འབྲིང་བ་འཇིགས་མེད་ཀྱིས།
༄༅།། དེ་རིང་ནས་ཡར་བརྩིས་པའི་མི་ལོ་བདུན་ཅུ་ཐམ་པའི་གོང་སྟེ་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་བོད་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པ་ནས་བཟུང་བོད་འདི་རྒྱ་འོག་ཏུ་ཚུད་དེ་བོད་ཀྱི་སྣོད་བཅུད་གཉིས་ཀར་གོད་ཆག་བསམ་ཡུལ་ལས་འདས་པ་བྱུང་བས་ཉིན་མོ་དེ་ནི་བོད་མི་ཚོས་མུན་ནག་གི་ཉིན་མོ་ཞིག་ལ་བརྩི་བཞིན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནི་རྒྱ་ནག་གི་འཇིགས་སྐུལ་བཙན་ཤེད་འོག་བཞག་པ་ཞིག་ཡིན་པས་ཁྲིམས་མཐུན་གྱི་ནུས་པ་ནི་དང་པོ་ནས་མེད་ལ། ལྷག་པར་རྒྱ་ཕྱོགས་རང་ནས་དེ་ལ་རྩ་འགལ་མང་པོ་བྱས་པ་དང་། བོད་ཕྱོགས་ནས་ ༡༩༥༩ ལོར་གྲོས་མཐུན་དེར་ངོས་ལེན་མེད་པའི་གསལ་བསྒྲགས་སྔ་ཕྱིར་གནང་ཟིན་པས་གྲོས་མཐུན་དེ་ཁྲིམས་ལུགས་ཀྱི་མདུན་སར་སྔ་ས་ནས་ནུས་མེད་དང་རྩིས་མེད་དུ་གྱུར་ཟིན། དེར་བརྟེན། “བོད་འདི་རྒྱ་མིའི་དྲག་པོའི་བཙན་བཟུང་འོག་གནས་མུས་ལ་སོང་གནས་སྐབས་རིང་བོད་མི་ཚོའི་རང་དབང་གི་གོ་སྐབས་ཤོར་ཡོད་ན་ཡང་། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བྱས་ན་བོད་དེ་ཁྲིམས་འགལ་གྱི་བཙན་བཟུང་འོག་གནས་ཡོད་སྟབས། ད་ལྟ་ཡང་རྒྱལ་ཁབ་རང་བཙན་གྱི་ངོ་བོ་མ་བརླགས་པར་རང་སོར་གནས་ཡོད།”(༸གོང་ས་མཆོག་གི་ཞི་བའི་གྲོས་འཆར་དོན་ལྔ་ལས།)
འདིར་གླེང་འདོད་པ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་རང་གི་སྐོར་མིན་པར་དེ་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་སྟེ། ད་ལྟ་རྒྱ་བོད་གཉིས་ཕན་དབུ་མའི་ལམ་གྱི་སྒོ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བརྩོན་ལེན་གནང་བཞིན་པ་འདི་ཉིད་གྲོས་མཐུན་དོན་ཚན་བཅུ་བདུན་ནང་གི་དོན་ཚན་གསུམ་པ་མི་རིགས་ས་ཁོངས་རང་སྐྱོང་གི་སྐོར་དེ་ཀ་རང་གྲོས་མཐུན་གྱི་ངོ་བོར་རྒྱུན་སྐྱོང་གནང་བ་ཞིག་མིན་ནའང་། གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་པའི་སྐབས་དེ་ནས་བཟུང་ད་བར་དུ་(༡༩༥༩ ནས་ ༡༩༧༣ ཙམ་གྱི་བར་བོད་རང་བཙན་བསྐྱར་གསོའི་སྲིད་བྱུས་བཟུང་བ་དེ་མ་གཏོགས།)ཧ་ལམ་རྒྱུན་མ་ཆད་པར་བརྩོན་ལེན་གནང་དང་གནང་བཞིན་པ་འདི་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་བོད་ཀྱི་གནས་བབས་ལ་འགྱུར་ལྡོག་ཆེན་པོ་སོང་བ་དེ་དང་འབྲེལ་བ་ཆགས་ཡོད།
གཅིག
རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་མང་པོ་ཕྱིན་ཡོད་པས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་ལའང་འགྱུར་བ་ཕྱིན་ཡོད་པ་དང་། བོད་ཕྱོགས་ནས་ཀྱང་རང་སྐྱོང་གི་གོ་དོན་ལ་འགྱུར་བ་སྔ་རྗེས་སོང་ཡོད་ནའང་། སྤྱིའི་ཆ་ནས་བོད་རིགས་མི་མང་ལ་རང་ཁྱིམ་རང་བདག་དང་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་དང་། ལྷག་པར་བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་པ་ཞིག་དགོས་རྒྱུ་འདི་ནམ་ཡང་འགྱུར་བ་མེད་པའི་རྩ་དོན་དུ་བཟུང་སྟེ་བོད་གཞིས་བྱེས་གཉིས་ཀ་ནས་འདས་པའི་ལོ་བདུན་ཅུའི་རིང་འབད་བརྩོན་གནང་དང་གནང་བཞིན་པ་འདི་བོད་ཀྱི་ལོ་རྒྱུས་ནང་གི་གལ་ཆེའི་ལེའུ་ཞིག་ཏུ་འགྱུར་རྒྱུར་བརྟེན་ཀུན་གྱིས་ཤེས་དགོས་པ་གལ་ཆེ་ནའང་། འདི་སྐོར་ཆ་རྒྱུས་དེ་ཙམ་མེད་མཁན་ཡང་ཡོད་པས་དེ་རིགས་ལ་ངོ་སྤྲོད་ཙམ་ཞུ་ཆེད་གནས་ཚུལ་གཙོ་གལ་ཆེ་བ་ཁག་ཅིག་འབྲེལ་ཡོད་ཡིག་ཆ་ཁག་གི་ནང་ཇི་ལྟར་འཁོད་པ་ཇི་བཞིན་འདིར་དྲངས་ན།
༡༽ ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ པའི་ནང་པེ་ཅིན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གི་སྲིད་བློན་ལ་དེའི་སྐོར་ཞུས་ཡོད་ཚུལ་སྐབས་དེའི་སྐད་སྒྱུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་ལོ་རྒྱུས་<<མི་ཚེའི་བྱུང་བ་བརྗོད་པ་>>ལས། “བོད་ཞི་བའི་བཅིངས་འགྲོལ་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་མ་བཀོད་ཙམ་ལ་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཀྱི་མཚན་ཐོག་ནས་སྲིད་བློན་ཀྲའོ་ཨེན་ལེན་ལ་སླད་མདོ་སྟོད་སྨད་ཡོངས་སུ་གནས་པའི་བོད་རིགས་ཡོད་དོ་ཅོག་རྣམས་བོད་ས་གནས་གཞུང་གི་ཁོངས་གཏོགས་སུ་ཟླ་སྒྲིལ་ཡོང་ཐབས་ཀྱི་རེ་འདུན་ཚིག་ཐོ་ཞིག་ཕུལ་ཡོད་པར། གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་རྗེས་ཀྲའུཨེན་ལེ་ཡིས་ད་ལྟའི་དུས་སྐབས་འདིར་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་རེད། བོད་རིགས་ས་ཁུལ་གཞན་རྣམས་བཅིངས་འགྲོལ་དེའི་སྔོན་ནས་ཐོབ་ཟིན་ཡོད་པར་བརྟེན་དེ་རྣམས་ཀྱི་གསར་བརྗེའི་གོ་རྟོགས་ཡར་ཐོན་བྱུང་ཡོད་པར་མ་ཟད། དེ་སྔོན་བོད་རིགས་ས་ཁུལ་སོ་སོའི་དབར་ལོ་རྒྱུས་ཐོག་ནས་ཕན་ཚུན་མ་མཐུན་པའི་རྩོད་རྙོག་འཕྲོ་ལུས་ཡོད་སྟབས་ད་ལྟའི་དུས་སྐབས་འདིར་ལམ་སེང་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་སྲིད་འཛིན་གཅིག་གི་འོག་ལ་ཟླ་སྒྲིལ་བྱ་རྒྱུ་འོས་འཚམ་གྱི་དུས་སུ་སླེབས་མེད། ལོ་ཤས་རྗེས་བོད་རིགས་ས་ཁུལ་རྣམས་ཕན་ཚུན་གྲོས་མོལ་ཐོག་ནས་གཅིག་གྱུར་བྱ་རྒྱུ་ལག་ལེན་བསྟར་ཆོག་གི་རེད་ཅེས་ངག་ཐོག་ནས་ལན་སྤྲད།”ཅེས་འབྱུང་།
༢༽ ཕྱི་ལོ་ ༡༩༥༡ ཟླ་ ༡༠ ཚེས་ ༡༡ ཉིན་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱི་གྲོས་ཆོད་ལྟར་བཀའ་ཤག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མོས་མཐུན་གནང་རྒྱུའི་ཆ་རྐྱེན་ལྟ་བུར་རྒྱ་ཕྱོགས་ལ་དོན་གནད་གསུམ་བཏོན་པའི་གསུམ་པའང་དེའི་སྐོར་ཡིན་པ་དང་། དེ་ལ་རྒྱ་ཕྱོགས་ནས་ལན་འདེབས་ཅི་བྱས་སྐོར་བཅས་<<བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་བའི་དངོས་དོན་བཀོད་པ་>>ཞེས་པའི་ནང་ཇི་གསལ་བཞིན་<<བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་>>ཅེས་པའི་དེབ་ནང་དྲངས་འདུག་པར། “གསུམ་པ། བོད་ས་ཡོངས་རྫོགས་གཅིག་འགྱུར་ཡོང་ཐབས་ཀྱི་གནད་དོན། ཆབ་མདོ་ས་ཁུལ་ཐེ་བའི་བོད་ས་གནས་སྲིད་གཞུང་ཁོངས་སུ་སྒྲིལ་རྒྱུའི་གནད་དོན་བཅས།” ཞེས་དང་། དེ་ལ་སྐབས་དེའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཀྲང་ཅིང་ཨུ་ཡིས་ལན་བཏབ་དོན། “བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་བའི་གནད་དོན་ཐད། སི་ཁྲོན་དང་། ཀན་སུའུ། ཡུན་ནན། ཁམས། མཚོ་སྔོན་བཅས་ཞིང་ཆེན་ཁག་གི་བོད་རིགས་རྣམས་ནས་འདེམས་ཤོག་འཕེན་ཏེ་ཐག་གཅོད་བྱ་རྒྱུ་དང་། ཁོང་ཚོས་ཁས་ལེན་མོས་མཐུན་བྱས་ཚེ་དེ་ལྟར་འཐུས་རྒྱུ། འོན་ཀྱང་(བོད་ལྗོངས་)ད་ལྟ་བཅིངས་བཀྲོལ་ཐོབ་ཟིན་ཙམ་ཡིན་སྟབས། ཚང་མ་ལག་བསྟར་བྱེད་རྒྱུར་ལྷག་བསྡད་ཡོད་པར་མ་ཟད་བོད་པའི་ས་ཁུལ་གཞན་ཁག་བཅིངས་བཀྲོལ་ཐོབ་སྔ་བ་དང་། ལས་དོན་འཕེལ་རྒྱས་འགྲོ་མགྱོགས་པ་བཅས་ཡོད་པས། ད་ལྟ་གཅིག་འགྱུར་གྱི་གླེང་སློང་བྱ་རྒྱུ་བསྡད་མེད། ཆབ་མདོ་ས་ཁུལ་ཐད་ཀྲུང་དབྱང་ནས་ཆོག་མཆན་ཐོབ་པ་ལྟར་བོད་ལྗོངས་ཀྱི་ཁོངས་སུ་སྒྲིལ་ཆོག་རྒྱུ། དེར་ཚོད་དཔག་བྱས་ན་ཡང་དཀའ་ངལ་ཡོང་མི་སྲིད།” ཅེས་ལན་བཏབ་ཡོད།
༣༽ ཕྱི་ལོ་ ༡༩༥༢ ལོར་ཆབ་མདོའི་འཐུས་ཚབ་ཚོགས་པས་རྒྱ་ནག་དབུས་གཞུང་ལ་དེའི་སྐོར་ཞུས་ཡོད་ཚུལ་དང་དེར་རྒྱ་གཞུང་གིས་མོས་མཐུན་བྱས་ཡོད་ཚུལ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་<<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>(གཤམ་དུ་མི་རིགས་སྐོར་གྱི་ཕྱིར་རྟོག་ཅེས་འབྲི་རྒྱུ།)ལས། “རྒྱལ་ཁབ་གསར་དུ་བཙུགས་མ་ཐག་པའི་ ༡༩༥༢ ལོར། སྡེ་དགེ་སྐལ་བཟང་དབང་འདུས་ཀྱིས་གཙོས་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པ་པེ་ཅིན་སོགས་སུ་ཡོང་ནས་ལྟ་སྐོར་བྱེད་དུས། ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཝེ་ཧན་བརྒྱུད་ནས་ཀྲུང་དབྱང་ལ་གྲོས་འགོ་བཏོན་མྱོང་ཞིང་། ཀྲུང་དབྱང་གིས་བོད་ཁུལ་ཧྲིལ་པོ་གཅིག་གྱུར་ཡིན་པའི་བོད་རིགས་རང་སྐྱོང་ལྗོངས་ཤིག་འཛུགས་རྒྱུའི་གནད་དོན་ལ་བསམ་བློ་གཏོང་རྒྱུའི་རེ་བ་བཏོན། ཤེས་གསལ་བྱུང་བ་ལྟར་ན། ལི་ཝེ་ཧན་དང་སྐབས་དེའི་ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུ་ཡི་ཧྲུའུ་ཅི་ཏེང་ཞའོ་ཕིང་གཉིས་ཀྱིས་བསམ་འཆར་བརྗེ་རེས་བྱས་རྗེས། ཀྲུང་དབྱང་མོས་མཐུན་བྱུང་བ་བརྒྱུད་ཀྲུང་དབྱང་གི་མིང་ཐོག་ནས་ཆབ་མདོ་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་གསལ་འགྲེལ་གྱིས་ལན་བཏབ་པ་གཤམ་གསལ། རྒྱལ་ཡོངས་ཀྱི་བོད་རིགས་མཐུན་སྒྲིལ་གཅིག་གྱུར་བྱེད་པའི་རེ་འདུན་ནི་ཡག་པོ་རེད། དེ་ནི་ཀྲུང་དབྱང་གི་བྱེད་ཕྱོགས་ཀྱང་ཡིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ས་གནས་ཀྱི་སྲིད་གཞུང་གིས་བྱེད་ཕྱོགས་དེ་གཞིར་བཟུང་ནས་ས་ཁུལ་ཁག་གི་བོད་རིགས་ནང་ཁུལ་གྱི་འགལ་བ་འདུམ་སྒྲིག་དང་། ཁོ་ཚོ་མཐུན་སྒྲིལ་ཡོང་བར་རོགས་རམ་བྱེད་བཞིན་ཡོད་་་་་་་་།” ཅེས་འབྱུང་།
༤༽ ཕྱི་ལོ་ ༡༩༥༦ ལོར་རྒྱ་ནག་གི་སྲིད་བློན་གཞོན་པ་ཁྲིན་དབྱི་ནས་དེའི་སྐོར་གྲོས་འགོ་བཏོན་པར་མ་ཟད་དེའི་ཆེད་དུ་གྲ་སྒྲིག་ཚོགས་ཆུང་ཡང་བཙུགས་ཡོད་པའི་སྐོར་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་<<སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཞུ་འཕྲིན་དང་པོ།>>དང་། <<བློ་མཐུན་བཀྲ་ཤིས་དབང་ཕྱུག་ལ་རྗེས་དྲན་ཞུ་བ།>>གཉིས་སུ། “སྤྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་སྐབས། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དམག་སྤྱི་ཆེན་མོ་ཁྲེན་དབྱི་ནས། ལྷ་སའི་ཏང་གི་མཐོ་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག ཀྲུང་དབྱང་ལ་གྲོས་འཆར་བཏོན་ནས། ལྷ་ས་གྲོང་ཁྱེར་ལྟེ་བར་བྱས་ཏེ། སོ་སོར་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ཁྱིམ་མཚེས་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཤར་རྒྱུད་བོད་ཁུལ་ཁག་དང་བོད་རང་སྐྱོང་ལྗོངས་མཉམ་འབྲེལ་བྱས་ནས་གཅིག་གྱུར་གྱི་རང་སྐྱོང་ལྗོངས་ཤིག་འཛུགས་རྒྱུའི་སྙན་སེང་ཞུས་ཆོག་ཅིང་། དེས་བོད་རིགས་ཡོངས་ཀྱི་ཡར་ཐོན་དང་། གོང་འཕེལ། བོད་རྒྱའི་མཛའ་གྲོགས་མཐུན་སྒྲིལ། རྒྱལ་ཁབ་ཧྲིལ་པོའི་གཅིག་གྱུར་དང་སྲ་བརྟན་བཅས་ཡོང་བ་ཚང་མར་ཕན་ཐོགས་འབྱུང་གི་རེད་ཅེས་གླེང་མྱོང་། དམག་སྤྱི་ཆེན་མོ་ཁྲེན་དབྱིའི་བོད་རྒྱ་འབྲེལ་བའི་ཐད་ཀྱི་གཟིགས་རྒྱང་རིང་བའི་འཐབ་ཇུས་དགོངས་པ་གལ་ཆེན་དེས་མི་རྣམས་ལ་བག་ཆགས་གཏིང་ཟབ་བཞག་ཡོད།”ཅེས་དང་། “དམག་སྤྱི་ཆེན་མོ་ཁྲེན་དབྱིའི་གོང་གསལ་གྱི་བོད་རིགས་རང་སྐྱོང་ལྗོངས་ཆེན་པོའི་སྐོར་གྱི་གསུང་བཤད་དགོངས་དོན་གཞིར་བཟུང་ནས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་བློ་མཐུན་ཐེན་པའོ་ཡིས་གཙོ་བོ་གནང་བའི་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ལྗོངས་དང་ཞིང་ཆེན་ཁག་ལྔའི་ལས་དོན་མཐུན་འགྲིག་ཚོགས་པ་ཞིག་བཙུགས་པ་དང་། སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་ཀྲང་ཁྲེང་ཝུའུ་ལ་དྲུང་ཡིག་ཆེན་མོའི་ལས་འགན་གནང་བ་རེད། ཡིན་ནའང་རྗེས་སུ་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཆབ་སྲིད་གནས་བབ་གཡོན་ཐལ་ཆེ་བའི་ཕྱོགས་སུ་ལྷུང་བར་མ་ཟད། ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པའི་སྟབས་ཀྱིས་གནད་དོན་འདི་ཡང་རང་ཡལ་དུ་ཕྱིན་པ་རེད།” ཅེས་འབྱུང་།
༥༽ ཕྱི་ལོ་ ༡༩༦༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱ་ནག་གཞུང་ལ་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་>>ཕུལ་ཏེ་བོད་མིའི་བདེ་སྡུག་གསུང་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་ཀྱི་གནས་ཚུལ་གཅིག་མཚུངས་ཀྱིས་གསུངས་པར་མ་ཟད། བོད་ཁུལ་ཡོངས་ཀྱི་བོད་མི་རྣམས་མི་རིགས་གཅིག་ཡིན་པ་དང་ཕན་ཚུན་བདེ་སྡུག་འབྲེལ་བ་ཤུགས་ཆེ་ཡོད་ཚུལ་སོགས་བོད་རིགས་གཅིག་གྱུར་སྐོར་གསུངས་ཡོད་དེ། ཁོང་གི་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་>>ལས། “མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་། བོད་རིགས་འདུས་སྡོད་ཀྱི་ས་ཁུལ་བོད་ལྗོངས་ལས་གཞན་ད་དུང་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། ཡུན་ནན་སོགས་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་ས་ཁུལ་འགའ་ཤས་དང་བོད་རིགས་མི་ཉུང་བ་ཞིག་ཡོད། ང་ཚོ་ཚང་མ་མི་རིགས་གཅིག་དང་ཆོས་ལུགས་གཅིག་ཡིན་པས་ཕན་ཚུན་ཚང་མ་མཐུན་པོ་ཡོད་པ་མ་ཟད། ཕན་ཚུན་དབར་གྱི་སྐྱིད་སྡུག་ལ་ཤིན་ཏུ་སེམས་ཁུར་བྱེད་ཀྱི་ཡོད།” ཅེས་དང་། “ང་ཚོའི་བོད་རིགས་ཀྱི་ས་ཁུལ་སོ་སོའི་ལས་དོན་གྱི་བཟང་ངན་ལས། ཕན་ཚུན་དབར་ཐད་ཀར་གཏིང་ཟབ་པ་དང་གཡོ་འགུལ་གྱི་ནུས་པ་ཡོད་པའི་ཤུགས་རྐྱེན་བཟང་ངན་འབྱུང་སྲིད།” ཅེས་སོགས་གསུངས།
༦༽ ཕྱི་ལོ་ ༡༩༧༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བརྩོན་ལེན་གནང་རྒྱུ་ཐུགས་གཏན་ཁེལ་བ་བྱུང་ཚུལ་རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་བཏོན་པའི་<<དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།>> ལས། “ཕྱི་ལོ་ ༡༩༥༩ ལོར་བོད་གཞུང་མང་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་གྱེན་ལངས་དང་། ༸གོང་ས་མཆོག་གིས་དབུས་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ལོ་ཤས་རིང་རང་བཙན་བསྐྱར་གསོའི་ཐབས་བྱུས་གནང་རུང་། རིམ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་མ་བཟུང་ཐབས་མེད་གྱུར་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་སོགས་མང་གཙོའི་སྒྲིག་འཛུགས་ཀྱི་གྲོས་ལ་དབང་བ་རྣམས་དང་དགོངས་དཔྱད་བཀའ་བསྡུར་རིམ་གནང་རྗེས། ཕྱི་ལོ་ ༡༩༧༤ ལོར་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བ་དེ་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར།” ཞེས་འབྱུང་།
༧༽ ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་ཀྱི་བོད་རིགས་ལས་བྱེད་ཁག་ཅིག་ནས་རྒྱ་ནག་དབུས་གཞུང་ལ་དེའི་སྐོར་སྙན་ཞུ་ཕུལ་ཚུལ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་<<མི་རིགས་སྐོར་གྱི་ཕྱིར་རྟོག>> དང་། <<སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཞུ་འཕྲིན་དང་པོ་>>དང་། ཁོང་གི་ལོ་རྒྱུས་<<བོད་མི་གསར་བརྗེ་བ་ཞིག>> ཅེས་པ་རྣམས་སུ། “༡༩༨༠ ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་ལས་བྱེད་པ་འགས་རང་མིང་མཉམ་འགོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འཕྲིན་ཡིག་བཏང་ནས། (བོད་ས་ཡོངས་རྫོགས་)གཅིག་གྱུར་ཡིན་པའི་བོད་རིགས་རང་སྐྱོང་ལྗོངས་ཤིག་འཛུགས་རྒྱུའི་བླང་བྱ་བཏོན་པ་དང་འབྲེལ། དེའི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་ནན་གྱིས་བཤད། འཕྲིན་ཡིག་ཏུ་གལ་ཏེ་དེ་མི་ཆོག་ཚེ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རུ་བོད་ཁུལ་གཞན་དག་(བོད་རིགས་རང་སྐྱོང་ཁུལ་བཅུ་དང་རང་སྐྱོང་རྫོང་གཉིས་བཅས་)ཡོངས་འདུས་པའི་བོད་ཤར་རྒྱུད་རང་སྐྱོང་ལྗོངས་ཤིག་འཛུགས་རྒྱུའི་བླང་བྱ་བཏོན། ཁོ་ཚོས་བསམ་འཆར་ཡི་གེ་ཐད་ཀར་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་(འཐབ་ཕྱོགས་གཅིག་གྱུར་ཁང་)ལ་བསྐྱལ་བ་དང་། དུས་མཚུངས་སུ་ཏག་ཏག་སྐབས་དེར་ཀན་ལྷོར་གཟིགས་ཞིབ་གནང་བཞིན་པའི་པཎ་ཆེན་རིན་པོ་ཆེ་དང་ཁོ་བོ་(འབའ་པ་ཕུན་དབང་)གཉིས་ལའང་སྤྲད་དེ། ང་ཚོས་བཀླགས་རྗེས་ཀྲུང་དབྱང་གི་འགོ་ཁྲིད་ལ་སྤྲོད་རྒྱུའི་རེ་བ་ཞུས།”ཞེས་འབྱུང་།
༨༽ ཕྱི་ལོ་ ༡༩༨༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་ལྗོངས་འཛུགས་རྒྱུ་ནི་ལུགས་མཐུན་ཁྲིམས་མཐུན་ཡིན་ཚུལ་བཀའ་གསལ་པོར་གནང་ཡོད་ཚུལ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་<<སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཞུ་འཕྲིན་དང་པོ།>> ལས། “པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ལྗོངས་སོགས་བོད་ཁུལ་དུ་རོགས་སྐྱོབ་བྱེད་པའི་ཐེབས་རྩ་ལྷན་ཚོགས་འཛུགས་སྐབས། གཅིག་གྱུར་གྱི་བོད་རིགས་རང་སྐྱོང་ལྗོངས་འཛུགས་རྒྱུའི་རེ་འདུན་ནི་ཚུལ་ལུགས་དང་མཐུན་པ་དང་། ཁྲིམས་དང་མཐུན་པ་ཞིག་ཡིན་ལ། རྒྱ་ཆེའི་བོད་མི་དམངས་ཀྱི་བསམ་འདུན་དང་མཐུན་པ་ཞིག་རེད། དེ་ནི་ཆ་རྐྱེན་འཛོམས་མིན་གྱི་གནད་དོན་ཞིག་ཡིན་པ་ལས་ཕྱིར་བཤོལ་བྱེད་པ་དང་ལོག་སྤྱོད་ཟེར་བའི་གནད་དོན་གང་ཡང་མ་རེད་ཅེས་གསུངས་སོང་། དོན་དེར་བོད་རིགས་ཀྱི་འཐུས་ཚབ་མི་སྣ་མང་པོས་ཡི་རང་ཞུས་ཡོད་ལ། ང་རང་(འབའ་པ་ཕུན་དབང་)སྒེར་ནས་ཀྱང་རྦད་དེ་ཡི་རང་ཞུ་མྱོང་ཡོད།” ཅེས་འབྱུང་།
༩༽ ཕྱི་ལོ་ ༡༩༨༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་ལུགས་ཅན་གྱི་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་འཛུགས་རྒྱུའི་དགོངས་འཆར་ཡོངས་གྲགས་བཏོན་གནང་མཛད་པ་ནི། <<སི་ཏྲས་སི་སྦག་གི་གསུང་བཤད།>> ལས། “བོད་ཆོལ་ཁ་གསུམ་(དབུས་གཙང་། ཁམས། ཨ་མདོ།)ཡོངས་རྫོགས་སྤྱིའི་བདེ་རྩ་དང་། མི་དམངས་དང་དེའི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་གཙོ་བཟུང་གིས་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་དམངས་གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྒྱུར་རྒྱུ། དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་བྱ་རྒྱུ་ཡིན།” ཞེས་གསུངས་ཤིང་། འོན་ཀྱང་དེ་ལ་རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་བས་གྲོས་འཆར་དེ་རྩིས་མེད་དུ་གྱུར་ཚུལ་ ༡༩༩༢ ལོར་གསལ་བསྒྲགས་མཛད།
༡༠༽ ཕྱི་ལོ་ ༡༩༩༠ ལོར་རྒྱ་གཞུང་གི་དཔོན་རིགས་མཐོ་གྲས་བོད་མི་སངས་རྒྱས་ཡེ་ཤེས་སམ་ཐེན་པའོ་ཡིས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་དེ་སྐོར་ཞུས་ཡོད་ཚུལ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་<<མི་རིགས་སྐོར་གྱི་ཕྱིར་རྟོག>> ལས། “སངས་རྒྱས་ཡེ་ཤེས་(ཐེན་པའོ་)ཀྱིས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཅང་ལགས་ལ། བོད་རིགས་ནི་གནའ་བོའི་དུས་ནས་བོད་ལྗོངས་རང་ས་དང་། ནུབ་ཁམས། ཨ་མདོ་(མཚོ་སྔོན་)བཅས་ཁག་གསུམ་གྱིས་གྲུབ་པ་ཡིན། བོད་རིགས་ཀྱི་གནད་དོན་ལ་གཅིག་གྱུར་དུ་བལྟ་དགོས་པ་ལས་སོ་སོར་ཕྲལ་ནས་བལྟ་མི་རུང་། སོ་སོར་ཕྲལ་ནས་བལྟས་ཚེ་གནད་དོན་འབྱུང་བ་ཡིན་ཞེས་བརྗོད་པ་ཡིན་ཟེར།” ཞེས་འབྱུང་།
༡༡༽ ཕྱི་ལོ་ ༡༩༩༧ ལོར་བོད་མི་གཞིས་བྱེས་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་ ༦༤ བརྒལ་བས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐག་གཅོད་གང་གནང་ལ་བརྩི་རྒྱུ་ཡིན་ཚུལ་ཞུས་པ་ལྟར་༸གོང་ས་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་གསལ་བསྒྲགས་གནང་བ་དང་། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་སྐབས་གཞིས་བྱེས་བོད་མིའི་བསམ་ཚུལ་བརྒྱ་ཆ་ ༨༠ བརྒལ་བའི་ཚད་མཐོའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས་པ་དང་། ༢༠༡༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟེ། མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གསར་ཤོས་སུ་གྱུར་པ་སོགས་ཀྱི་སྐོར་<<དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།>>སོགས་སུ་གསལ་བ་ལྟར་རོ།།
༡༢༽ ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་གཞུང་ནས་<<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་>>ཞེས་པ་དང་། <<དེའི་འགྲེལ་བརྗོད་>>ཅེས་པའི་ཡིག་ཆ་གཉིས་སྔ་ཕྱིར་རྒྱ་ནག་གཞུང་ལ་སྤྲད་ཡོད་པའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་སམ་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་པའི་རང་སྲིད་རང་སྐྱོང་གི་གནས་བབས་སྐོར་འགྲེལ་བརྗོད་ཞིབ་ཕྲ་འཁོད་ཡོད།
༡༣༽ བོད་མི་གསར་བརྗེ་བ་རྒན་གྲས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་རྒྱ་ནག་གི་སྐབས་དེའི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ལ་བོད་དོན་སྐོར་ཞུ་འཕྲིན་ཕུལ་བའི་རྗེས་ཙམ་ལ་འདིའི་སྐོར་སྔར་བས་ཤུགས་ཆེ་ཙམ་གསུངས་ཡོད་དེ། ཁོང་གི་<<མི་རིགས་སྐོར་གྱི་ཕྱིར་རྟོག་>>ལས། “མི་རྣམས་ཀྱིས་རྟག་པར་དོན་དངོས་གལ་ཆེན་ཞིག་ལ་མཐོང་ཆུང་དང་སྣང་མེད་དུ་བསྐྱུར་བའི་རྐྱེན་གྱིས་ང་ཚོས་ཐེངས་མང་པོར་མི་བརྗོད་ཐབས་མེད་བྱུང་། འཛམ་གླིང་གི་སྒལ་ཚིགས་སུ་འཚོ་བའི་མཚོ་སྔོན་དང་། ཁམས། བོད་ལྗོངས་བཅས་ཧྲིལ་པོའི་གངས་ཅན་བོད་པ་ནི་གནའ་བོའི་དུས་ནས་ས་ཁམས་ཀྱི་ཐད་ནས་སོ་སོར་འཕྲལ་དུ་མེད་པར་དམ་པོར་འབྲེལ་བ་དང་། ཐུན་མོང་གི་སྐད་ཆ་དང་ཡི་གེ་མངའ་བ་དང་། ཐུན་མོང་གི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་མངའ་ལ། ཐུན་མོང་གི་སེམས་ཁམས་འདུ་ཤེས་མངའ་བས་བརྟན་ཞིང་གཅིག་མཐུན་ཡིན་པའི་བོད་ཀྱི་རིག་གནས་གྲུབ་ཡོད། ད་ལྟའི་སྲིད་འཛིན་ས་ཁོངས་བགོ་སྟངས་ཐད་བོད་ལྗོངས་གཙོ་བོར་བྱས་ཐོག ཤར་རྒྱུད་ཀྱི་བོད་ཁུལ་གཞན་དག་ཁྱིམ་མཚེས་ཞིང་ཆེན་ཁག་ལ་གཏོགས་པར་བྱས་ཡོད་མོད། དུས་ཡུན་རིང་པོའི་ནང་ཐུན་མོང་དུ་ཁས་ལེན་ཞིང་གཅིག་གྱུར་ཡིན་པའི་མི་རིགས་རིག་གནས་གྲུབ་ཡོད་པ་ཡིན། དེ་ཉིད་བསམ་བཞིན་སོ་སོར་ཕྲལ་བས་ནི་འཕྲལ་ཐབས་ཡོད་པ་མིན།” ཞེས་དང་། “འདས་ཟིན་པའི་དུས་སུ་དེ་བཞིན་ཡིན་ལ་འབྱུང་འགྱུར་གྱི་དུས་སུའང་དེ་ལྟར་ཡིན། འདི་ནི་བོད་རིགས་ཀྱི་གཞི་རྩའི་གནས་ཚུལ་དང་ཁྱད་ཆོས་རེད། རེ་རེ་བཞིན་ཁྱུར་མིད་གཏོང་བདེ་བའི་ཆེད་དང་། བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུ་མགྱོགས་སུ་གཏོང་བའི་ཆེད་དུ་སོ་སོར་ཕྲལ་ཏེ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་མཁན་དེ་དག་གིས་ནམ་ཞིག་རང་ཉིད་ཀྱི་མིད་པའི་འཕྲང་ལམ་ཁེགས་ཏེ་དཀའ་རྙོག་འབྱུང་བར་དོགས་ཟོན་བྱ་དགོས་པ་ཡོང་།” ཞེས་འབྱུང་བ་སོགས་ཏེ།
མདོར་ན། བཀའ་ཁྲི་ཟུར་པ་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ཕྱི་ལོ་ ༢༠༠༩ ལོར་ལྡི་ལིར་བོད་ཆེན་པོའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག “ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཀའ་བསྡུར་སྐབས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་པའི་བོད་མིའི་མངོན་འདོད་བཏོན་པ་དེར་ད་བར་འགྱུར་བ་གང་ཡང་ཕྱིན་མེད།” ཅེས་དང་། “དེང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཡོངས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་། གོང་འཕེལ་གཏོང་ཆེད་གཅིག་གྱུར་གྱི་སྲིད་བྱུས་ཤིག་ཡོང་རེ་བྱེད་པའི་གཞི་རྩའི་མངོན་འདོད་དེ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། དེ་འབྲེལ་ཁྲིམས་སྒྲིག་ཁག་གིས་སྤྲད་པའི་ཐོབ་ཐང་ཞིག་ཡིན།” ཞེས་གསུངས་པ་ལྟར་བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཏུ་བསྒྲིལ་རྒྱུའི་རེ་འདོད་དེར་འདས་པའི་ལོ་བདུན་ཅུའི་རིང་འགྱུར་བ་སོང་མེད་ལ། དེ་ནི་ད་ལྟའི་ཆར་བོད་མི་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཞིག་ཀྱང་ཆགས་ཡོད།
གཉིས།
རྒྱ་ནག་གི་མི་རིགས་ས་ཁོངས་སམ་ས་གནས་རང་སྐྱོང་གི་ལམ་ལུགས་དེའི་ངོ་བོ་དང་སྤྱི་སྒྲོམ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པར། “གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཞིག་ཡིན། མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་བསྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།” ཅེས་དང་། དེ་བཞིན་དུ། མི་རིགས་རང་སྐྱོང་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོའི་གྲས་སུ་ས་གནས་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས་པ་དང་། ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནས་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་དང་། ས་གནས་ཀྱི་ནོར་སྲིད་དོ་དམ། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན། ས་གནས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་རྣམས་ལ་རང་ཐག་རང་གཅོད་ཀྱི་སྒོ་ནས་དོ་དམ་བྱེད་པའི་འགན་དབང་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བརྒྱུད་ས་གནས་ཀྱི་བདེ་འཇགས་དམག་དཔུང་འཛུགས་ཆོག་ཚུལ་སོགས་རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་གཉིས་པ་ནས་བརྒྱ་དང་ཉེར་གཉིས་པའི་བར་དུ་ཞིབ་པར་འཁོད་ཡོད།
དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་འགོ་བརྗོད་ནང་དུ། “མི་རིགས་ཀྱི་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ལེ་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན།” ཞེས་སོགས་དང་། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་<<མི་རིགས་སྐོར་གྱི་ཕྱིར་རྟོག་>>ལས། “གནས་ལུགས་ལྟར་ན་མི་རིགས་རང་སྐྱོང་ས་ཁུལ་དུ་སྤྱིར་བཏང་གི་སྲིད་འཛིན་ས་ཁོངས་ཁག་གི་ས་གནས་རང་སྐྱོང་དབང་ཆའི་ཁར་ད་དུང་མི་རིགས་རང་སྐྱོང་དབང་ཆ་ངེས་པར་སྣོན་དགོས་ཡོད་ཅིང་། དེ་གཉིས་གཅིག་གྱུར་ཡོང་ཚེ་གཞི་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཞི་རྩའི་ནང་དོན་འགྲུབ་ཐུབ།” ཅེས་འབྱུང་བ་ལྟར་རོ།།
གསུམ།
རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་དེ་རང་སྐྱོང་གི་ཚད་མཐོ་དམའ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ནི་ཚད་དམའ་བའི་རང་སྐྱོང་ལམ་ལུགས་ཤིག་ཡིན་ཏེ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་<<མི་རིགས་སྐོར་གྱི་ཕྱིར་རྟོག་>>ལས། “གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་ནས་རྣམ་པ་དང་ཚད་མི་འདྲ་བའི་རང་སྐྱོང་ལས་ཁུངས་སྣ་ཚོགས་ལག་ལེན་བསྟར་བ་སྟེ། མཐོ་རིམ་མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ་(དེ་སྔའི་སུའུ་ལེན་དང་སི་ལ་ཧྥུ་ལྷོ་མའི་མནའ་འབྲེལ།)དང་། འབྲིང་རིམ་མི་རིགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་(དེ་སྔའི་སུའི་ལེན་དང་དང་ལྟའི་ཨུ་རུ་སུ།) དམའ་རིམ་མི་རིགས་ས་ཁོངས་རང་སྐྱོང་(ཀྲུང་གོ)བཅས་ཡོད། འབྲིང་རིམ་མི་རིགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནི་ཆབ་སྲིད་རང་བཞིན་གྱི་རང་སྐྱོང་དང་། དམའ་རིམ་ས་ཁོངས་རང་སྐྱོང་ནི་སྲིད་འཛིན་རང་སྐྱོང་ལ་གཏོགས། འདི་ནི་མི་རིགས་རང་སྐྱོང་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དཔྱད་བརྗོད་བྱས་པ་ཞིག་རེད། དེ་ལས་རང་རྒྱལ་གྱིས་ལག་བསྟར་བྱེད་པ་ནི་དམའ་རིམ་གྱི་སྲིད་འཛིན་རང་སྐྱོང་ཡིན་པ་རྟོགས་ཐུབ།” ཅེས་དང་། “གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱིར་བཏང་ཚད་མཐོ་བའི་ཆབ་སྲིད་རང་སྐྱོང་དང་ཚད་དམའ་བའི་སྲིད་འཛིན་རང་སྐྱོང་རིགས་གཉིས་སུ་དབྱེ། ཆབ་སྲིད་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་འོག་གནས་ཚུལ་ཁྱད་པར་བའི་དབང་གིས་རང་སྐྱོང་མི་རིགས་ཀྱིས་རྒྱལ་ཁབ་དེ་ལས་འབྲལ་བའི་དབང་ཆ་ལག་བསྟར་བྱས་ཆོག དཔེར་ན་སུའུ་ལེན་དུས་སྐབས་ཀྱི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སོགས་ཡིན། དེ་ལས་གཞན། ད་དུང་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་ཆགས་སྟངས་སོགས་ཡིན། སྲིད་འཛིན་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་འོག རང་སྐྱོང་བྱས་པའི་མི་རིགས་དེས་རྒྱལ་ཁབ་ལས་ཁ་འབྲལ་བའི་དབང་ཆ་ལག་བསྟར་མི་བྱེད་པའི་མི་རིགས་རང་སྐྱོང་གི་རྣམ་པ་ཞིག་ལ་ཟེར། རང་སྐྱོང་འདིའི་རིགས་ལ་མཐོ་རིམ་དང་དམའ་རིམ་གཉིས་སུ་ཕྱེས་ཤིང་། སྲིད་འཛིན་རང་སྐྱོང་མཐོ་ཤོས་ནི་མི་རིགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་རྣམ་པ་སྣ་ཚོགས་ཏེ། སྔོན་མའི་སུའུ་ལེན་དང་དེང་སྐབས་ཀྱི་ཨུ་རུ་སུ་ལ་སོགས་པའི་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ལྟ་བུ། ད་དུང་མི་རིགས་གཅིག་གི་ནང་དུའང་སྲིད་འཛིན་ཁྱད་དབང་ས་ཁུལ་དབྱེ་ཆོག་སྟེ། དཔེར་ན་ཀྲུང་གོའི་ཞང་ཀང་དང་ཨའོ་མོན། མ་འོངས་པའི་ཐེ་ཝན་སོགས་ཀྱང་རྒྱལ་ཁབ་གཅིག་གི་མངའ་ཁོངས་སུ་ཚད་མཐོ་བའི་སྲིད་འཛིན་རང་སྐྱོང་ལག་བསྟར་བྱེད་པ་ཡིན། འདིའི་རྩ་བའི་ཁྱད་ཆོས་ནི། ས་གནས་དེའི་མི་ཡིས་རང་གི་ས་གནས་སྐྱོང་བ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། རང་སྐྱོང་ཚད་མཐོན་པོ་སོགས་སོ།། གནད་འདི་དག་ལ་བརྟེན་ནས་གཞི་རྩའི་ཁྲིམས་གཏན་ལ་ཕབ་པ་ཡིན། གཞན་ཡང་། རྒྱལ་ཁབ་སོ་སོའི་ནང་ཁུལ་སྲིད་འཛིན་ས་ཁོངས་དབྱེ་སྟངས་ལྟར། མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཀྱང་ཆོག སྤྱིར་བཏང་འདི་ནི་ཚད་དམའ་བའི་སྲིད་འཛིན་རང་སྐྱོང་དུ་གཏོགས་མོད། མི་རིགས་མང་པོའི་རྒྱལ་ཁབ་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་ཀྱི་སྲིད་ཇུས་གལ་ཆེན་ཞིག་ཡིན། དཔེར་ན་ཀྲུང་གོ་དང་ཝེ་ཐེ་ནམ་ལྟ་བུ།” ཞེས་དང་། “མི་རིགས་ས་ཁུལ་རང་སྐྱོང་བྱེད་པ་ནི་ཆེས་མ་གཞིར་གྱུར་ཅིང་ཚད་དམའ་བའི་རང་སྐྱོང་བྱེད་སྟངས་ཤིག་ཡིན།” ཞེས་འབྱུང་བ་ལྟར་རོ།།
བཞི།
བོད་ལ་མི་རིགས་ས་ཁོངས་རང་སྐྱོང་ནི་བོད་རིགས་ཡོངས་རྫོགས་གཅིག་བསྒྲིལ་གྱི་རང་སྐྱོང་ཞིག་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་བྱུང་ན་བོད་རྒྱ་གཉིས་ཀར་ཕན་ཐོགས་མང་པོ་ཞིག་ཡོད་པ་ལས་གཙོ་བོ་ནི། <<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་>>ལས། “བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་ནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་མི་ཚོས་ཞེ་གཏིང་ནས་སོ་སོའི་རང་སྐྱོང་དེ་མི་རིགས་ཤིག་གི་རང་སྐྱོང་གི་ངོ་བོར་ལག་བསྟར་ཐུབ་ཐབས་དང་། དེ་འབྲེལ་རང་གི་ལེགས་བྱང་དང་ནང་དོན་རིག་པའི་རིན་ཐང་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་ཆེད་དུ་རེད།” ཅེས་འབྱུང་བ་ལྟར་རོ།།
དེ་ལྟར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་བདུན་ཅུ་འདས་པའི་རིང་། བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ཏུ་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ལག་བསྟར་ཡོང་ཐབས་གནང་བའི་བྱུང་རིམ་གཙོ་གལ་ཆེ་བ་ཁག་དང་། རང་སྐྱོང་གི་ལམ་ལུགས་དེའི་ངོ་བོ་དང་སྒྲོམ་གཞི། ཚད་གཞི་མཐོ་དམའ། དགོས་པ་རྒྱུ་མཚན་བཅས་རགས་ཙམ་བརྗོད་ཟིན་ཅིང་། དེ་ལ་རྒྱ་གཞུང་གིས་བོད་ཆེན་པོའི་གནད་དོན་ཟེར་བ་སོགས་འཁྱོག་བཤད་དང་རྒྱུ་མཚན་གང་འདྲ་ཞིག་བཀོད་དེ་རང་སྐྱོང་གི་ལམ་ལུགས་དེ་ལག་བསྟར་བྱེད་ཀྱི་མེད་པ་དང་། དེ་ལ་བོད་ཕྱོགས་ནས་འགྲེལ་བརྗོད་ག་འདྲ་བྱེད་ཀྱི་ཡོད་པ་སོགས་ནི་འདིར་མ་བྲིས་ཏེ་གོང་གསལ་ཡིག་ཆ་དེ་དག་ལ་གཟིགས་པར་འཚལ།།
འབྲིང་བ་འཇིགས་མེད་ཀྱིས། ༢༠༢༡།༥།༢༣ ལ།