གོང་ས་མཆོག་བླ་སྲོག་གམ་སྙིང་བོར་གྱུར་ཡོད་པ་ངོས་འཛིན་གསལ་པོ་དང་། བརྟན་པོ་དགོས་པ་ཞུ་ག་ལ་དགོས།
དྲུག གོང་གསལ་དོན་གནད་འདི་དག་མགོ་དབུ་ཁྲིད་ནས་བཟུང་མི་མང་བར་ངོས་འཛིན་དང་ཉམས་ལེན་ཚུལ་བཞིན་ཡོང་ཕྱིར། མ་འོངས་པར་གྲོས་ཚོགས་ནང་གྲོས་ཆོད་གྲོས་འཆར་གྱི་ལམ་ནས་གནད་འགག་གསལ་རྗེན་བགྲོ་གླེང་གིས་གཏན་ལ་ཕབ། དེ་དག་བཀའ་སྤྱི་གཉིས་ནས་མི་མང་ནང་གོ་བསྐོན་ལས་དོན་སྙིང་ཚར་ཕོགས་པ་བྱེད་དགོས་པ་བཅས་ཀྱི་རྨི་ལམ་ཞིག་ཡོད་པ། ད་ཆ་རྨི་ལམ་ཙམ་དུ་ཟད་ཀྱང་། མ་འོངས་པར་བོད་མིའི་ཆིག་སྒྲིལ་གྱི་འགལ་རྐྱེན་ནང་ཁུལ་དོགས་པ་རྣམ་རྟོག་དང་། དབང་ཆའི་འཐབ་རྩོད་ཀྱིས་བཟོས་པ་རྣམས་རྨེག་མེད་དུ་ཞི་ཆེད་སྒོ་གང་ས་ནས་འབད་འབུངས་ལྷོད་མེད་ཞུ་དགོས་པ་སྙིང་ནས་རེ་སྐུལ་ཞུ།
གསུམ། ཤེས་རིག
རང་རེའི་བོད་ཀྱི་རིག་པའི་གནས་བཅུའི་སྲོག་སྙིང་ནང་དོན་རིག་པར་ཐུག་ཅིང་། བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་བླ་སྲོག་དམ་པར་གྱུར་ཏེ་དུས་རབས་མང་པོ་འདས་ཟིན་པས། ད་ལྟ་བོད་མི་རིགས་འཆི་གསོན་གྱི་ས་མཚམས་འབྱེད་བྱེད་རིག་གནས་འདིའི་དར་རྒུད་ཁོ་ནར་ཐུག་ཡོད། ནང་དོན་རིག་པའི་ཟབ་ཁྱད་ཁོང་དུ་ཆུད་དེ། བོད་མིར་འཁྲི་པའི་འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་འཁུར་རྐང་ལེན་ཐུབ་མཁན་གྱི་བོད་ཀྱི་མི་རབས་གསར་པའི་དཔུང་ཁག་ཅིག་འཚར་ལོངས་བྱུང་བ་ཡིན་ན། བོད་ལ་ཆབ་སྲིད་ཀྱི་རང་དབང་མེད་ཀྱང་། ཆབ་སྲིད་ཀྱི་རང་དབང་གིས་བསྐྲུན་པའི་ཚེ་སྲོག་གི་རྒྱུན་གནས་དང་དཔུང་པ་མཉམ་བཤིབ་ཐུབ་ངེས་སྙམ། བཙན་བྱོལ་དུ་འབྱོར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕ་སྐད་སྤུས་གཙང་སྤྱོད་པ་དང་། རང་གི་རིག་གནས་ལ་གཏིང་ཟབ་པོའི་སློབ་སྦྱོང་བྱ་རྒྱུ། བུ་ཕྲུག་ཆོས་སྒོར་འཇུག་རྒྱུ། འདུལ་བ་དང་མཛོད་ཀྱི་གཞུང་ཕུད་མི་སྐྱ་ཕོ་མོ་ཚོས་ཀྱང་གཞུང་ཆེན་མོར་སློབ་སྦྱོང་སྤུས་དག་བྱེད་དགོས་པའི་གལ་གནད་རང་བཞིན་ཚར་བརྒྱ་སྟོང་དུ་བཀའ་སློབ་གནང་ཡོད་ཀྱང་། བཙན་བྱོལ་བོད་མི་ཚོས་རྩ་བའི་སྙིང་པོ་འདི་དག་གི་ཐད་བཀའ་གསུང་ཇི་བཞིན་བསྒྲུབས་པ་ཧ་ཅང་མ་འདང་པ་དང་། གཞིས་ལུས་མི་མང་ལ་ངོ་ནོངས་དགོས་པ། དེ་ལ་བརྟེན་ནས་སྤྱི་པར་གྱོང་གུད་ཆེན་པོ་བྱུང་ཟིན་པ་སྨྲས་མེད་རེད། ད་ལྟ་ཧ་ཅང་འཕྱི་དྲག་ཡོད་ནའང་།
གཅིག ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་འཁུ་བསྡུ་ཡོང་ཐུབ་ལ་གང་མགྱོགས་ལས་དོན་ཕྱག་བསྟར་དགོས་པ།
གཉིས། བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་སྟངས་འཛིན་ཤེས་རིག་གམ་སྡེ་ཚན་གང་ཞིག་གིས་གནང་དགོས་མིན་ཐད། མཁས་པའི་ལྷན་ཚོགས་དང་། མི་མང་ཚོགས་ཆེན་སྐོང་དགོས་ཀྱང་ངེས་སྐོང་ཞུས་ཏེ། ཚོགས་སྡེ་ཆེན་པོ་འདི་བཞིན་ཚགས་ཚུད་དུ་གཏོང་གལ།
གསུམ། བཞུགས་སྒར་ཉེ་འཁྲིས་གང་འགབ་ཅིག་ཏུ་གོང་ཞུས་གནད་དོན་གཙོ་བོ། མི་སྐྱ་ཕོ་མོ་ཚོར་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་ཆ་ཚང་བ་བྱེད་ས་ཡོད་པའི་ { ནང་བསྟན་སློབ་གཉེར་ཁང་། } ཚད་ལོངས་པ་ཞིག་གང་མགྱོགས་སྒོ་ཕྱེས་ཏེ། འདིའི་བྱེད་སྒོ་རྣམ་གསུམ་ཁྲིམས་ཀྱིས་དབང་བསྒྱུར་པ། མཁས་པའི་འགན་འཛིན་ལྷན་ཚོགས་དང་ལྡན་པ་ཞིག་དབུ་འཛུགས་གནང་དགོས་པ་ལོ་རྒྱུས་རང་བཞིན་ལྡན་པའི་འགན་འཁྲི་ཆེ་ཤོས་དེ་རེད་སྙམ།
གོང་གསལ་དོན་གནད་ཁག་གི་ཐད་དེ་སྔར་གྲོས་ཚོགས་ནང་མི་གཅིག་ལག་གཅིག་ལྟ་བུས་ཡང་ཡང་ཞུས་ཀྱང་ད་ལྟའི་འཛིན་སྐྱོང་འགུལ་བསྐྱོད་མ་བརྒྱབས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཆེད་མངགས་སྡེ་ཚན་བྱེ་བྲག་པར་བཀའ་གནང་བ་དག་གིས་ཀྱང་ལག་བསྟར་ཚུལ་བཞིན་མ་བྱས་པས། གུས་པའི་སེམས་སུ་ན་ཚ་རྡོག་རྡོག་ཅིག་ག་དུས་ཡིན་ཡང་ཡོད་པ་ནི་གནད་དོན་འདི་རང་རེད། འདི་ནི་ང་ཚོར་རང་སྲིད་རང་སྐྱོང་ཐོབ་རྒྱུ་ལས་ཀྱང་གལ་ཆེ་བར་སྙམ་ཡང་། ད་ལྟ་གྲོས་ཆོད་གྲོས་འཆར་གྱི་ལམ་ནས་འཛིན་སྐྱོང་ལ་དངོས་སུ་སྐུལ་འདེད་ཞུ་རྒྱུ་རྨི་ལམ་ལྟ་བུར་གྱུར་ཟིན།
བཞི། བོད་རྒྱ་འབྲེལ་མོལ།
གུས་ནས་དེ་སྔར་གྲོས་ཚོགས་སུ་ལན་མང་ཞུས་མྱོང་བ་ལྟར། བོད་རྒྱ་འབྲེལ་མོལ་ཡོང་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་ཁོ་ནས་མ་གཏོགས་མི་ཡོང་བ་དེ་སྔ་ནས་ལྷ་དང་མཁས་པ་ཚད་ཐུབ་ཀུན་ཞལ་མཐུན་པ་ལྟར། དེར་རང་ཅག་མི་མང་གིས་མཐུན་འགྱུར་ཞུ་སྒོ་གཡོ་བ་མེད་པ་མ་ཞུས་ཚེ། དུས་ཚོད་འགོར་གཞིར་ངན་ཁག་དཀྲི་སའི་འགལ་རྐྱེན་བར་ཆད་སྣ་མང་ཕ་རོལ་པོས་ཕྱོགས་ནས་བཙལ་འཚོལ་རྟས་བང་འགྲན་པ་བཞིན་ཡོང་གི་ཡོད་སྟབས། བོད་རྒྱ་འབྲེལ་མོལ་ལ་མཐུན་འགྱུར་ཡོང་གཞིའི་ལས་དོན་ཁག་ཅིག་གྲོས་ཆོད་གྲོས་འཆར་གྱི་ལམ་ནས་བཀའ་ཤག་ལ་འབོད་སྐུལ་ཞུ་དགོས་བསམས་ཀྱང་། ད་ཆ་རེ་འབྲས་དོན་སོན་མ་བྱུང་ཡང་འདིར་ཆ་ཙམ་ཞུས་ན།
གཅིག རྒྱ་རིགས་མི་མང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་རྣམས་ཁྱབ་སྤེལ་རྒྱ་ཆེ་ཐུབ་ཐབས་སུ་གངས་ཅན་སྐྱིད་གཤོངས་སུ་དྲྭ་ཐོག་འབྲེལ་བའི་ལས་ཁུངས་ཆེད་འཛུགས་དང་། དེར་ཉུང་མཐར་ལས་བྱེད་བཅུ་ཕྲག་གཉིས་ལྷག་ཆེད་འཛུགས་ཀྱིས་ལོ་ཙཱ་དང་ཁྱབ་སྤེལ་གྱི་ལས་དོན་དག་ཐོན་པ་ཞུ་དགོས།
གཉིས། རྒྱ་རིགས་འབྲེལ་མཐུད་པ་གོ་འཕེར་རྣམས་བསྐྱར་བསྐོ་ཙམ་མིན་པར། འབྲེལ་མཐུད་ས་ཁོངས་རྒྱ་ཆེ་རུ་གཏོང་ཆེད་འབྲེལ་མཐུད་པ་མང་དུ་གཏོང་དགོས། དེའི་ལས་དོན་ལ་ལོ་ཡུན་རྒྱས་བཅད་ཀྱིས་གྲུབ་དོན་ལ་དཔག་སྟེ་འཆར་གཞི་པང་རིམ་བསྒྲིགས་ཏེ། གཙོ་བོ། རྒྱ་ནག་སྐམ་ས་ཆེན་པོའི་མི་མང་དང་ཤེས་ལྡན་པའི་ནང་སྙོབས་ཚད་ཁ་ཡོད་ལག་ཡོད། མངོན་སུམ་མཐོང་ཡ་ཡོད་པ་ཅན་དུ་བསྒྱུར་བར་ཐབས་ཤེས་མེད་རག་བར་འབད་དགོས།
གསུམ། དེའི་གྲུབ་དོན་རྣམས་ལོ་རེའི་མཚམས་ཞུ་འོས་པ་རྣམས་གྲོས་ཚོགས་དང་མི་མང་གཉིས་ཀར་སྙན་སྒྲོན་ཞུ་དགོས།
བཞི། བཀའ་ཤག་ནས་ངེས་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐའེ་ཝན་དུ་ཆིབས་ཞལ་བསྒྱུར་རྒྱུར་ཐབས་ཤེས་ཡོད་རྒུ་རྩལ་དཀྲུགས་ཙམ་མིན་པར། ༸གོང་ས་༸སྐྱབས་མགོན་ཆེན་པོར་དེ་ལྟར་གསོལ་བ་ཕུར་ཚུགས་སུ་འདེབས་དགོས།
ལྔ། རྒྱ་ཆེ་མི་མང་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་དགོས་པ་སྒྲིག་འཛུགས་ལ་དབང་སྐུར་ཡོད་ཙང་། ཆབ་སྲིད་ཀྱི་དབུ་ཁྲིད་འཛིན་སྐྱོང་བཀའ་ཤག་ནས། ངེས་པར་དུ་འབྲེལ་མོལ་ཡོང་གཞིའི་ཕྱོགས་གཉིས་བར་གྱི་ཡིད་ཆེས་དང། དོན་དམ་པའི་འཚེ་མེད་ཞི་བའི་ལྟ་སྤྱོད། ཕུགས་རིང་གི་རྒྱ་བོད་མི་མང་གཉིས་ཕན་གྱི་ལངས་ཕྱོགས་དང་ངོས་འཛིན་རྣམས་དུས་ནས་དུས་སུ་གོ་བརྡ་གསལ་པོ་སྤྲོད་དགོས་རིགས་དུས་ལས་མ་ཡོལ་བ་གནང་རྒྱུ་ནི་འདས་པའི་ཉམས་མྱོང་ལ་གཞིགས་ན། ཤིན་ཏུ་འགངས་ཆེན་ཆགས་ཡོད་པ་བཅས་གོང་གསལ་གནད་འགག་འདི་རིགས་འཁོད་པའི་བོད་རྒྱ་འབྲེལ་མོལ་གང་མགྱོགས་མཐུད་ཐབས་དགོས་པའི་གཞུང་འབྲེལ་གྲོས་ཆོད་ཅིག་ཡོང་རྒྱུའི་དུས་ཚོད་ལ་སྒུག་པའང་རྨི་ལམ་ཙམ་མིན་པར་མངོན་གྱུར་ཡོང་བར་སྨོན།
ལྔ། བཀུར་འོས་མི་མང་།
རང་རེའི་མི་མང་རྣམས་ལ་གཞུང་སེམས་ལྷད་མེད་དང་གཞུང་དོན་ཐད་ཚོར་པ་རྣོན་པོ་འདུག་ཀྱང་། གནད་དོན་གང་ཅིར་ཞིབ་ལྟ་ཞིབ་དཔྱོད་ཀྱི་གོམས་གཤིས་མེད་པའང་གསལ་པོ་རེད་འདུག རྒྱ་མི་དང་ཨིན་ཇི་མགོ་སེར་ཚོ་ནང་བཞིན་རྒྱུ་མཚན་འཚོལ་རྒྱུའི་གཤིས་ཀར་མིག་དཔེ་བལྟ་དགོས་པ་ཧ་ཅང་གལ་ཆེར་མཐོང་། མི་མང་གི་ཁྱོན་ཡོངས་ཀྱི་གོ་རྟོགས་གོང་དུ་སྤེལ་ཆེད། ད་ལྟའི་ཀ་བ་བཞི་པ་གསར་ལམ་ཁག་གིས་ཀྱང་འདང་གི་མེད་པ་གསལ་པོ་རེད། གསར་ལམ་ཁག་གིས་སྙོབས་ཀྱི་མེད་ཡུལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་སྲོལ། ལམ་ལུགས། མི་མང་ནང་གླེང་གཞིར་གྱུར་བའི་གནས་ཚུལ་བཅས་ཀྱི་ཕྱོགས་ངོས་ཚང་མར་བགྲོ་གླེང་བརྒྱུད་གོ་བརྡ་སྤྲོད་ཐུབ་ཀྱི་མེད་པ་དེ་རེད་སྙམ། དེའི་རྐྱེན། བྱུང་ན་གསར་ཁང་ཁག་གིས་ངེས་པར་གསར་འགོད་པའི་ནང་སྒྲིག་འཛུགས་ལ་རྒྱུས་མངའ་ཆེ་བ་རེག་ཐབས་གནང་གལ་དང་། དེ་མིན་བོད་མིའི་སྒྲིག་འཛུགས་རང་གི་ངོས་ནས་མི་མང་གི་རྣམ་དཔྱོད་ལེགས་ཕྱོགས་སུ་འཁྲིད་ཐབས་སུ།
གཅིག ངེས་པར་རང་དབང་ལྡན་པའི་དཔྱད་གླེང་ཁང་ཞིག་འཛུགས་དགོས་ཀྱི་འདུག་ལ། དེའི་ནང་མང་གཙོའི་ཁྱད་ཡོན་སྟེ། བསམ་ཚུལ་ཚང་མ་མཉམ་སྤུངས་ཞུ་ས་དང་། མཉམ་དུ་སྤུངས་པ་ཙམ་མིན་པར། བསམ་ཚུལ་རེ་རེའི་ལྗིད་ཁོག དེས་བོད་སྤྱི་པའི་མདུན་ལམ་ལ་ཕན་མིན་བཅས་ལ་དཔྱད་གླེང་ཁང་དེས་བསམ་ཚུལ་མི་མཐུན་པའི་རྒྱུ་མཚན་སྨྲ་བ་རྣམས་བོས་ཏེ་བགྲོ་གླེང་ཞུ་དགོས་པ་གལ་ཆེ།
གཉིས། སྒྲིག་འཛུགས་དང་འགོ་ཁྲིད་ལ་དཀྲོགས་གཏམ་བྱུང་རིགས་ལ། དཔྱད་གླེང་ཁང་དེས་དཔྱད་ཞིབ་ཞིབ་མོ་རྣམ་འཐགས་ཀྱི་ལམ་ནས་གཙང་བཟོ་བྱེད་དགོས་པ་བཅས་བྱུང་ན། སྤྱི་ཚོགས་ནང་དོན་མེད་རྣམ་རྟོག་གིས་བསྐྲུན་པའི་སྐད་ཆ་མང་པོ་རང་ཡལ་དུ་འགྲོ་ངེས།
གསུམ། མི་མང་གིས་ནམ་ཡང་རྩོད་གླེང་དང་དགའ་ཁ་འཁྱེར་ཕྱོགས་ཁོ་ནས་དུས་མི་སྐྱེལ་པར། ད་ལྟ་༸གོང་ས་མཆོག་དགུང་གྲངས་ ༨༥ སླེབས་ཟིན་པའི་དུས་ཚོད་ཀྱི་གནད་འགག་ལ་གཟིགས་ཏེ། མ་འོངས་པར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཀུན་སྤྱོད་འཁྱེར་སྟངས་ཐད་མི་རེ་ངོས་རེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་པའང་དུས་ལ་བབས་འདུག
བཞི། མི་མང་གིས་གཞུང་གི་ལས་དོན་ཆེ་ཕྲ་གང་གི་ཐད་ཆ་ཤས་བཞེས་སྐབས་ལམ་སྟོན་ཁུངས་གཏུག་ས་༸གོང་ས་༸སྐྱབས་མགོན་ཆེན་པོ་རང་བྱེད་དགོས་ཤིང་། ༸གོང་ས་མཆོག་གི་ལམ་སྟོན་དགོངས་གཞི་དང་བྲལ་ཚེ་རང་ཅག་ལ་མདུན་ལམ་མེད་པ་རྟག་ཏུ་ཐུགས་བཅང་ཞུ་དགོས།
ལྔ། འོས་འདེམས་ཀྱིས་བསྐོས་པའི་མགོ་ཁྲིད་ཚོས་ངེས་པར་མི་མང་གི་བསམ་ཚུལ་ཅི་ཡོད་སྒྲུབ་དགོས་པའི་ཨུ་ཚུགས་བྱེད་མི་རུང་། མགོ་ཁྲིད་དང་མི་མང་གཉིས་ཀར་ནོར་བ་ཡོང་སྲིད་པས། གནད་དོན་གང་ལའང་རྒྱུ་མཚན་རང་གི་རྗེས་སུ་འབྲང་སྟེ། གུ་ཡངས་པོ་དང་བརྩི་བཀུར་ལྡན་པའི་ལམ་ནས་གནད་དོན་མཁྱེན་པའི་ལམ་ནས་སྐྱོན་བརྗོད་བྱེད་རྒྱུ་ཧ་ཅང་དགོས་གལ་དུ་མཐོང་། མང་གཙོའི་ལྟ་གྲུབ་དང་ཁྲིམས་སྒྲིག་གིས་རྒྱབ་དྲངས་པའི་སྐྱོན་བརྗོད་ནི་ནམ་ཡང་ཚད་དང་ལྡན་པ་ཡིན།
དྲུག བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་སྐྱོན་འདོན། བསྔགས་བརྗོད། མཉམ་རུབ། བཟོ་བཅོས་བཅས་ཅི་ཞིག་བྱེད་དགོས་ཐུག་ཀྱང་། ཆོལ་ཁའི་དབང་ཆ་འཐབ་རྩོད་པ་ཚོའི་རྗེས་སུ་འབྲང་པའམ། ཁར་གཏན་ནས་ཉན་མི་རུང་ལ། གནད་དོན་རང་སྟེང་ལ་མཛུབ་མོ་འཛུགས་ཤེས་པ། དཔྱད་པ་ཐོངས་ནུས་པ་ཞིག་བྱེད་གལ་ནི་ཁ་ཚ་དགོས་གཏུག་ཅིག་ཆགས་འདུག།
བདུན། ད་བར་བཙན་བྱོལ་བོད་མིའི་ནང་དཀའ་ཉོག་གང་ཞིག་བྱུང་ཡང་། སྔ་དུས་དོགས་པ་རྣམ་རྟོག་ལ་བརྟེན་ན་བྱུང་འདུག་ནའང་། ཕྱིས་སུ་ནང་ཁུལ་དབང་ཆའི་འཐབ་རྩོད་ལ་བརྟེན་ནས་བྱུང་འདུག་པ་འདིས་སྤྱི་པར་ཧ་ཅང་གྱོང་གུད་བཏང་འདུག། མ་འོངས་པར་གནད་འདི་ལ་ངེས་པར་མ་གཟབ་ཚེ། བོད་ཀྱི་བདེན་མཐའ་བསལ་མིན་ཀྱང་བཤད་ཚོད་དཀའ་བ་ཞིག་འདུག་སྙམ་པ་བཅས།
མཐའ་དོན། ཆོས་སྲིད་གང་ཅིར་མིག་ལྡོང་པའི་སྐྱེས་བོ་ཞིག་གིས་འདི་ལྟའི་བཀའ་མོལ་ཞུ་རྒྱུ་བག་ཚ་བ་ཞིག་ཡིན་ནའང། སྐྱེ་བ་འདི་ལ་གངས་ཅན་པར་སྐྱེས། གངས་ཅན་༸མགོན་པོ་ཡབ་སྲས་ཀྱི་གསེར་ཞལ་མཇལ། བཀའ་གསུང་གསེར་གྱི་རི་བོའི་འདབས་སུ་གནས་བཅས་ཤིང་འཚོ་བ། བོད་མི་རིགས་ཀྱི་ང་རྒྱལ་སྤོབས་པའང་༸མགོན་པོ་ཡབ་སྲས་གཉིས་ལས་གཞན་དུ་མེད་པ་ངོ་ཤེས་ར་འཕྲོད་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་ལྷག་བསམ་རྨ་མེད་པས་ཞུས་པ་དགེའོ།།
གངས་ཅན་༸མགོན་པོའི་དམ་ཚིག་ལ་གནས་ཏེ།།
གངས་ཅན་ཞིང་གི་བསྟན་སྲིད་སྲི་ཞུ་ལ།།
གངས་ལས་དཀར་པའི་ལྷག་བློ་རྣམ་དཔྱོད་གཉིས།།
ཟུང་དུ་སྦྲེལ་ཏེ་འཇུག་པའི་དཔལ་ཐོབ་ཤོག།
༢༠༢༡ ཟླ་ ༥ ཚེས་ ༡ ཉིན།
ལྟས་ཟིན
ད་ཆོག་གི རང་མདོག་ཡོད་ཚད་ཕྱིར་བསྟན་ཚར་སོང་། ཅི་བཤད་ལ་མ་ཉན་ཅི་ལས་ལ་ལྟོས་ཟེར་བའི་གཏམ་དཔེ་དེ་ཁྱོད་དང་ཁྱོད་ལྟ་བུར་གཟས་ནས་བཤད་པ་རེད།
ད་མ་ངུ་དང་། མང་མ་སོང་ངམ། གྱང་ཁའི་རྩྭ་འདྲ་མོ་ཁྱོད་ད་ཐེངས་མདོ་སྨད་མི་མང་གིས་སྤྱི་འཐུས་ལ་མ་གདམ་པ་དེ་ནི། ང་ཚོ་གཉིད་སད་པའི་རྟགས་ཡིན་པ་དང་། ང་ཚོའི་གཟི་རྗིད་ཡང་རེད།
ཡིན་ནའང་། ཁྱོལ་ཁ་གཞན་གྱིས་ད་ཐེངས་ཡང་ཁྱོད་འདྲ་མོ་ཆག་སྒོའི་འབྱུང་གཞི་དེ་ཚོ་ཡང་སྐྱར་འདམས་འདུག དེ་ལ་བློ་ཕམ་ཡོད་དོ།
ད་ཐེངས་ཁུག་རྟས་དྲང་ལམ་གྱི་བསམ་ཚུལ་ཡག་པོ་གསུངས་འདུག
མི་མང་པོ་ཕྱོགས་རིས་ལས་དྲང་གཏམ་ལ་མི་དགའ་བས་ཁུག་རྟའི་དྲང་གཏམ་རྣ་བར་མི་འགྲོ་མཁན་ཡོད།