བློ་གྲོས་རབ་བརྟན།
མི་འདི་འདྲ་འདུག གཅིག་བུར་བསྡད་དེ་ཁ་བརྡར་བཅུག་ན། ཐམས་ཅད་པོ་ཤེས་མདོག་དང་ཇུས་གཏོགས་རེད། རང་རློམ་ཆེ་སོང་ན་གནད་དོན་དེ་ཡོང་གི་ཡོད། ཟམ་གདོང་རིན་པོ་ཆེའི་གདོང་ལ་ལངས་ཏེ། བཅའ་ཁྲིམས་ཐད་ནས་རྩོད་ཀྱི་ཡོད་མདོག་རེད། རེད་དེ། བློ་གཟི་བོར་གནས་ནས་ཤེས་ནས་རྩོད་པ་ཞིག་མ་རེད། ཞེན་ཁོག་དང་ཕྱོགས་གཏོགས་ལ་འཇུས་ཏེ། ཧམ་པ་རི་ལྟར་བཤད་ན་བདེན་པ་ཤིག་ཙམ་འཐོབ་འདོད་རེད།
དེང་གི་མང་གཙོའི་ལམ་ལུགས་ཀྱི་ཀ་བ་ཕན་ཚུན་བར་བརྗིད་མཉམ་སྟངས་འཛིན་ལ་གོ་བ་མ་ལོན་པར། གོ་བ་ལོག་པ་བླངས་ཏེ་ཕན་ཚུན་འདྲ་མཉམ་ལ་གོ་བ་བླངས་ཏེ། ཟམ་གདོང་རིན་པོ་ཆེར་རྩོད་ཀྱི་འདུག གོ་ལོག་དེས་སྣ་དྲངས་ཏེ། བཀའ་ཤག་སྡེབ་གཅིག་ལ་འཕོ་འགྱུར་གཏང་ཆོག་ན། ཁྲིམས་ཞིབ་པ་ཚོ་ག་རེ་བྱས་ནས་སྡེབ་གཅིག་ལ་ཆོག་གི་མ་རེད། ཅེས་རྒྱུ་མཚན་ལྟར་སྣང་བཀོད། བཀའ་ཤག་དང་
ཁྲིམས་ཞིབ་པ་ཚོའི་གྲུབ་སྟངས་ལོག་ཀ་རེད། བཀའ་ཤག་ནི་སྲིད་སྐྱོང་མི་གཅིག་གི་ལག་ཏུ་ཡོད། བཀའ་བློན་ཚོ་སྲིད་སྐྱོང་གིས་མིང་བཏོན་ཏེ་བསྐོས་པ་ཡིན་དུས།ནོར་འཁྲུལ་བྱུང་ན་སྡེབ་གཅིག་ལ་འཕོ་འགྱུར་གཏང་ཆོག་པའི་གནད་འགག་ཡང་དེ་རེད། ཁྲིམས་ཞིབ་པ་ཚོ་བགྲེས་གཞོན་ནམ་ཁྲིམས་ཞིབ་པ་ཆེ་བ་ཞེས་ཁྱད་པར་ཡོད་ཀྱང་། ཁྲིམས་ཞིབ་པ་ཆེ་བ་ཡིན་ནའང་ཁྲིམས་ཞིབ་པ་གཞན་པ་དག་བསྐོ་འཇོག་གམ་གྲོས་ཚོགས་ལ་མིང་འདོན་གནང་དབང་གང་ཡང་མེད། གྲོས་ཚོགས་རང་ནས་ཁྲིམས་ཞིབ་པ་ཚོ་བསྐོ་འཇོག་གནང་གི་ཡོད། གནད་དོན་དེ་ཤེས་སོང་ན། བཅའ་ཁྲིམས་སུ་ཁྲིམས་ཞིབ་པ་སུ་རུང་ངམ་གང་ཟག་གཅིག་ལས་སྡེབ་གཅིག་ལ་ཚང་མ་འཕོ་འགྱུར་གཏང་མི་ཆོག་པའི་རྒྱུ་མཚན་ཡང་གྲུབ་སྟངས་མ་འདྲ་བ་དེའི་དབང་གིས་རེད། དེར་བརྟེན་མང་གཙོའི་ཀ་བ་གསུམ་པོའི་གྲུབ་སྟངས་གྲུབ་ལུགས་ལོག་ཀ་ཡིན་སྟབས། ནུས་པ་འདོན་སྟངས་དང་། ལས་ཡུན། ལས་ཀའི་མཚམས་མི་འདྲ་བ། དབང་ཚད། འགན་འཁྲི། གོ་གནས་བཅས་མི་འདྲ། ཚང་མ་ལ་སྤྱི་བཏང་གི་འདྲ་མཉམ་ཟེར་བའི་ཐིག་ཤིང་བཟུང་སྟེ་ཚད་བརྒྱབ་ན། གནད་འགག་རྟོགས་ཐབས་མེད་ཅིང་། རང་ཉིད་ལོག་ལམ་ནས་ལོག་ལམ་དུ་འཕྱན།
ད་ལྟའི་ཆར། བོད་མིའི་སྒྲིག་འཛུགས་འཐོར་ཚར་རེད། གང་ཡང་ལྷག་ཡོད་པ་མ་རེད། སྒྲིག་འཛུགས་ཟེར་བ་དེ་མང་གཙོའི་ཀ་བ་གསུམ་ལ་བརྟེན་ནས་གནས་དགོས་པ་རེད། ལྷག་ཏུ་བཅའ་ཁྲིམས་སམ་ཁྲིམས་འཛིན་ལྷན་ཁང་མེད་པར་བཟོས་ཚར་བ་རེད། ཁྲིམས་འཛིན་ལྷན་ཁང་ནི་ཁྲིམས་ལྟར་འགྲོ་བཞིན་འདུག་མིན་ཁྱོད་ཡོངས་ལ་ལྟ་མཁན་རེད་ལ། སྒྲིག་འཛུགས་ཀྱི་གཞུང་ཤིང་རེད། གཞན་ཚང་མ་ཡ་ག་རེད། ད་ལྟ་ཁྲིམས་འཛིན་ལྷན་ཁང་དེ་གཏོར་ཚར་དུས། ཀ་བ་གཞན་གནས་ཐབས་མེད། བཀའ་ཤག་སྒོ་བརྒྱབ་ནའང་མི་སྐྱོན། ཁྲིམས་འཛིན་ལྷན་ཁང་ཡོད་ན་སྒྲིག་འཛུགས་འཐོར་ཞིག་ཏུ་མི་འགྲོ། སྤྱི་འཐུས་ཚོ་མང་ཆེ་བ་གྲོས་ཚོགས་སུ་མ་བཅར་ནའང་སྔོན་རྩིས་དང་འབྲེལ་ཏེ། གཞུང་འཛིན་ལ་དཀའ་ངལ་འཕྲད་སྲིད་ཀྱང་། ཁྲིམས་འཛིན་ཁང་ཡོད་པས་སྒྲིག་འཛུགས་རྩ་བ་ནས་འཐོར་ཞིག་ཏུ་འགྲོ་ས་མེད། གཞུང་ངམ་སྒྲིག་འཛུགས་ཤིག་གནས་པ་ལ་རྩ་ཁྲིམས་སམ་ཁྲིམས་འཛིན་ཁང་ལ་བརྟེན་དགོས་པ། ཁྲིམས་འཛིན་ཁང་ནི་རྩིག་པའི་རྩིག་གདན་རེད། གྲོས་ཚོགས་ནས་རྩིག་གདན་དེ་མེད་པར་བཟོས་པས། གཞུང་ཞིག་རྨང་ནས་གཏོར་བཤིག་བཏང་།
མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར། སྲིད་སྐྱོང་རུལ་སུངས་དེའི་རྒྱབ་ན། རྒྱབ་སྐྱོར་བ་བརྙན་བཤད་པ་འགའ་ཡང་ཐོན་སོང་། བློ་གཟི་བོར་གནས་ཏེ་ཤེས་ནས་སྐད་ཆ་བཤད་རྒྱུའི་ཚབ་ལ།ཧམ་པ་དང་མི་ཤེས་ཤེས་མདོག་མདུན་ལ་ཐོན་པར་དགའ་ཞིང་། སྤྱི་ཚོགས་དཀྲུག་གཏམ་རྐྱང་བཤད་དེ། རང་རྒྱལ་གཞན་ཕམ་དང་ཞེན་ཁོག་ཁོ་ནར་འཐམས་ཏེ། བོད་པའི་སྤྱི་ཚོགས་ཀྱི་མི་ཡག་པ་གུས་བཀུར་ཡོད་མཁན་ཚོར་ཞབས་ནས་འཐེན་ཏེ། བོད་པའི་སྤྱི་ཚོགས་འདི་ཁ་ཆག་སྣ་རལ་ཏུ་གཏོང་གི་འདུག བདེན་པ་དང་དོན་དངོས་ཡར་བར་དོར་ཏེ། ཁྲིམས་དང་སྒྲིག་གཞི་ཡིན་ཡང་། རང་གི་ཕྱོགས་གཏོགས་ལ་ཐུག་དུས། རྡོག་བརྫི་བྱེད་རྐྱང་། ཐམས་ཅད་པོ་རང་དང་རང་གི་ཕྱོགས་གཏོགས་འགྲིག་བསྡད་པ། དེ་མིན་གཞན་དག་གིས་བྱས་བྱས་ཚང་མར་མ་འགྲིག་མ་འཐུས་རྐྱང་བཤད་དེ། མཐུན་པ་དེ་མི་མཐུན་པ་བཟོས། ཡོད་པ་དེ་མེད་པར་བཟོ་ལ་རོགས་པ་བྱས། མི་རིགས་ཀྱི་མདུན་ལམ་དང་རྩ་དོན་རླུང་ལ་བསྐུལ་བཞིན་འདུག གནོད་སྐྱེལ་བཞིན་འདུག
ལོ་ངོ་དྲུག་ཅུའི་རིང་ལ་གོང་ས་མཆོག་དང་མི་རབས་རྒན་པ་ལྷག་བསམ་ཅན་ཚོས། བསམ་བློ་རྒྱ་ཆེ་སར་བཏང་སྟེ། སྡུག་དཀའ་ལས་ཀྱིས་བཙུགས་པའི་སྒྲིག་འཛུགས་དེ། སྲིད་སྐྱོང་བློ་སིང་གིས་རྒྱབ་ནས་ལྐོག་ཇུས་འཐེན་ཏེ། པད་མ་འབྱུང་གནས་ཀྱིས་སྣེ་ཁྲིད་དེ་སྤྱི་འཐུས་༣༡ ནས་རྩ་གཏོར་བཏང་། ཡོད་པར་བཟོ་དཀའ། མེད་པར་བཟོ་སླ་ཟེར་བ་ཅི་མ་བདེན། ལོ་ངོ་དྲུག་ཅུའི་རིང་བསྐྲུན་པའི་སྒྲིག་འཛུགས་དེ་ཚོགས་གཙོ་པད་མ་འབྱུང་གནས་གཙོས་པས་སྐར་མ་དགུ་བཅུའི་རིང་མེད་པར་བཟོས་སོང་།
བློ་སེང་འདིས། ནམ་ལངས་ཁ། བྱ་འཕུར་ཁར་རང་ཉིད་སྲིད་སྐྱོང་གི་སྲིད་ཀྱི་སྒྲིག་འཛུགས་དེ་གཏོར་བཅུག་སོང་། དངོས་གནས་བྱས་ན། ཁྲིམས་ཞིབ་པ་ཚོ་འཕོ་འགྱུར་བཏང་ཉིན་ནས་བཀའ་ཤག་གནས་ཐབས་མེད། གཞུང་གི་རྩ་བ་ཚུགས་ས་བརླག་པ་རེད། དེར་བརྟེན་ད་དུང་བཀའ་ཤག་གནས་པར་ཁྱད་མེད་པར་འདོད་ན། སྒྲིག་འཛུགས་ཟེར་བ་རྩ་བ་གང་ནས་ཚུགས་དགོས་པ་དེ་ཡང་མ་ཤེས་པ་རང་རེད།
མཇུག་ཏུ། བོད་མི་ཞིག་གིས་རང་གི་སྲིད་སྐྱོང་ལ་སྡུག་པ་ཞིག་བཤད་འདོད་མེད་ཀྱང་། བློ་སིང་གིས་བཤད་དགོས་པ་བཟོ་བཞིན་འདུག ཐེངས་འདི་ལ་མཚོན་ནའང་བློ་སིང་གིས་རྒྱབ་ཇུས་འཐེན་ཏེ།བོད་མི་ཚོར་དགྲ་དགའ་གཉེན་སྡུག་སྟེ་བཙན་བྱོལ་སྒྲིག་འཛུགས་འདི་གཏོར་བ་དེས།རྒྱ་དམར་གཞུང་ལ་དགོས་པའི་དོན་ཆེན་ཞིག་བློ་སིང་གིས་བསྒྲུབས་ཤིང་། དེ་ནི་དངོས་ཡོད་རེད་ལ་ད་ལྟ་རང་བལྟས་ན་མཐོང་ཐུབ་པ་དང་ཉན་ན་གོ་ཐུབ་པའི་གླེང་གཞི་འདི་རེད། ལོ་བཅུའི་རིང་བཙན་བྱོལ་བོད་མིའི་སྲིད་སྐྱོང་བྱས་པའི་ལས་ཀའི་མཐའ་མའི་མཇུག་སྡོམ་དང་གྲུབ་འབྲས་ཡང་འདི་ཅི་ཡང་མེད།
གཏམ་མར་ཁུ་འདྲ་ཟིག་རེད།
རྒྱབ་སྐྱོར་གཙང་མ་ཞུ། གོང་གི་གཏམ་དེ་བདེན་ནོ། ལྷ་དར་བ་མ་ཡིན་ཏེ་བདུད་དར་བའི་རྟགས་ཡིན། ཉི་མའི་འོད་ཟེར་གྱི་མདུན་ན་སྲིན་འབུ་མེ་འཁྱེར་གྱིས་ཅི་ཞིག་འཇོན་རྒྱུ་ཡོད་དམ། ཡི་གེ་འབྲི་ཀློག་ཤེས་ཙམ་གྱིས་ཟམ་གདོང་བླ་མའི་ཁ་གཏད་འཇོན་མི་ཡོང་ངོ་། རིན་པོ་ཆེའི་བོད་རྒྱ་ཆེའི་མི་མང་གི་དོན་དུ་རང་བློས་བཏང་བ་དེ་བཞིན་ལྷ་དར་རམ་བདུད་དར་ཁྱོད་ནང་བཞིན་གྱིས་སྐྱེ་བ་དུ་མར་འབད་ཀྱང་བསམ་བློར་ཡང་མི་ཤོང་། བློ་སེང་ཐ་ཞན་གྱི་རྒྱུག་ཁྱི་རྣམས་ལ་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་ངོ་།། ཁྱོད་འདྲ་བ་རྣམས་ནས་བོད་མི་རིགས་རྩ་གཏོར་གཏོང་ལ་འབད་བཞིན་འདུག་པས་ཁ་ནས་ཁྲག་སྐྱུག་པའམ་ནད་ན་ངོ་མི་ཤེས་པ་ཞིག་གིས་ཟིན་རྒྱུ་ཡིན་ན་ད་ལྟ་ནས་བསམ་བློ་ཐོངས།
དོན་གྲུབ་ལྷ་དར་ལྟ་བུའི་སྐད་ཆ་ལའང་རིན་ཐང་བཞག་སྟེ་ལན་འདེབས་རྒྱུའི་ངལ་བ་བསྟེན་པ་ནི་ཁོམ་སོང་བས་ཡིན་རྒྱུ་རེད། རང་མདོག་སྔར་ནས་ཁྲོམ་ལ་བསྟན་ཟིན་པས་ད་ནི་ཅི་བཤད་ཀྱང་རླུང་བུ་ཞིག་གི་ཚད་ཙམ་དུ་འཇོག་པ་ལས་སྙིང་པོ་ལེན་རྒྱུ་གང་ཡང་མེད།