མཁས་གྲུབ།
࿐དལ་ལྷོད་ལྷོད་ཀྱི་ཟླ་བ་མཁའ་དབྱིངས་སུ་བགྲོད་རྗེས། སྟོང་ལྷང་ལྷང་གི་མུན་པའི་འཇིག་རྟེན་འདི་ནས། སྐྱོ་གདུང་གི་མིང་ཟུང་ཁྱེད་ཀྱི་ཕེབས་ཤུལ་ལ་ཕྱོགས་ཚེ། དྲན་སླ་བ་ནི། ཟླ་བ་ལས་དཀར་བའི་ཁྱེད་ཀྱི་ལྷག་བསམ་དང་། བསིལ་ཟེར་ལས་འཇམ་པའི་ཁྱེད་ཀྱི་བྱམས་སེམས་དེ་རེད།
སློབ་དཔོན་ལགས། ཁྱེད་ནི་འཇིགས་ཞུམ་བྲལ་བའི་དཔའ་བོ་ངོ་མ་ཞིག་ཡིན། གནའ་སྔ་མོ་ཞིག་ལ། འུ་ཚང་གི་ལས་དབང་བཙོག་དུས། སྟོབས་དང་མངའ་ཐང་གིས་གནམ་ས་བསྒུལ་ཞིང་། བཙན་དང་དཔའ་ངར་གྱིས་རི་མཚོན་བསྒྲེང་བའི་གཡུལ་ས་ལྟ་བུ་ཞིག་ཏུ་གྱུར་བའི་སྐབས། ཁྱེད་ཀྱིས་དཔའ་ངར་ལྡན་པའི་སྒོ་ནས། འཇིགས་ཞུམ་མེད་པར། ཁ་ཡག་ངོ་དགའ་ཡི་བསླུ་བྲིད་སྤངས་ཏེ། བསླབ་ཁྲིམས་གསེར་གྱི་ཐག་པ་དམ་དུ་བསྡོམས་ཀྱིན། གཞན་གྱི་མི་མཐོང་སར། གཞུང་ཆེན་པོའི་རྩ་བ་བློ་འཛིན་བྱས་པ་སོགས་ཀྱིས་མཚོན། དུས་རླུང་འཚུབས་མའི་ངར་ཁ་རུ་སྐྱེས་བུ་དམ་པའི་རང་རྟགས་བསྟན་ཏེ། རྒྱལ་བསྟན་འཛིན་པའི་ཁུར་པོ་ཆེ་བཞེས་པ་ནི་ཅི་འདྲིའི་དཔའ་ངར་ལྡན།
སློབ་དཔོན་ལགས། ཁྱེད་ནི་རང་ཁེ་ལས་གཞན་དོན་གཙོར་འཛིན་བྱེད་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན། བདེ་སྡུག་གི་སོ་ཁར་འགྲེང་བའི་ང་ཚོ་རྡོ་ཚན་སྟེང་གི་གྲོག་མ་ལྟར། ཡོད་ཚད་མཚན་སྙན་དང་དཔལ་འབྱོར་གྱི་རྗེས་སུ་སྙེག་པའི་དུས་སྐབས་ཤིག་ལ། རང་ཉིད་ཀྱི་འབད་བརྩོན་དང་སྡུག་རུས་ལས་རྙེད་པའི་འོད་སྟོང་ལྡན་པའི་མདུན་ལམ་རྒྱ་ཆེ་ཡང་། ཁྱེད་ཀྱིས་༧ སྐྱབས་མགོན་མཆོག་གི་བཀའ་གསུང་གཙིགས་སུ་བཟུང་སྟེ། རང་ལ་དྲིན་ཆེ་བའི་ནང་མི་དང་། བློ་དང་རིག་པའི་མགུལ་རྒྱན་བཅིངས་ཤིང་། ལེགས་ཉེས་སྩོལ་བའི་ཐབས་ལ་དཔའ་བའི་ཆོས་གྲོགས་ཚོའི་གྲལ་ནས། འཆད་རྩོད་རྩོམ་གསུམ་གྱི་སྐལ་བཟང་རིང་དུ་ཤོར་ཡང་། དད་དམ་གཡོ་བ་མེད་པ་ཞིག་གིས་སྣེ་དྲངས་ཤིང་། ལྷག་བསམ་དྭངས་མ་ཞིག་གི་སྐུ་རྗེས་འབྲང་སྟེ། བྲག་ཐེམ་ནས་འཕུར་བའི་ཐང་དཀར་རྒོད་པོ་བཞིན། རྫ་རི་དང་གངས་རི་བརྒྱུད། ཁ་བ་དང་བུ་ཡུག་གདོང་གིས་བསུས། ལྟོགས་སྐོམ་དང་གདུང་བ་རྒྱབ་ཏུ་ཁུར་ནས་རི་བོ་ཧི་མ་ལ་ཡི་རི་རྒྱུད་བརྒལ་ནས། གཞན་དོན་རྐྱང་རྐྱང་ཞིག་ལ། ཟུངས་ཁྲག་དྭངས་མ་ཞིག་གི་མཆོད་མེ་བསྒྲོན་པས། བདག་གཞན་མཉམ་བརྗེ་ཡི་རྒྱལ་སྲས་ཁྱེད་ཉིད་འདྲ་བ་ལས་གཞན་སུ་ཞིག་མཆིས།
སློབ་དཔོན་ལགས། ཁྱེད་ནི་ཁ་སེམས་དཀར་པའི་དགེ་རྒན་མཚན་ཉིད་ལྡན་པ་ཞིག་ཡིན། ཡོད་ཚད་མགོ་རྟིང་སློག་པའི་སྒྱུ་མའི་གྲོང་ཁྱེར་འདིར། གཡོ་སྒྱུ་ཁྲམ་གསུམ་གྱི་གོས་ལྭ་མིག་ཏུ་མཛེས་ཤིང་། ཁ་ཡག་ངོ་དགའ་ཡི་བསྟོད་གླུ་རྣ་བར་འཇེབས་ཀྱང་། ཁྱེད་ཀྱིས་ཕྲག་སྟེང་གི་འགན་འཁྲི་གཙིགས་སུ་བཟུང་ཞིང་། ༧ མགོན་པོ་གང་གི་ཐུགས་དགོངས་བཞིན། ཐུགས་སེམས་དཀར་ལ་གཡོ་སྒྱུ་མེད་པ། ཁ་ཁོག་མཐུན་ལ་ལྕེ་གཉིས་སྤངས་བའི་སྒོ་ནས། ལྷག་བསམ་ཟོལ་མེད་ཀྱིས་གུས་ཅག་སློབ་བུ་ཚོའི་རྨོངས་རྟུལ་གྱི་དྲི་བསུངས་འདག་ཕྱིར་དང་། སྔོན་ཐོན་གྱི་འོད་སྣང་བཀྲ་ཕྱིར། ཤེས་རིག་གི་འདབ་བརྒྱ་གྲོལ་ཕྱིར། གནས་ལྔ་རིག་པའི་ཤེས་བྱ་ཇི་སྙེད་ཅིག་གང་ལ་གང་འདོད་ཀྱིས་སྐོམ་པ་ཆུ་འདོད་བཞིན་བསྩལ་བར་མ་ཟད། འདི་མིན་དེ་ལེགས་དང་དེ་མཁོ་འདི་དགོས་ཀྱི་བྱམས་བརྩེ་ཡི་བསླབ་སྟོན་རེ་རེའི་བསུང་ཞིམ་དང་། ལྷག་བསམ་གྱི་ཟས་མཆོག་རེ་རེའི་རོ་བརྒྱ་ནི་སློབ་བུ་ངའི་དབང་ལྔའི་ཡུལ་དུ་ད་དུང་འཐུལ་གྱིན་འདུག
སློབ་དཔོན་ལགས། ཁྱེད་ཉིད་བཞུད་པ་སྔ་སོང་། འདི་འདྲའི་དུས་ཡུན་ཐུང་ཐུང་ཞིག་གི་རིང་། འགྲོ་ཁར་དངོས་མཇལ་ཙམ་ཡང་མ་ཐུབ་པར་སྟོན་མཇུག་གི་སྡོང་ལོ་བཞིན། ལས་དབང་གི་རླུང་བུས་དབང་མེད་སོ་སོར་གཏོར་སོང་བས། གདུང་སེམས་ཆེ་བའི་ང་ཚོ་སློབ་བུ་རྣམས་ཀྱི་སེམས་ཁོང་ནི་ཁ་ཆར་བུ་ཡུག་འཚུབ་པའི་དགུན་ཟླ་ལྟར། ཡོད་ཚད་འཁྱག་དར་གྱིས་བཟུང་ཟིན་ཡང་། ད་ནི་བསྔགས་བརྗོད་ཀྱི་མགུར་དབྱངས་སྙན་མོས་རྗེས་དྲན་དང་། གསོལ་འདེབས་དང་སྨོན་ལམ་དྲག་པོས་གདུང་འབོད་བྱེད་པ་ལས་ཐབས་གཞན་ཅི།
སློབ་དཔོན་ལགས། ཁྱེད་ཉིད་ཕྱིར་ང་ཚོའི་མགོན་དུ་མགྱོགས་པོར་ཕེབས་རོགས། སྐུ་ཉིད་ཀྱི་རེ་གསོལ་དང་། ༧ སྐྱབས་མགོན་མཆོག་གིས་ཐུགས་སྨོན་གནང་བ་བཞིན། གནས་འདི་ནི། ཁྱེད་ཀྱིས་ཤེས་རིག་གི་སྒྲོན་མེ་སྦར་བའི་ཞིང་ཁམས་ཡིན་ལ། ཁྱེད་དང་ཁྱེད་ཀྱི་ལྷག་བསམ་ལ་དུང་བའི་སློབ་བུ་ཧ་ཅང་མང་པོས་རེ་སྒུག་གི་མིག་ཟུང་ཅེར་ནས་ཡོད་པས། སློབ་དཔོན་ལགས། མགྱོགས་པོར་ཕྱིར་ཕེབས་རོགས།
༢༠༢༡/༥/ ༡༠ ཉིན་སློབ་དཔོན་ཆེན་པོ་དགེན་ཨ་མཁར་པ་བློ་བཟང་རྒྱ་མཚོ་མཆོག་གློ་བུར་དུ་སྐུ་གཤེགས་པར་གང་ཉིད་ཀྱི་སློབ་བུའི་གྲལ་མཐའ་བ། མཁས་གྲུབ་ཏུ་འབོད་པས་བཀའ་དྲིན་རྗེས་སུ་དྲན་བཞིན་བྲིས།།