རེ་མདོ་སེངྒེ།
༄༅།། དེ་རིང་ཕྱི་དྲོ་བཀའ་དྲིན་ཅན་གྱི་དགེ་རྒན་སློབ་དཔོན་ཆེན་མོ་ཨ་ཁུ་བློ་བཟང་རྒྱ་མཚོ་མཆོག་སྙུང་གཞིའི་རྐྱེན་པས་སྨན་ཁང་དུ་སྐུ་གཤེགས་པའི་གཏམ་ངན་ཐོས། སྤྱིར་ཉིན་ཤས་གོང་ནས་ཅུང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་ཐོས་རྗེས། ཉིན་འཆར་ཅན་དུ་ནད་གཡོགས་ཚོར་ཁ་པར་གྱི་ལམ་ནས་གནས་སྟངས་འདྲི་རྟོག་བྱེད་ཀྱི་ཡོད། དགུང་ལོའི་གནས་བབ་དང་གང་ཅིའི་ཐད་ནས་གློ་བུར་དུ་དྲག་སྐྱེད་ཡོང་དཀའ་སྙམ་པ་མ་གཏོགས། འདི་ལྟར་གློ་བུར་དུ་སྐུ་གཤེགས་འགྲོ་བ་སེམས་ལ་ཡང་མ་འཁོར་བས། དེ་རིང་གཏམ་ངན་ཐོས་འཕྲལ་ཕངས་སེམས་དང་སྐྱོ་བའི་གདུང་བ་ཤིན་ཏུ་ལྕི་ཡང་། མི་རྟག་པའི་གནས་ལུགས་དང་འགྲེལ་བཤད་ལ་སེམས་པ་གླན་ནས་རང་སར་དགོངས་རྫོགས་གང་ནུས་རེ་ཞུ་རྒྱུ་ཙམ་ལས་ཐབས་གཞན་གང་ཡང་མ་མཆིས།
དགེ་རྒན་བཀའ་དྲིན་ཅན་ཁོང་ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག མངོན་བརྗོད་དང་སྡེབ་
སྦྱོར་སོགས་ལ་ཤིན་ཏུ་མཁས་པ་ཞིག་ཏུ་མ་ཟད། ཐུན་མོང་མ་ཡིན་པ་ནང་དོན་རིག་པའི་མདོ་རྒྱུད་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། རྒྱུན་གྱི་སློབ་ཁྲིད་དང་བསླབ་བྱ་མཐའ་དག་ལྷག་བསམ་དང་ཤ་ཚར་སྦྱར་ནས་སློབ་མ་ལ་གང་ཕན་མཛད་མཁས་པ་ཞིག་ཡིན་པས། ཁོང་གི་དྲུང་ནས་ལོ་མང་རིང་སློབ་ཁྲིད་ཞུ་རྒྱུ་བྱུང་བ་ནི་ཁོ་བོ་ཅག་ཤིན་ཏུ་སྐལ་བ་བཟང་པོ་བྱུང་སོང་སྙམ་པའི་ངོས་འཛིན་དང་བཀའ་དྲིན་གྱི་འདུ་ཤེས་སེམས་རྩ་ནས་གཏན་དུ་ཡལ་མ་མྱོང་།
འདིར་འདས་སོང་གི་ལོ་རྒྱུས་ཀྱི་གནས་ཚུལ་འགའ་ཤས་ལ་དྲན་གསོ་ཞུས་པ་དང་མཉམ་དུ། བཀའ་དྲིན་ཅན་གྱི་དགེ་རྒན་ཁོང་གི་མཛད་རྗེས་ཆུང་ཚགས་འགའ་ཤས་ཀྱང་ཡིག་འཇོག་བྱ་དགོས་པ་གལ་ཆེར་མཐོང་བས། ཁོ་བོར་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་ཐེབས་པའི་དྲན་ངོས་ཀྱི་གནས་ཚུལ་འགའ་ཤས་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཡིག་འབེབས་བྱ་བར་འདོད།
ངེད་རང་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཐོག་མར་འབྱོར་ནས་སྔོན་འགྲོའི་འཛིན་གྲྭར་སློབ་སྦྱོང་བྱེད་པའི་སྐབས། དགེ་རྒན་བཀའ་དྲིན་ཅན་ཁོང་ཉིད་ཀྱིས་རྩོམ་སྒྲིག་མཛད་པའི་ཆོས་འབྱུང་ཀུན་བཏུས་པདྨ་དཀར་པོའི་ཆུན་པོ་བྱ་བ་དེ་ང་ཚོར་སློབ་ཁྲིད་གནང་གི་ཡོད། སྐབས་དེར་སྤྱི་སྒེར་གཉིས་ཀ་ཆ་རྐྱེན་ཤིན་ཏུ་སྐྱོ་བས་ཆོས་འབྱུང་གི་ཟིན་བྲིས་དེ་པར་སྐྲུན་བྱེད་ཐུབ་མེད་ལ། དེང་སང་ལྟར་པར་སློག་རྒྱག་སའི་ཆ་རྐྱེན་ཡང་མེད་སྟབས་དགེ་རྒན་ཁོང་ཉིད་ཀྱི་ཕྱག་ཏུ་ཡོད་པའི་ཟིན་བྲིས་གཅིག་པུ་དེ་ཉིད་ལས་མེད། དེར་བརྟེན་ཉིན་རེའི་སློབ་ཐུན་གྱི་སྟོད་ཆའི་སྐར་མ་གང་འཚམས་རིང་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་ནག་པང་ཐོག་ཆོས་འབྱུང་གི་ཚན་པ་རེ་འབྲི་གནང་གི་ཡོད་པ་དང་། ནག་པང་ཐོག་བྲིས་པའི་ཆོས་འབྱུང་གི་ཚན་པ་དེ་ང་ཚོས་འབྲི་དེབ་ཐོག་ཕབ་བཤུས་ཞུ་དགོས། དེ་ནས་ཕབ་བཤུས་ཟིན་པའི་ཚིག་མཚམས་བར་དུ་སློབ་ཁྲིད་གནང་གི་ཡོད། སློབ་ཐུན་གཅིག་སློབ་ཁྲིད་མཛད་པར་དཀའ་ཚེགས་ཅན་གྱི་བརྒྱུད་རིམ་མང་པོ་ཞིག་འགྲོ་དགོས་ཀྱི་ཡོད་ཀྱང་། ཁོང་གིས་ང་ཚོར་ཐུགས་སུན་པ་དང་སྐུ་ངལ་བའི་རྣམ་འགྱུར་ཐེངས་གཅིག་ལ་བསྟན་མ་མྱོང་བས། ལམ་རིམ་ཆེན་མོ་ལས་སྐྱོ་བ་སྤངས་པའི་བཤེས་གཉེན་གསུངས་པ་འདི་འདྲ་ཞིག་ཡིན་དགོས་པ་རེད་སྙམ་པ་ལན་མང་བྱུང་མྱོང་།
ཕྱིས་སུ་དངོས་གཞིའི་འཛིན་གྲྭ་དང་པོར་སློབ་སྦྱོང་བྱེད་པའི་སྐབས། དགེ་རྒན་བཀའ་དྲིན་ཅན་ཁོང་གིས་ང་ཚོར་པྲ་སྟིའི་སུམ་རྟགས་དང་། བརྡ་གསར་རྙིང་གི་རྣམ་གཞག་ལི་ཤཱི་གུར་ཁང་། རྗེ་ལམ་ཆེན་མོ། གྲུབ་མཐའ་རིན་ཆེན་ཕྲེང་བ་སོགས་སློབ་ཁྲིད་གནང་མྱོང་། སྐབས་དེར་ཡང་ང་ཚོར་ཟུར་བལྟ་བྱེད་སའི་དཔེ་ཆའི་ཆ་རྐྱེན་ཤིན་ཏུ་དཀོན་པོ་ཡིན་པས། རྒྱུན་དུ་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་དཔེ་སྣ་མང་པོ་ལས་གལ་གནད་ཆེ་རིགས་ཟིན་བྲིས་བསྐྱོན་ཏེ་ང་ཚོར་ཟ་ཆོག་ཆོག་གི་ཚུལ་དུ་མཁོ་སྤྲོད་གནང་གི་ཡོད་ལ། ལྷག་པར་དུ་སུམ་རྟགས་ཀྱི་དཔེ་བརྗོད་འབྲི་བའི་སྐབས་བོད་རང་གི་རིག་གཞུང་རྙིང་པ། དེའི་ནང་ནས་ཀྱང་གཞུང་ཆེན་མོའི་བརྡ་ཆད་དང་ཚིག་བརྗོད་བེད་སྤྱོད་བྱ་དགོས་པའི་ལམ་སྟོན་རྒྱུན་དུ་ཕེབས་ཀྱི་ཡོད་པར་མ་ཟད། ང་ཚོའི་དཔེར་བརྗོད་ཀྱི་བརྡ་ཆད་དང་ཚིག་འགྲོས་ཀྱིས་དགེ་རྒན་ཁོང་གི་ཐུགས་འདོད་ཁེངས་པ་མ་བྱུང་བའི་སྐབས་བཀའ་བཀྱོན་ཡང་ལན་མང་ཕེབས་མྱོང་།
དེང་སྐབས་ཞིབ་ཏུ་བསམས་ན་ང་ཚོའི་སྐོར་གྱི་སློབ་གཉེར་པ་མང་པོ་ཞིག་ལུས་སེམས་གཉིས་ཀ་བོད་ཀྱི་རིག་གཞུང་རྙིང་པ་ལ་ཤི་འཐམས་རོ་འཐམས་བྱེད་མཁན་ཤ་སྟག་ཏུ་གྱུར་ཡོད་པ་འདི་ཡང་། དགེ་རྒན་བཀའ་དྲིན་ཅན་ཁོང་གི་མཛད་སྤྱོད་དང་ལམ་སྟོན་གྱི་ཤུགས་རྐྱེན་ལ་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན་པ་སེམས་གཏིང་ནས་ཚོར་གྱི་འདུག དངོས་གཞི་གཉིས་པའི་འཛིན་གྲྭར་སློབ་སྦྱོང་བྱེད་པའི་སྐབས། དགེ་རྒན་བཀའ་དྲིན་ཅན་ཁོང་གིས་ང་ཚོར་དག་ཡིག་ངག་སྒྲོན་རྩ་འགྲེལ་དང་། བོད་མཁས་པའི་སྙན་ངག་དཎྜིའི་དགོངས་རྒྱན་གྱི་ཐོག་ནས་མེ་ལོང་ལུགས་ཀྱི་སྙན་ངག་ལེའུ་གཉིས་པ་དང་གསུམ་པ་ཆ་ཚང་ཞིབ་ཁྲིད་མཛད་མྱོང་། སྐབས་དེར་ཁོང་གིས་ཐུགས་ཁུར་ཆེན་པོ་བཞེས་ཏེ་ང་ཚོར་སྙན་ངག་ལེའུ་གཉིས་པ་དང་གསུམ་པ་ཆ་ཚང་ལ་རྒྱན་གཅིག་ཀྱང་མ་ལྷག་པར་དཔེར་བརྗོད་འཇོག་ཏུ་བཅུག་གནང་བར་མ་ཟད། ལོ་འཁོར་མོར་ང་ཚོའི་འཛིན་གྲྭར་སློབ་གཉེར་པ་བཅུ་གྲངས་ཤིག་ཡོད་པ་ཡོངས་རྫོགས་ཀྱི་དཔེར་བརྗོད་རེ་རེ་ལ་ཞིབ་འཇུག་གཏིང་ཕྱིན་པར་མཛད་དེ། རྒྱན་གྱི་མཚན་ཉིད་མ་ཚང་བ་དང་། བརྗོད་བྱ་འདེམས་སྟངས་མ་འགྲིག་པ། གྲོང་ཚིག་དང་ཕལ་སྐད་ཀྱི་རིགས་ཤུགས་ཆེ་བ། ཚིག་སྦྱོར་བཙན་སྒྲིག་ཅན་དང་ལྷུག་ལག་མ་འབྲེལ་བ། སྔ་ཕྱིའི་འབྲེལ་མཚམས་ཆད་པ་ལྟ་བུའི་རིགས། ཡིག་སྐྱོན་དང་བརྡ་སྐྱོན་གྱིས་མཚོན་པའི་དཔེར་བརྗོད་ཀྱི་སྐྱོན་གནད་རེ་རེ་བཞིན་འཛུབ་སྟོན་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ།
སྐབས་དེར་གུས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་བརྗོད་བྱ་བྱས་པའི་ཀུན་བཟང་འཁོར་ལོ་ཞིག་རྩོམ་རྒྱུགས་སུ་བྲིས་པར་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་ལན་མང་མཛད་མྱོང་ཞིང་། མདོར་ན། སྐབས་དེར་ང་ཚོའི་སྐོར་གྱི་སློབ་གཉེར་པ་ཡོངས་རྫོགས་དགེ་རྒན་བཀའ་དྲིན་ཅན་ཁོང་གི་བསླབ་སྟོན་དང་ཤུགས་རྐྱེན་ལ་བརྟེན་ནས་ཚད་གཞི་མཐོ་དམའ་ལ་མ་ལྟོས་པའི་མེ་ལོང་ལུགས་ཀྱི་སྙན་ངག་འབྲི་ཐུབ་མཁན་ཤ་སྟག་ཏུ་གྱུར་ཡོད་པ་ནི། སློབ་གཉེར་པ་སྒེར་སོ་སོའི་ཤེས་ཡོན་དང་རྩོམ་འབྲིའི་རིག་རྩལ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཙམ་དུ་མ་ཟད། ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་རྩོམ་གཞུང་རྙིང་པ་རྒྱུན་འཛིན་ཐུབ་ངེས་ཀྱི་སློབ་མ་མང་པོ་གསོ་སྐྱོང་མཛད་པའི་བཀའ་དྲིན་གཞལ་དུ་མེད་པ་ཞིག་ཏུ་སེམས་གཏིང་ནས་ཚོར་ཡོད།
ང་ལ་མཚོན་ན་སྙན་ངག་གི་སློབ་སྦྱོང་འདི་ནི་གཞུང་ལུགས་ཀྱི་ཐོག་ནས་མེ་ལོང་ལུགས་ཀྱི་སྙན་ངག་ཆ་ཚང་བ་ལ་སྦྱངས་པ་བྱས་པ་ཐོག་མ་དེ་ཡིན་ལ། མི་ཚེ་འདི་རྩོམ་འབྲི་བ་ཐེབས་ཆག་ཅིག་ཏུ་ཆགས་པའི་བསམ་བློ་དང་ཤེས་ཡོན་གྱི་གཞི་རྩ་ཡང་སྐབས་དེ་འདྲ་ཞིག་ནས་ཚུགས་པ་ཡིན་པས། ཁོ་བོའི་འཆད་ཁྲིད་དང་རྩོམ་འབྲིའི་བྱ་བས་མཚོན་པའི་རིག་གཞུང་དར་སྤེལ་གྱི་ལས་གཞི་ཆེ་ཆུང་ཀུན་གྱི་ནང་དུ་དགེ་རྒན་བཀའ་དྲིན་ཅན་ཁོང་གི་ཤེས་ཡོན་སློབ་གསོ་དང་བསམ་བློའི་ཤུགས་རྐྱེན་མ་ཐེབས་པ་གཅིག་ཀྱང་མེད་པས། ཁོ་བོས་རྒྱུན་དུ་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་ཆོས་དང་གཞུང་དར་སྤེལ་གྱི་བྱ་བར་འབད་བརྩོན་བྱས་དང་བྱེད་བཞིན་པ་འདི་དག་ནི། དགེ་རྒན་བཀའ་དྲིན་ཅན་ཁོང་གི་ཐུགས་དགྱེས་པ་དང་དགོངས་རྫོགས་ཀྱི་མཆོད་སྤྲིན་གཙོ་བོ་ཞིག་ཏུ་གྱུར་ཡོད་ངེས་པར་བསམས་ན། སྐྱོ་གདུང་སེལ་བའི་སེམས་གསོའི་སྨན་ཐུན་ཞིག་ཏུ་འགྱུར་གྱི་འདུག
དངོས་གཞིའི་འཛིན་གྲྭ་གསུམ་པ་སྟེ་ལོ་རིམ་མཐའ་མའི་སློབ་སྦྱོང་བྱེད་པའི་སྐབས། དགེ་རྒན་བཀའ་དྲིན་ཅན་ཁོང་གིས་ང་ཚོར་སྙན་ངག་དབྱངས་དགྱེས་གླུ་དང་། སྒྲ་མཚམས་སྦྱོར་ལྔ་པ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྨྲ་སྒོ་མཚོན་ཆ་སོགས་རིག་གནས་ཀྱི་སློབ་ཚན་མང་པོ་ཞིག་སློབ་ཁྲིད་གནང་མྱོང་། སྐབས་དེར་བོད་མཁས་པའི་སྙན་ངག་དང་དབྱངས་ཅན་དགྱེས་གླུས་མཚོན་པའི་སྙན་ངག་གི་གཞུང་རྙིང་པ་མང་པོའི་རྒྱན་སོ་སོའི་ཐད་ཀྱི་བཞེད་ཚུལ་མ་འདྲ་བའི་རིགས་རྩལ་འདོན་གྱིས་དོགས་སློང་དང་མཐའ་དཔྱོད་མཛད་ཅིང་། སྒྲ་དང་སྡེབ་སྦྱོར་སོགས་ཀྱི་ཤེས་ཡོན་གཞི་རྩ་བརྟན་པོ་ཞོགས་ཐབས་སུ་སྐྱོ་ངལ་མེད་པར་འབད་བརྩོན་ལྷོད་མེད་མཛད་པའི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཡིན།
ཕྱི་ལོ་ ༡༩༩༧ ལོར་སློབ་མཐའ་ཕྱིན་པའི་རྗེས་དགེ་རྒན་གྱི་ལས་འགན་འཁྱེར་བའི་ལོ་ཉི་ཤུ་མ་ཟིན་ཙམ་རིང་ལས་ཀའི་ངོ་བོའི་ཆ་ནས་དགེ་རྒན་བཀའ་དྲིན་ཅན་ཁོང་དང་རྒྱུན་དུ་འགྲོགས་འདྲིས་ཞུས་ཤིང་། དེ་བཞིན་དགེ་རྒན་གྱི་ལས་ཀའི་ཐོག་གྲྭ་ཚང་གི་རྩོམ་སྒྲིག་འགན་འཛིན་གྱི་ལས་འགན་འཁྱེར་བའི་སྐབས་དང་། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་པའི་ལས་འགན་འཁྱེར་བའི་སྐབས་བཅས་སྔ་ཕྱི་གང་གི་སྐབས་སུ་ཡིན་ཡང་། རྒྱུན་དུ་ཁོ་བོའི་ལས་དོན་ཆེ་ཕྲ་ཀུན་གྱི་ཐོག་ཁ་ཞེ་གཉིས་མེད་ཀྱིས་བསམ་བློའི་རྒྱབ་སྐྱོར་བརྟན་པོ་གནང་སྟེ་སེམས་ཤུགས་དང་བློ་སྟོབས་འཕེལ་བའི་གཞི་རྩར་འགྱུར་བ་ཤ་སྟག་མ་གཏོགས། སེམས་ཤུགས་ལ་གནོད་གཞིའི་རྣམ་འགྱུར་ཙམ་ཡང་བསྟན་མ་མྱོང་བ་ནི། གུས་པས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་གི་བྱ་བར་སྲི་ཞུ་གང་ནུས་ཞུ་བཞིན་པར་བརྩི་མཐོང་དང་། གཟིགས་པ་ཆེན་པོ་མཛད་པར་སེམས་གཏིང་ནས་ཚོར་བ་བྱུང་ལ། མཐར་གཏུགས་ན་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་མགོན་ཀིརྟི་ཚང་གི་བསྟན་པ་དང་མཛད་འཕྲིན་གྱི་དོན་དུ་རང་གི་སྐུ་ཚེ་ཧྲིལ་པོ་ཕངས་མེད་དུ་བཏང་བའི་རྣམ་ཐར་འདི། ང་ཚོ་འབྲེལ་ཡོད་གཞིས་བྱེས་ཀུན་གྱིས་མིག་ལྟོས་སུ་ཉར་དགོས་པའི་མཛད་པ་རྨད་དུ་བྱུང་བ་ཞིག་ཏུ་མཐོང་ཞིང་། ཁོང་གིས་གསོ་སྐྱོང་མཛད་པའི་སློབ་མ་མང་པོ་ཞིག་གིས་བོད་ཕྱི་ནང་ཀུན་ཏུ་ཤེས་ཡོན་ལས་རིགས་ཐོག་ནུས་ལྡན་གྱི་བྱ་བ་སྣ་ཚོགས་བརྩོན་དང་བརྩོན་བཞིན་པ་ནི། ཁོང་གིས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་པའི་གྲུབ་འབྲས་གཙོ་བོ་དེ་ཡིན་པ་གོར་མ་ཆག
མདོར་ན། དགེ་རྒན་བཀའ་དྲིན་ཅན་ཁོང་གིས་མཐའ་མའི་ཞལ་ཆེམས་ཀྱི་ཚུལ་དུ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ངན་སོང་ངན་འགྲོའི་གནས་སུ་མི་སྐྱེ་བ་དང་། དལ་འབྱོར་གྱི་མི་ལུས་ཐོབ་སྟེ་༸སྐྱབས་མགོན་ཀིརྟི་ཚང་གི་འཁོར་གྱི་ཐོག་མ་ཞིག་ཏུ་སྐྱེ་བར་ཁོང་རིན་པོ་ཆེར་སྐྱབས་འཇུག་ནན་ཏན་ཞུ་རོགས་ཞེས་པ་འདི་ཡིན་འདུག་པ་ལགས་ན། དེ་ལུགས་སྐྱབས་འཇུག་བརྩེ་གཟིགས་ཡོད་པར་ཞུ་ཞེས། ཁོང་གི་སློབ་བུའི་ཐ་ཤལ་རེ་མདོ་སེངྒེ་ནས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་ཉེ་འཁྲིས་ཀྱི་སུ་ཁེ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ ཚེས་ ༩ ཉིན་ཕྱི་དྲོ་ཤར་མར་བྲིས།