དབྱངས་དགའ།
བོད་ལུགས་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རླབས་ཆེན་གྱི་གསོ་རིག་ཅིག་ཡིན་ཞིང་། རང་རེའི་མེས་པོ་གོང་མ་རྣམས་ཀྱིས་གསོ་རིག་གཞུང་ལུགས་དང་། ལག་ལེན། སྨན་རྫས་སོགས་ཀྱི་སྐོར་ཡིག་ཆ་གྲངས་ལས་འདས་པ་རྩོམ་བསྒྲིགས་གནང་བར་མཛད། དཔེ་རྙིང་དེ་དག་ནི་ཕྱི་རབས་རྗེས་འཇུག་པ་རྣམས་ཀྱི་ཞིབ་འཇུག་བྱ་ཡུལ་
ཤིན་ཏུ་གལ་ཆེ་བ་ཞིག་ཆགས་ཡོད། དེང་གི་ཆར་དཔེ་རྙིང་དེ་དག་དཔེ་སྐྲུན་དང་ཕྱོགས་སྒྲིག་མང་དུ་བྱས་ཡོད་ཀྱང་། ཐབས་ལམ་ཡང་དག་ལ་བརྟེན་ནས་ཞིབ་འཇུག་བྱེད་མཁན་ཅུང་ཟད་དཀོན་པས།འདིར་དཔེ་རྙིང་ཞིབ་འཇུག་གི་ཐབས་ལམ་སྐོར་ཅུང་ཟད་བསྡུས་ཏེ་འཆད་པར་བྱའོ།
དང་པོ། གསོ་རིག་དཔེ་རྙིང་གི་སྤྱི་དོན་མདོར་བསྟན་པ།
སྤྱིར་གསོ་རིག་དཔེ་རྙིང་ཞེས་པ་ནི་ཡིག་ཐོག་ཏུ་འཁོད་པའི་གསོ་རིག་སྐོར་གྱི་ཤེས་བྱ་གངས་ཅན་ལྗོངས་སུ་ཐོག་མར་བྱུང་བ་ནས་སྤྱི་ལོ་༡༩༥༩ལོའི་དབར་གྱི་གསོ་རིག་ཡིག་ཆ་རྣམས་ལ་ཟེར་བ་ཡིན་སྙམ། དེ་ལ་དབྱེ་ན་གསོ་དཔྱད་སྔ་དར་སྐབས་ཀྱི་དཔེ་རྙིང་དང་། གསོ་དཔྱད་ཕྱི་དར་སྐབས་ཀྱི་དཔེ་རྙིང་། རྒྱུད་བཞི་ལ་བརྟེན་པའི་དཔེ་རྙིང་བཅས་གསུམ་དབྱེ་ཆོགགསོ་དཔྱད་སྔ་དར་སྐབས་ཀྱི་དཔེ་རྙིང་ཞེས་པ་ནི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་བོད་སྐད་དུ་མ་བསྒྱུར་གོང་གི་དཔེ་རྙིང་རྣམས་ལ་བྱ་སྟེ། དཔེ་རྙིང་དེ་དག་ཕལ་མོ་ཆེ་ནི་བོད་བཙན་པོའི་སྐབས་ཏེ་དུས་རབས་བདུན་པ་ནས་དགུ་པའི་བར་དུ་བྱུང་བ་རྣམས་ཡིན། དེ་ཡང་བོད་བཙན་པོའི་སྐབས་ཀྱི་གསོ་དཔྱད་ཡིག་ཆ་སྔ་ཤོས་གྲས་ནི་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཡིག་ཆ་ཁག་དང་། བོད་ལྗོངས་མཚོ་སྣ་རྫོང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་གསོ་རིག་སྐོར་གྱི་དཔེ་རྙིང་༼སྨན་དཔྱད་གཅེས་པ་གྲུབ་པ་༽ཞེས་པ་བཅས་ཡིན་མོད། བོད་བཙན་པོའི་སྐབས་ཀྱི་གནའ་བོའི་དཔེ་རྙིང་ལ་སྐད་གསར་བཅད་གཏན་ལ་དབབ་པའི་རྗེས་ཀྱི་ཡི་གེའི་འགྲོ་ལུགས་ལྟར་བཅོས་སྒྱུར་ཅི་རིགས་བྱས་པ་ནི་༼དམར་བྱང་གསལ་བའི་སྒྲོན་མེ་༽དང་། ༼བི་ཇིའི་པོ་ཏི་ཁ་སེར་༽དང་། ༼སྨན་དཔྱད་ཟླ་བའི་རྒྱལ་པོ་༽སོགས་ཡིན། ཡིག་ཆ་དེ་དག་ནི་ད་ཕན་རང་རེ་རྣམས་ཀྱིས་དངོས་སུ་མཇལ་རྒྱུ་ཡོད་པའི་བོད་བཙན་པོའི་སྐབས་ཀྱི་གསོ་དཔྱད་ཀྱི་དཔེ་རྙིང་ཡིན། ཡིག་ཆ་དེ་དག་ལ་ཞིབ་འཇུག་ལེགས་པར་བྱས་ན།བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས་དང་། རྒྱ་དཀར་ནག་དང་ཏ་ཟིག་སོགས་ལུགས་གཞན་གྱི་གསོ་རིག་གིས་བོད་ཀྱི་གསོ་དཔྱད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་དང་། དེ་བཞིན་གསོ་དཔྱད་སྔ་དར་སྐབས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་ཁྱད་ཆོས་རྣམས་ལེགས་པར་རྟོགས་ཐུབ། །
གསོ་དཔྱད་ཕྱི་དར་སྐབས་ཀྱི་དཔེ་རྙིང་ཞེས་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཚེའི་སྟོད་ལ་པཎྜི་ཏ་ངྷརྨ་ཤྲྭི་ཝརྨ་དང་། སྙེ་འོ་ལོ་ཙཱ་བ་དབྱིག་གི་རིན་ཆེན། མར་ལོ་རིག་པ་གཞོན་ནུ།དབྱི་གུ་དགེ་སློང་ཤཱཀྱ་བློ་གྲོས་རྣམས་ཀྱིས་༼ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་༽བོད་སྐད་དུ་བསྒྱུར་བའི་རྗེས་ཀྱི་ཡིག་རྙིང་ཁག་ལ་བྱའོ། དེ་ཡང་དུས་རབས་བཅུ་གཅིག་པའི་དུས་འགོར་ལོ་ཆེན་རིན་ཆེན་བཟང་པོས་༼ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་༽བོད་སྐད་དུ་བསྒྱུར་བ་ནས་བཟུང་། བོད་ཀྱིས་མཁས་པ་རྣམས་ཀྱིས་༼ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་༽འགྲེལ་བ་དང་བཅས་པ་ཁུངས་སུ་བཅོལ་ནས་གསོ་དཔྱད་ཀྱི་གཞུང་ལུགས་ཇི་སྙེད་ཅིག་བརྩམས་པར་མཛད། གཞུང་ལུགས་དེ་དག་ལ་བརྟེན་ནས་རྒྱ་གར་ཚེ་ཡི་རིག་བྱེད་དང་བོད་ཀྱི་གསོ་རིག་དབར་གྱི་འབྲེལ་བ་དང་། བོད་ཀྱི་གསོ་རིག་གཞུང་ལུགས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཚུལ་སོགས་ཞིབ་འཇུག་བྱེད་ཐུབ། །
རྒྱུད་བཞི་ལ་བརྟེན་པའི་དཔེ་རྙིང་ཞེས་པ་ནི་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་དུས་རབས་བཅུ་གཉིས་དུས་མཇུག་གམ་བཅུ་གསུམ་ཙམ་ནས་དར་ཞིང་རྒྱས་པ་དང་ཆབས་ཅིག་ཏུ་རྒྱུད་འགྲེལ་དང་། རྒྱུད་ཀྱི་ལྷན་ཐབས།ཉམས་ཡིགཁོག་དབུབ། རྩོད་ཡིག་སོགས་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་ལ་བྱའོ།དེ་དག་ནི་དཔལ་ལྡན་རྒྱུད་བཞི་ལ་གཞིར་བཞག་ནས་བརྩམས་པའི་ཡིག་ཆ་ཡིན་སྟབས་རྒྱུད་བཞིས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེ་དག་ལ་བརྟེན་ནས་དཔལ་ལྡན་རྒྱུད་བཞིའི་འབྱུང་ཁུངས་དང་། རྒྱུད་དོན་ལ་གོ་བ་ཇི་ལྟར་ལེན་ཚུལ། རྒྱུད་བཞིའི་འཕྲིན་ལས་ཇི་ལྟར་དར་ཚུལ།རྒྱུད་བཞི་དང་གསོ་རིག་སྔ་དར་སྐབས་ཀྱི་དཔེ་རྙིང་དབར་གྱི་འབྲེལ་བ།དེ་བཞིན་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་དབར་གྱི་འབྲེལ་བ་སོགས་ཞིབ་འཇུག་བྱེད་ཐུབ། །
གཉིས་པ། གསོ་རིག་དཔེ་རྙིང་གི་ཞིབ་འཇུག་བྱེད་ཐབས།
༡ ཞིབ་འཇུག་གི་ཀུན་སློང་།
རང་རེས་ཞིབ་འཇུག་བྱེད་པའི་དགོས་པ་ནི་སྔར་མ་རྟོགས་པའི་གནས་ཚུལ་ཞིག་རྟོགས་པར་བྱེད་པ་དང་། སྔར་ལོག་པར་རྟོག་པའི་འཁྲུལ་བ་སེལ་བར་བྱེད་པ་དང་། སྔར་འཁྲུལ་སོ་ཡོད་པའི་གནད་དོན་ཞིག་གི་འཁྲུལ་སོ་སེལ་བའི་ཆེད་དུ་ཡིན་སྟབས། ངེས་པར་དུ་ཕྱོགས་ལྷུང་དང་། རྟོག་བཟོ།མ་ཤེས་ཤེས་མདོག་དང་། གྲགས་པ་དོན་གཉེར་སོགས་ཀྱི་ཀུན་སློང་ངན་པ་རྣམས་ཡོངས་སུ་དོར་ནས་བློ་གཟུ་བོར་གནས་ཏེ་ཞིབ་འཇུག་བྱེད་དགོས། དེང་སང་རང་རེའི་མཁས་པ་རེ་ཟུང་གིས་བོད་ཀྱི་གསོ་རིག་བསྟན་པའི་ཆེད་དུ་ཡིན་ཁུལ་བྱས་ནས་འཁྱོག་བཤད་དང་། སྒྲོ་འདོགས། རྫུན་བཟོ་སྣ་ཚོགས་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་སྐབས་འཕྲལ་བོད་ཀྱི་གསོ་རིག་ལ་ཕན་ཐོགས་ཕྲན་ཚེགས་འབྱུང་སྲིད་ཀྱང་། ཕུགས་ལ་བོད་ཀྱི་གསོ་རིག་དང་བོད་ཀྱི་སྨན་པ་རྣམས་ལ་གནོད་སྐྱོན་ཆེན་པོ་བཟོ་སྲིད་དེ། བློ་གཟུ་བོར་གནས་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ཞིབ་མོའི་བློ་ཡིས་བརྟག་ཅིང་དཔྱད་པའི་ཚེ། འཁྱོག་བཤད་དང་རྫུན་གཏམ་ཡིན་པ་ཤེས་རྟོགས་བྱུང་ན་གསོ་རིག་འདི་ནི་དྭོགས་གཞི་ཡོད་པ་ཞིག་དང་བོད་ཀྱི་སྨན་པ་རྣམས་ནི་རྫུན་གཏམ་བཤད་མཁན་ཟོལ་མ་ཞིག་ཡིན་པར་ངོས་འཛིན་བྱེད་སྲིད་པའི་ཕྱིར་རོ། །
༢ ལུང་རིགས་ཚད་མ་ལ་བརྟེན་ནས་ཞིབ་འཇུག་བྱེད་ཐབས།
ཇི་སྐད་དུ། རྗེ་བཙུན་ས་སྐྱ་པཎ་ཆེན་གྱིས། དེས་ན་རིགས་པས་གྲུབ་པའི་ལུང་། །ཚད་མ་ཉིད་ཡིན་མ་གྲུབ་ན། །རང་གི་ཚིག་དང་མཚུངས་པའི་ཕྱིར། །དགག་བྱེད་ཉིད་དུ་བཞེད་པ་ཡིན། །ལུང་དུ་གྲགས་ཚད་ཚད་མ་མིན།།ཚད་མས་གྲུབ་པ་དེ་ལུང་ཡིན། །ཁས་བླངས་ནས་ནི་དཔྱོད་པ་བླུན། །དཔྱོད་ནས་ཁས་བླངས་མཛངས་པའི་ལུགས། །[1]ཞེས་གསུངས་པ་ལྟར། དེ་ཡང་དཔེ་རྙིང་ཡིན་པ་ཙམ་གྱིས་རིགས་པས་དཔྱད་བཟོད་པའི་ཁུངས་ལྡན་ཞིག་ཡིན་པའི་ངེས་པ་མ་མཆིས། དེས་ན་དཔེ་རྙིང་དེ་དག་ཁུངས་བཙན་པོ་ཡོད་མེད་དཔྱད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ཡང་ཟུར་མཁར་བློ་གྲོས་རྒྱལ་པོས་གཏན་པ་མེད་པའི་མཆོད་སྦྱིན་དུ་འདི་ལྟར་གསུངས་ཏེ། མདོར་ན་འདིའི་ཁུངས་ནི་གླང་དར་མའི་རྗེས་སུ་ཆོས་ཀྱི་རྒྱུས་མེད་ཅིང་གསོ་རིག་གི་བསྟན་པ་ལ་དབང་ཟ་བའི་གང་ཟག་རྙིང་མའི་ཕྱོགས་ལ་མོས་པ་འབའ་ཞིག་གིས་བརྩམས་པར་སྣང་ཞིང་། ཞེས་པ་དང་། ཡང་དེ་ཉིད་ལས། དེས་ན་གསོ་རིག་གི་བསྟན་པ་ལ་ཁུངས་དང་རྒྱུ་མཚན་ལུང་རིགས་རྣམ་དག་གི་བརྗོད་པ་འགའ་ཙམ་ཡང་མི་འབྱུང་བ་ནི་ས་བོན་ངན་པ་འདི་རྣམས་ལས་འཕེལ་བ་ཤ་སྟག་ཏུ་སྣང་བས། སེང་གེའི་ཁོག་པ་སྲིན་བུས་ཟ་བ་ལྟར་སྨན་པས་བརྫུས་པའི་བདུད་ཆེན་པོས་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་མིང་གི་ལྷག་མ་ཙམ་དུ་བྱས་པ་ཡིན་ནོ། ད་ནི་དེ་ལྟ་བུའི་བསྟན་པའི་ཆོམ་རྐུན་ངོས་མ་ཟིན་ཞིང་རང་ཉིད་ཀྱི་བློ་གྲོས་ཀྱིས་དཔྱད་མ་ནུས་པས་རི་བོང་ཅལ་བཞིན་དུ་རྗེས་སུ་འབྲངས་ནས་སྨྲ་བ་རྣམས་ལ་བརྟག་པར་བྱའོ།[2]ཞེས་གསོ་རིག་གཞུང་རྙིང་ནང་དུ་ཁུངས་ལྡན་མིན་པའི་ཡིག་ཆ་ཡོད་པ་དང་། དེ་དག་ལ་དཔྱད་པ་མ་བྱས་པར་རི་བོང་ཅལ་འདྲོགས་ཚུལ་དུ་མ་བརྟག་མ་དཔྱད་པར་རྗེས་སུ་འབྲངས་ན་མི་འཐད་པའི་སྐོར་བཀའ་བཀྱོན་ནན་པོ་གནང་ཡོད། དེར་བརྟེན་དཔེ་རྙིང་ཡིན་པ་ཙམ་གྱིས་ཁུངས་ལྡན་དུ་བརྩིས་ནས་ལུང་འདྲེན་མ་བྱས་པར་དེ་དག་ལ་དཔྱད་པ་ཞིབ་མོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ། གལ་ཏེ་རིགས་པས་དཔྱད་བཟོད་པའི་ཡིག་ཆ་ཞིག་ཡིན་ན། དེ་ལ་བརྟེན་ནས་དཔེ་རྙིང་དེ་ཉིད་ཀྱི་རྩོམ་པ་པོ་དང་། གཞུང་དོན། གཞུང་དེ་ཉིད་དང་གཞུང་གཞན་དག་དབར་གྱི་འབྲེལ་བ་སོགས་ཞིབ་འཇུག་བྱེད་ཐུབ། །
གསུམ་པ།གསོ་རིག་དཔེ་རྙིང་གི་ཞིབ་འཇུག་གི་ནང་དོན།
༡ གསོ་རིག་དཔེ་རྙིང་བྱུང་བའི་དུས་ཚིགས་ལ་དཔྱད་པ།
༼༡༽མ་དཔེའི་ཡིག་གཟུགས་ལ་བརྟེན་ནས་དུས་ཚིགས་ལ་དཔྱད་པ།
བོད་ཀྱི་ཡིག་གཟུགས་རིམ་པར་དར་བའི་རྣམ་གྲངས་མི་འདྲ་བ་མང་ཡང༌། རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས།འབྲུ་ཆེན་དང་འབྲུ་ཆུང་གཉིས། བཤུར་མ་དང་དཀྱུས་ཡིག་གཉིས་ཏེ་དྲུག་ལ་ཐམས་ཅད་འདུས་པ་ལས།[3] ཡིག་གཟུགས་མི་འདྲ་བ་དེ་དག་ལ་བརྟེན་ནས་མ་དཔེ་དེ་དག་དུས་རབས་གང་དུ་བྱུང་མིན་དཔྱད་པ་བྱེད་ཐུབ།
ད་ལྟ་མཇལ་རྒྱུ་ཡོད་པའི་བོད་ལུགས་གསོ་རིག་གི་དཔེ་རྙིང་ཕལ་མོ་ཆེ་ནི་བྲིས་མ་ཡིན།དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཤོག་དྲིལ་ནི་ཕལ་ཆེར་དུས་རབས་དགུ་པའི་གོང་དུ་བྱུང་བའི་དབུ་ཅན་བྲིས་མ་ཡིན་མོད།དེ་དག་ནི་མི་ལོ་ཆིག་སྟོང་ལྷག་ཙམ་རིང་ཕུག་པ་རུ་ལུས་པ་ཡིན་སྟབས། སྐད་གསར་བཅད་ཀྱིས་བཅོས་བསྒྱུར་བྱེད་མྱོང་མེད་པས་གི་གུ་ཕྱིར་ལོག་འབྲི་བ་སོགས་བཙན་པོའི་སྐབས་ཀྱི་ཡི་གེའི་ཁྱད་ཆོས་དུ་མ་མཇལ་རྒྱུ་ཡོད།
ཏུན་ཧོང་ཤོག་དྲིལ་ཕུད་པའི་དཔེ་རྙིང་ཕལ་མོ་ཆེ་ནི་གོང་སྨོས་ཡིག་གཟུགས་གང་རུང་ཞིག་ལས་བྱུང་བ་ཡིན་པས།ཡིག་གཟུགས་ལ་དཔག་ནས་དཔེ་རྙིང་དེ་དག་དུས་ཚོད་གང་དུ་བྱུང་མིན་ཞིབ་མོའི་བློ་ཡིས་དཔྱད་པར་ནུས་སོ།།
༼༢༽བརྗོད་བྱའི་དོན་ལ་བརྟེན་ནས་དུས་ཚིགས་ལ་དཔྱད་པ།
དཔེ་རྙིང་ཞིབ་འཇུག་བྱེད་སྐབས་བརྗོད་བྱ་ལ་བརྟེན་ནས་དུས་རབས་གང་དུ་བྱུང་བར་རྩད་གཅོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།བརྗོད་བྱའི་དབང་དུ་བྱས་ན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་རྒྱུད་བཞིའི་ཤུགས་རྐྱེན་ཐེབས་མེད་པ་དང་། འོག་ཏུ་འཆད་འགྱུར་ལྟར་རྗོད་བྱེད་ཚིག་གི་ཆ་ནས་བརྡ་རྙིང་གི་ཁྱད་ཆོས་མང་དུ་སྣང་ན་དུས་རབས་བཅུ་གཅིག་གི་གོང་དུ་བྱུང་བའི་གསོ་རིག་ཡིག་ཆ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག གལ་ཏེ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ནང་དོན་མང་པོ་དྲངས་ཡོད་པ་གང་ཞིག་རྒྱུད་བཞིའི་བརྗོད་བྱ་དང་འདྲ་བའི་ཆ་མི་སྣང་ན། དེ་ནི་དུས་རབས་བཅུ་གཅིག་ནས་བཅུ་གཉིས་སྨད་དམ་བཅུ་གསུམ་བར་གྱི་གསོ་རིག་ཡིག་ཆ་ཡིན་སྲིད་དེ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ནི་དུས་རབས་བཅུ་གཅིག་པའི་དུས་འགོར་བོད་སྐད་དུ་བསྒྱུར་ཞིང་རྒྱུད་བཞིའི་འཕྲིན་ལས་ནི་དུས་རབས་བཅུ་གཉིས་པའི་སྨད་ཙམ་མམ་བཅུ་གསུམ་སྟོད་ནས་དར་འགོ་ཚུགས་པས་སོ། གལ་ཏེ་དཔེ་རྙིང་ནང་དུ་རྒྱུད་བཞིའི་བརྗོད་བྱ་མཐོང་རྒྱུ་ཡོད་ན། དེ་ནི་རྒྱུད་བཞིའི་འཕྲིན་ལས་དར་བའི་རྗེས་ཏེ་དུས་རབས་བཅུ་གཉིས་སྨད་དང་བཅུ་གསུམ་སྟོད་ཀྱི་རྗེས་སུ་བྱུང་བའི་ཡིག་ཆ་ཡིན་པར་ཚོད་དཔག་བྱེད་ཐུབ། །
༼༣༽ རྗོད་བྱེད་ཚིག་ལ་བརྟེན་ནས་དུས་ཚིགས་ལ་དཔྱད་པ།
གསོ་རིག་སྔ་དར་སྐབས་ཀྱི་དཔེ་རྙིང་དང་། གསོ་རིག་ཕྱི་དར་སྐབས་ཀྱི་དཔེ་རྙིང་། རྒྱུད་བཞི་ལ་བརྟེན་པའི་དཔེ་རྙིང་བཅས་ལ་ཁྱད་ཆོས་མི་འདྲ་བ་ཡོད་པ་ལས། སྔ་དར་སྐབས་ཀྱི་དཔེ་རྙིང་གི་ཁྱད་ཆོས་རྣམས་འོག་ཏུ་ཞིབ་ཅིང་ཕྲ་བ་བསྟན་པར་བྱའོ།
༢ རྩོམ་པ་པོ་སུ་ཞིག་ཡིན་པར་དཔྱད་པ།
བོད་ཀྱི་གསོ་རིག་དཔེ་རྙིང་མང་དག་ཅིག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བོད་ཀྱི་གྲགས་ཅན་ལོ་པཎ་རྣམས་ཀྱིས་མཛད་པ་ཡིན་པར་ངོས་འཛིན་བྱས་ཡོད། འོན་ཀྱང་ཞིབ་མོའི་བློ་ཡིས་དཔྱད་ན་དཔེ་རྙིང་དེ་དག་ཕལ་མོ་ཆེ་ནི་བོད་ཀྱི་གནའ་རབས་སྨན་པ་མཁས་པས་མཛད་པར་མང་བས། དཔེ་རྙིང་གི་མཛད་བྱང་ནང་དུ་འཁོད་པ་གཅིག་པུར་ཡིད་ཆེས་མ་བྱས་པར་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་དང་གནའ་བོའི་དཔེ་རྙིང་གི་བརྗོད་བྱ་ལ་དཔྱད་པ་བྱས་ནས་རྩོམ་པ་པོ་སུ་ཞིག་ཡིན་མིན་རྩད་གཅོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
༣ དཔེ་རྙིང་དེ་དག་དང་གཞུང་ལུགས་གཞན་དབར་གྱི་འབྲེལ་བ།
དཔེ་རྙིང་དེ་དག་དང་བོད་བཙན་པོའི་སྐབས་སུ་བྱུང་བའི་གཞུང་རྙིང་ཁག་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། རྒྱུད་བཞི་སོགས་ཀྱི་དབར་གྱི་འབྲེལ་བ་རྣམས་གསལ་བཤད་བྱེད་དགོས། དེ་ཡང་གཞུང་རྙིང་དེ་དག་གཞུང་ལུགས་གཞན་དག་གི་ཁུངས་སམ་གང་ལས་བྱུང་བའི་གཞི་ཡིན་པའམ། ཡང་ན་གོང་དུ་སྨོས་པའི་གཞུང་ལུགས་གང་རུང་ཞིག་ལ་བརྟེན་ནས་དཔེ་རྙིང་དེ་དག་བྱུང་ཚུལ་གསལ་བཤད་བྱེད་དགོས་པར་མ་ཟད། གཞུང་རྙིང་དེ་དག་དང་གཞུང་ལུགས་གཞན་དབར་ལ་ཁྱད་པར་དང་འབྲེལ་བ་གང་དང་གང་ཡོད་མེད་གསལ་བཤད་ཁ་གསལ་གོ་བདེའི་ཚུལ་དུ་འགོད་དགོས། དཔེར་ན་རྒྱུད་བཞིའི་མཆིན་ནད་གསོ་བའི་ལེའུའི་ཚིག་དོན་ཁག་དང་བི་ཇིའི་པོ་ཏི་ཁ་སེར་གྱི་མཆིན་ནད་གསོ་བའི་སྐབས་དང་བསྡུར་བ་བྱེད་སྐབས། ཚིགས་བཅད་ཚིགས་ལྷུག་གི་ཁྱད་པར་མ་གཏོགས་གཞུང་དེ་གཉིས་ཀྱི་ཚིག་དོན་ཕལ་ཆེར་གཅིག་པའམ་ཤིན་ཏུ་འདྲ་བས། རྒྱུད་བཞིའི་མཆིན་ནད་གསོ་བའི་ལེའུ་གང་ལས་བྱུང་བའི་ཁུངས་ནི་བི་ཇིའི་པོ་ཏི་ཁ་སེར་ཡིན་པའམ་ཡང་ན་རྒྱུད་བཞི་དང་བི་ཇིའི་པོ་ཏི་ཁ་སེར་གཉིས་ཀྱི་མཆིན་ནད་གསོ་བའི་སྐབས་ཀྱི་འབྱུང་ཁུངས་གཅིག་པ་ཡིན་པར་ཚོད་དཔག་བྱེད་ཐུབ་པ་ལྟ་བུའོ། །
༤ དཔེ་རྙིང་དེ་དག་གི་བརྗོད་བྱ་ལ་དཔྱད་པ།
དཔེ་རྙིང་དེ་དག་གི་བརྗོད་བྱ་གང་དང་གང་ཡིན་པ་ངོ་སྤྲོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ཡང་དཔེ་རྙིང་དེ་དག་ནི་བོད་ཀྱི་གསོ་རིག་གི་རྩ་བའི་རིག་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན་དང་། སྨན་རྫས།གསོ་རིག་ལོ་རྒྱུས་སོགས་ཁྱབ་ཁོངས་གང་གི་ཁོངས་སུ་གཏོགས་མིན་གསལ་བཤད་བྱེད་དགོས་པར་མ་ཟད།དཔེ་རྙིང་དེ་དག་གི་ནང་དོན་རྣམས་མདོ་ཧྲིལ་གྱིས་དྲིལ་ནས་ངོ་སྤྲོད་བྱེད་དགོས། །
བཞི་པ། གསོ་རིག་སྔ་དར་སྐབས་ཀྱི་བརྡ་རྙིང་གི་ཁྱད་ཆོས།
གསོ་རིག་དཔེ་རྙིང་གི་བརྗོད་བྱ་རྗོད་བྱེད་གཉིས་ཀ་ལ་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་མོད། འདིར་གསོ་དཔྱད་སྔ་དར་སྐབས་ཀྱི་བརྡ་རྙིང་གི་ཁྱད་ཆོས་མདོ་ཙམ་ཞུས་ན་འདི་ལྟ་སྟེ།
༡ དབྱངས་ཡིག་གི་ཁྱད་ཆོས།
སྤྱིར་གནའ་བོའི་ཡིག་ཚང་ནང་དུ་ཨི་ཡིག་དང་ཨུ་ཡིག་གཉིས་དང་། ཨི་ཡིག་དང་ཨེ་ཡིག་གཉིས། ཨུ་ཡིག་ཨོ་ཡིག་གཉིས།དེ་བཞིན་ཨེ་ཡིག་དང་ཨོ་ཡིག་གཉིས་རེ་མོས་སྤྱོད་པའི་འབྲི་སྲོལ་ཡོད།ལྷག་པར་དུ་གི་གུ་ཕྱིར་ལོག་ཏུ་འབྲི་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཙོ་བོ་ཞིག་སྟེ།ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས།མྱྀ་ཞྀག་གློ་རུལ་དེ་མྱྀ་རུང་ན་གློ། །རྩྀ་ཞེས་མཆྀ་འོ་འཚལ་དང་རྀ་དགས:ཐམ་ཤད་གྱྀ་གློ་ཕྱེ་དང་བྱ་ཐམ་ཤད་གྱྀ་གློ །ཕྱེ་དང་བྱ་རྒོད་གྱྀ་གློ་བ་དང་དེ་རྣམས་ཆང་ཉྀང་གུ་ལ་སྦྱར་དེ:འཚལ་ན་རྩྀ། །[4]ཞེས་པ་ལྟ་བུའོ།།
༢ མིང་གཞིའི་ཁྱད་ཆོས།
༼༡༽མིང་གཞི་ཀ་ཁ་ག་གསུམ་ཕན་ཚུན་བརྗེ་བའི་འབྲི་སྲོལ། མིང་གཞི་ཀ་ཁ་ག་གསུམ་རེ་མོས་སུ་སྤྱོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། །ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། གླད་པ་འཁོར་བ་དང་ལྟག་པ་རེངས་པ་དང་སྣ་ཁྲག་མྱྀ་ཆོད་པ་ལ་ཕན་ཏེ་མྱེ་བཙ་བཅུ་དགུའ་གདབ། [5]ཅེས་པར་ཀླད་པ་ཞེས་པའི་དོད་དུ་གླད་པ་སྟེ་མིང་གཞི་ཀ་ག་གཉིས་བརྗེས་ཏེ་བཀོད་པའི་དཔེའོ། །
༼༢༽མིང་གཞི་ག་ད་གཉིས་ཕན་ཚུན་བརྗེ་བའི་འབྲི་སྲོལ། བི་ཇིའི་པོ་ཏི་ཁ་སེར་གྱི་ནང་དུ་མིང་གཞི་ག་ད་རེ་མོས་སུ་བྲིས་པ་མང་དུ་ཡོད་དེ། དཔེར་ན། བསིལ་གྲོད་བསྙམས་པ་བཅོས་པར་བྱའ། ཞེས་པ་ལྟ་བུ་དྲོད་ལ་གྲོད་ཅེས་བྲིས་ཡོད།[6] གཞན་ཡང་། བརྡ་གསར་རྩ་གྲིམས་ཞེས་པ་ལ་དམར་བྱང་དུ་རྩ་དྲིམས་ཞེས་འཁོད་པ་དང་། བརྡ་གསར་དྲང་ཐིག་ཅེས་པ་ལ་དམར་བྱང་དུ་གྲང་ཐིག་ཅེས་པ་དང་། བརྡ་གསར་དོན་འགྲམས་ཞེས་པ་ལ་དམར་བྱང་དུ་དོན་འདྲམས་ཞེས་པ་དང་། བརྡ་གསར་འགྲོ་ཞེས་པ་དམར་བྱང་དུ་འདྲོ་ཞེས་པ་དང་། བརྡ་གསར་འཕེལ་འགྲིབ་ཅེས་པ་ལ་དམར་བྱང་དུ་འཕེལ་འདྲིབ་ཅེས་འཁོད་པ་ལྟ་བུའོ། །[7]
༼༣༽མིང་གཞི་ཅ་ཆ་ཇ་ཉ་བཞི་ཕན་ཚུན་བརྗེ་བའི་འབྲི་སྲོལ། མིང་གཞི་ཅ་ཆ་ཇ་ཉ་བཞི་རེ་མོས་སུ་སྤྱོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། ནད་པ་ཉམས་ཆུང་སྟེ་གཆད་མྱྀ།བཟོད་ན་ལྟེ་བ་ནས། སོར་བཞྀ་གཅོལ་ཏེ་མྱེ་བཙ་གསུམ་རྟུག་པར་བཏབ་ན་མྱྀ་འཇད་མྱྀ་སྲྀདོ།།༔༔།།[8]ཞེས་པར་གཅད་ཀྱི་དོད་དུ་གཆད་དང་། འཆད་ཀྱི་དོད་དུ་འཇད་ཅེས་བྲིས་པ་ལྟ་བུའོ། །
༼༤༽མིང་གཞི་ཏ་ཐ་ད་གསུམ་ཕན་ཚུན་བརྗེ་བའི་འབྲི་སྲོལ། མིང་གཞི་ཏ་ཐ་ད་གསུམ་རེ་མོས་སུ་སྤྱོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ:ཞིག །ཉའྀ:གྲ་མས:ཐོགས་ན:སྲམ་གྀ་སྤུ:དང:ཨག་ཚོམ་དང་བཐགས་ཏེ། །ཆབ་ཏང་སྦྱར་ཏེ་འཐུངས་ན་ཉའྀ:གྲའ:མ་ཀུན་བྲོས:སོ།༔༔།[9]ཞེས་པ་སྟེ།འདིར་བཏགས་ལ་བཐགས་ཞེས་བྲིས་པ་ལྟ་བུའོ། །
༼༥༽མིང་གཞི་པ་ཕ་བ་གསུམ་ཕན་ཚུན་བརྗེ་བའི་འབྲི་སྲོལ། མིང་གཞི་པ་ཕ་བ་གསུམ་རེ་མོས་སུ་སྤྱོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ་གླད་པའྀ། རུས་པ། ཆག་ན། གླད་པའྀ། ཕགས་པ་བཤུས་ཏེ་རུས། ཟན་ལོག། ཤྀག། དུ་ཕྱུང་ལ།། ཕྲྀ་མ་རྡོལ།བར:བྱས།སྟེ་ཁྱྀ་ཅྀག །བསདེ་ཁྱྀ་ཕགས། པས། རྨ་ཁར་བྱུགས། ཏེ་ཁྱྀ་ཕགས་པ། དྲོན་པོས། གཡོག་ན་རྩྀ། [10]ཞེས་པ་སྟེ། འདིར་པགས་པ་ཞེས་པའི་ཚབ་ཏུ་ཕགས་པ་ཞེས་པ་དང་། པྲི་ཞེས་པའི་དོད་དུ་ཕྲྀ་ཞེས་པ་འཁོད་པ་ལྟ་བུའོ།།
༼༦༽མིང་གཞི་ཙ་ཚ་གཉིས་ཕན་ཚུན་བརྗེ་བའི་འབྲི་སྲོལ།མིང་གཞི་ཙ་ཚ་གཉིས་རེ་མོས་སུ་བེད་སྤྱོད་གཏོང་བ་ནི་བརྡ་རྙིང་གི་ཁྱད་ཆོས་གལ་ཆེ་བ་ཞིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ། ལྟོ:ན་དུག:ཡོད་པ་ཞྀག:ལ་ཆུ་རྒོལ་ཞྀང་དུག:ལྟང་གྀས་དོགས་ནའ་བསེ་རུ:དང་གླ་པོའྀ་རྪིད་པ་དང་རྪྀད་པ་དཀར་པོ་མགུལ་དུ་བཐགས་ན་ལྟང་མྱྀ་སྲིདོ་༔༔། མདའ་དུག་ཅྀག:བཚན་དུག་ཐུ་གྱུརད:ཐམ་ཤ་རས་དུག་རས་མ་ཆོདེ་ཟོས་ན། བོ་ངའ་དཀར་ནག:ཏང་རྣ་བའྀ་སྤུ་བསྲེགས་པ་དང་ཡུངས་ཡུངས། །ཀར་དང་བྱ་བང་གྀ:སྒྲོ:གཐུབ:གཐུབ:བའ་དང:དེ་རྣམས་ཆབ་ལས་སྦྱར་ཏེ། བཐང་ན་རྪི། །[11]ཞེས་པ་སྟེ། འདིར་རྩིད་པ་ལ་རྪིད་པ་དང་། བཙན་དུག་ལ་བཚན་དུག་དང་། རྩི་ལ་རྪི་ཞེས་བྲིས་ཡོད་པ་ལྟ་བུའོ། །
༼༧༽མིང་གཞི་ཅ་ཞ་ཤ་གསུམ་ཕན་ཚུན་བརྗེ་བའི་འབྲི་སྲོལ། མིང་གཞི་ཅ་ཞ་ཤ་གསུམ་རེ་མོས་སུ་བེད་སྤྱོད་གཏོང་བ་ནི་བརྡ་རྙིང་གི་ཁྱད་ཆོས་གལ་ཆེ་བ་ཞིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ་ཞྀག་གློ་རུལ་དེ་མྱྀ་རུང་ན་གློ། །རྩྀ་ཞེས་མཆྀ་འོ་འཚལ་དང་རྀ་དགས:ཐམ་ཤད་གྱྀ་གློ་ཕྱེ་དང་བྱ་ཐམ་ཤད་གྱྀ་གློ །ཕྱེ་དང་བྱ་རྒོད་གྱྀ་གློ་བ་དང་དེ་རྣམས་ཆང་ཉྀང་གུ་ལ་སྦྱར་དེ:འཚལ་ན་རྩྀ། །[12]ཞེས་པ་སྟེ། ཐམས་ཅད་ཅེས་པའི་ཅད་ཀྱི་ཚབ་ཏུ་ཤད་ཅེས་བྲིས་པ་ལྟ་བུའོ།
གཞན་ཡང་ཙ་དང་ས་གཉིས་དང་། ཚ་དང་ས་གཉིས། ཚ་དང་ཟ་གཉིས། ཟ་དང་ས་གཉིས། ཅ་དང་ཙ་གཉིས།ཆ་དང་ཚ་གཉིས།ཟ་དང་ཡ་གཉིས།ཡ་དང་འ་གཉིས།ཉ་དང་ན་གཉིས་རེ་མོས་སུ་འབྲི་བའི་སྲོལ་ཡང་མཆིས།འོན་ཀྱང་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་དཔེར་བརྗོད་འབྲི་བའི་ངལ་བ་དང་དུ་མ་བླངས་སོ།།
༣ སྔོན་འཇུག་གི་ཁྱད་ཆོས།
༼༡༽སྔོན་འཇུག་ག་དང་ད་གཉིས་ཕན་ཚུན་བརྗེ་བའི་འབྲི་སྲོལ། སྔོན་འཇུག་ག་དང་ད་གཉིས་ཕན་ཚུན་རེ་མོས་སུ་འབྲི་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། གམྱྀག་རྩ:བཏབ་ན།རྩྀ།།༔༔།།[13]ཞེས་པ་འདིར་དམྱྀག་ཅེས་པའི་སྔོན་འཇུག་ད་ཡི་ཚབ་ཏུ་ག་བྲིས་ཏེ་གམྱྀག་ཅེས་འཁོད་པ་ལྟ་བུའོ། །
༼༢༽སྔོན་འཇུག་འ་དང་མ་ཕན་ཚུན་བརྗེ་བའི་འབྲི་སྲོལ།བོད་ཀྱི་གསོ་དཔྱད་ཀྱི་གཞུང་རྙིང་པ་རྣམས་སུ་སྔོན་འཇུག་མ་དང་འ་ཕན་ཚུན་རེ་མོས་སུ་བྲིས་པ་མང་དུ་ཡོད་དེ། དཔེར་ན། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས།ལྟེ་བ་འྀ་ཡ་འཚམས་ནས་གྱེན་དུ་སོར་གཅྀག་གཅལ་ཏེ་བཏབ་ན། [14]ཞེས་པ་ལྟ་བུ་མཚམས་ཞེས་པ་ལ་སྔོན་འཇུག་མ་ཡིག་འབྲི་དགོས་པ་ལ་འཚམས་ཏེ་སྔོན་འཇུག་འ་བྲིས་པ་ལྟ་བུའོ། བི་ཇིའི་པོ་ཏི་ཁ་སེར་གྱི་ནང་དུ།མདེའ་བུ་མབྱིན་པའི་ཐབས་ལ་[15]ཞེས་པ་དང་། བདར་མཕྲོའ་དོམ་འཁྲིས་གདབ་[16]ཅེས་པ་དང་།འགོ་འབྱིང་མབྱེད་འཚམས་ན་[17]ཞེས་པ་སོགས་མང་དུ་ཡོད། དམར་བྱང་ལས་ཀྱང་།དོམ་ཁྲིས་འཁྲིས་ཆེན་སྦྱར་ཞེས་པའི་འཁྲིས་དང་། འགོ་ན་ཚ་བ་སྐྱེད་འབྲིའ་འོང་ཞེས་པའི་འགོ་ལྟ་བུའོ།[18]དེ་དག་ནི་མ་སྔོན་འཇུག་དང་འ་སྔོན་འཇུག་བརྗེས་པའི་དཔེ་མཚོན་དམིགས་བསལ་ཅན་སུམ་རྟགས་གཞུང་དང་མི་མཐུན་པའི་འབྲི་སྲོལ་ལགས་སོ། །
གཞན་ཡང་སྔོན་འཇུག་ད་དང་འ་གཉིས་དང་། བ་དང་མ་གཉིས། བ་དང་འ་གཉིས་ཕན་ཚུན་བརྗེ་བའི་སྲོལ་ཡང་ཡོད་ཀྱང་། གནའ་བོའི་གསོ་དཔྱད་དཔེ་རྙིང་ནང་དུ་ཅུང་མཐོང་དཀོན་པས། སྐབས་འདིར་དཔེར་བརྗོད་མ་བཀོད་དོ།།
༤ རྗེས་འཇུག་གི་ཁྱད་ཆོས།
རྗེས་འཇུག་ག་དང་ང་གཉིས་དང་། ང་དང་ཉ་གཉིས་དང་། ད་དང་ན་གཉིས་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཡིན།ཁྱད་པར་དུ་མགོ་ཅན་དང་། འདོགས་ཅན། དབྱངས་ཡོད་པའི་མིང་གཞི་དང་། དེ་བཞིན་མིང་གཞི་རྐྱང་པ་ལ་འ་མཐའ་སྦྱར་བ་ནི་བརྡ་རྙིང་གི་ཁྱད་ཆོས་གལ་ཆེན་པོ་ཞིག་ཡིན། དེ་ཡང་ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས །ཁའ་ཡང་མྱྀ་བདེ:མཆྀལ་མའ་ཡང་ཀོར་ཀོར་པོར་འདུག ། ལྩེ་ཡང་ལྗི་གོ་[19]ཞེས་པའི་ཁའ་དང་མཆྀལ་མའ་ལྟ་བུ། པེ་ཅིང་ནས་བྱུང་བའི་བི་ཇིའི་པོ་ཏི་ཁ་སེར་ལས། ཐུན་མོང་རྩ་ལ་བཞིའ་མ་ཚང་ཞེས་པ་དང་། [20]ལྕེ་ལ་རོ་མྱིད་འགོའ་སྲུབས་བྱེ་བ་ཡིན།ཞེས་པ་དང་།[21]ཆུའ་འཁྲུགས་ན། ཞེས་པ་དང་། [22]རྒྱ་སྲུབས་སུ་བསྐུའ།ཞེས་པ་དང་། [23]རྒྱའ་མཚོའ་གསེར་གྱི་ཕྱེའ་མ།ཞེས་པའི་བཞིའ་དང་། འགོའ།ཆུའ། བསྐུའ། མཚོའ། ཕྱེའ་ལྟ་བུ།[24]དམར་བྱང་ལས། འཁམས་ཀྱི་མདོའ་གློན་ལོ་གསུམ་བྱས། ཞེས་པ་དང་། མཐོའ་གང་སོང་ཡང་དོན་དང་འཛོལ།ཞེས་པའི་མདོའ་དང་། མཐོའ་ལྟ་བུའོ།།[25]
༥ ཡང་འཇུག་གི་ཁྱད་ཆོས།
ཡང་འཇུག་ད་ས་གཉིས་ཕན་ཚུན་བརྗེ་བ་དང་། ཡང་འཇུག་ད་ཡིག་བཀོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཡིན་མོད། འདིར་ཡིག་ཚོགས་ལ་འཇིགས་ནས་དཔེར་བརྗོད་མ་བཀོད་དོ།།
༦ མགོ་ཅན་གྱི་ཁྱད་ཆོས།
༼༡༽ག་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བའི་སྦྱོར་ཚུལ།ག་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་ཡིན་ཏེ། དཔེར་ན་བརྡ་གསར་གཙིགས་ཞེས་པ་ལ་དམར་བྱང་དུ་རྩིགས་ཞེས་པ་དང་། བརྡ་གསར་མི་གཙོ་ཞེས་པ་ལ་དམར་བྱང་དུ་མི་རྩོ་ཞེས་པ་དང་། བརྡ་གསར་གཏར་ཞེས་པ་ལ་དམར་བྱང་དུ་རྟར་ཞེས་པ་དང་། བརྡ་གསར་རྙིང་པ་ཞེས་པར་དམར་བྱང་དུ་གཉིང་པ་ཞེས་པ་དང་། བརྡ་གསར་གདོང་པ་ཞེས་པ་ལ་དམར་བྱང་དུ་རྡོང་པ་དང་། གློའི་རྣག་ཅེས་པ་ལ་དམར་བྱང་དུ་གློའི་གནག་དང་། ཐིག་བཞི་བཞི་གདབ་ཅེས་པ་ལ་དམར་བྱང་དུ་ཐིག་བཞི་བཞི་རྡབ་ཅེས་པ་སོགས་མང་དུ་སྣང་ངོ་།།[26]
༼༢༽ད་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བའི་སྦྱོར་ཚུལ། ད་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་ཡིན་ཏེ། དཔེར་ན་བརྡ་གསར་འབྱུང་བ་དཀའ་ཞེས་པ་ལ་དམར་བྱང་དུ་འབྱུང་བ་རྐ་ཞེས་པ་དང་། བརྡ་གསར་ནད་པའི་རང་ཁྲག་དངོས་ཞེས་པ་ལ་དམར་བྱང་དུ་ནད་པའི་རང་ཁྲག་རྔོས་ཞེས་པ་དང་། བརྡ་གསར་ཕུལ་དགུ་ཞེས་པ་ལ་དམར་བྱང་དུ་ཕུལ་རྒུ་ཞེས་པ་ལྟ་བུའོ། །[27]
གཞན་ཡང་ར་མགོ་དང་ལ་མགོ་གཉིས་དང་། ར་མགོ་དང་ས་མགོ་གཉིས་དང་། ལ་མགོ་དང་ས་མགོ་གཉིས་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་གལ་ཆེ་བ་ཞིག་ཡིན། །
༧ འདོགས་ཅན་གྱི་ཁྱད་ཆོས།
༼༡༽མིང་གཞི་ལ་ཡ་བཏགས་འཇུག་པའི་སྦྱོར་ཚུལ། མིང་གཞི་ལ་ཡ་བཏགས་འཇུག་པ་ནི་བརྡ་རྙིང་གི་ཁྱད་ཆོས་གཞན་ཞིག་ཡིན་ཏེ། དམར་བྱང་གི་ནང་དུ་འཇུག་ཚུལ་དེ་ལྟ་བུ་མང་དུ་སྣང་སྟེ། དཔེར་ན། སྐྱེ་ཐིག་བཞི་ལ་མཐའ་ཐིག་གཉིས།། [28]ཞེས་པ་དང་།། སྐྱེ་ལྟོང་པོ་ནས་མཚན་མའི་དཀྱིལ། [29]ཞེས་པའི་སྐྱེ་ཞེས་པ་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེ་ཞེས་པའི་དོན་ཡིན། སྐྱེག་ལ་བརྟེན་ཏེ་འཆི་དུས་ནི།[30]ཞེས་པ་སྟེ།འདིར་སྐྱེག་ཅེས་པ་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེག་ཅེས་པའི་དོན་ཡིན། ཁྲག་སྐྱེམས་གློ་ལ་ཕན་པར་འགྱུར།། [31]ཞེས་པ་སྟེ། འདིར་སྐྱེམས་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེམས་ཞེས་པའོ། དེ་དག་ནི་མིང་གཞི་ཀ་ལ་ཡ་བཏགས་ཞུགས་པའི་དཔེའོ། །
མིང་གཞི་མ་ལ་ཡ་བཏགས་སྦྱར་བའི་དཔེ་མཚོན་ནི་འདི་ལྟ་སྟེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། ༄།། མྱྀ་བྲོ་འཚལོ་འཚལ་གྱྀ་སྨན་དཔྱད་དཔེ་ཕྱག་སྦལ་ལས་བླངས་པ་མྱྀ་ཞིག་སྨོན་ཁྲག་བྱུང་སྟེ་གཅདུ་མྱྀ་རུང་བ་ལ་བལ་ཐག་གྀས་མཇྀ༼ང༽པ་དང་མཐེ་བོ་ཆ་ནུ་གཉིས་དམ་དུ་བ་[ཀྱིག་]སྟེ་ལྟག་པའྀ་ཀུང་ཀུང་དུ་མཆྀལ་མས་བཏབ་སྟེ། སྔབ་རུས་བཙུགས་ན་རྪྀ། ཞེས་པ་ལྟ་བུའོ།།
བི་ཇིའི་པོ་ཏི་ཁ་སེར་ལས།དམྱིག་ཆེ་ཆུང་དུ་འདུག་ན་། དམྱིག་ཤ་བབས་ན་། ཆུང་བའི་ངོས་ནས་སྐྱོན་ཡོད་པ་ཡིན་ནོ། [32]ཞེས་པ་ལྟ་བུའོ།
དེ་ལྟར་བོད་བཙན་པོ་དུས་སུ་མི་ལ་མྱྀ་དང་། དམིག་ལ་མྱྀག་སོགས་འབྲི་སྲོལ་ཡོད་ཀྱང་། སྐད་གསར་བཅད་གཏན་ལ་བབས་པའི་སྐབས་སུ་ཡི་གེའི་ཟོར་ཡང་བའི་ཆེད་དུ་ཡ་བཏགས་དོར་ནས་དེང་སང་ཡོངས་གྲགས་ཀྱི་འབྲི་སྲོལ་འདི་བྱུང་བ་ཡིན།།
༼༢༽ཡ་བཏགས་འདོར་བའི་སྦྱོར་ཚུལ། ཡ་བཏགས་འཇུག་འོས་པའི་ཡི་གེ་ཡི་ཡ་བཏགས་དོར་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཞན་ཞིག་ཡིན་ཏེ། དཔེར་ན་ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། ཁེའུ་སུས:མ:འཚལ་པར་ཆང་འཐུངས:ན།ཞེས་པ་ལྟ་བུ་ཁྱེའུ་སུས་ཞེས་འབྲི་འོས་པ་ལ་ཁེའུ་སུས་ཞེས་འཁོད་པ་ལྟ་བུ་དང་། [33]དེ་བཞིན་བརྡ་གསར་དགྱེ་དགུ་ཞེས་བྲིས་པ་ལ་དམར་བྱང་དུ་དགེ་དགུ་ཞེས་པ་དང་། ལྔ་སྦྲག་ཅེས་པ་ལ་དམར་བྱང་དུ་ལྔ་སྦགརྩ་ལྟོ་སྦྲགས་ཞེས་པ་ལ་དམར་བྱང་་དུ་རྩ་ལྟོ་སྦགས་ཞེས་པ་སོགས་དཔེར་བརྗོད་མང་དུ་མཆིས་སོ། །[34]
༼༣༽ལ་བཏགས་ཕན་ཚུན་བརྗེ་བའི་སྦྱོར་ཚུལ།ལ་བཏགས་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཏེ། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ་གླད་པའྀ། རུས་པ། ཆག་ན། གླད་པའྀ། ཕགས་པ་བཤུས་ཏེ་རུས། ཟན་ལོག། ཤྀག། དུ་ཕྱུང་ལ།། ཞེས་པ་ཀླད་པ་ལ་གླད་པ་ཞེས་འཁོད་པ་དང་། [35] དེ་བཞིན་བརྡ་གསར་མདོ་བློན་ཞེས་པ་ལ་དམར་བྱང་དུ་མདོའ་གློན་ཞེས་འཁོད་པ་དང་། བརྡ་གསར་ལྤགས་རློན་ཞེས་པ་ལ་དམར་བྱང་དུ་ལྤགས་གློན་ཞེས་པ་དང་། བརྡ་གསར་ཁས་བླང་པ་ཞེས་པ་ལ་དམར་བྱང་དུ་ཁས་བརླང་པ་ཞེས་པ་དང་། བརྡ་གསར་གླ་རྩི་ཞེས་པ་ལ་དམར་བྱང་དུ་བླ་རྩི་ཞེས་པ་ལྟ་བུ་མང་དུ་འབྱུང་ངོ་།།[36]
གཞན་ཡང་ཡ་བཏགས་དང་ར་བཏགས་གཉིས་ཕན་ཚུན་བརྗེ་བའི་དཔེ་མཚོན་ཡང་དཔེ་རྙིང་ནང་ལ་མང་དུ་མཐོང་རྒྱུ་ཡོད་པས།དེ་ཡང་བརྡ་རྙིང་གི་ཁྱད་ཆོས་ཤིག་ཡིན་པར་སྨོས་མ་དགོས་སོ།།
༨ རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཁྱད་ཆོས།
༼༡༽འབྲེལ་སྒྲའི་སྦྱོར་ཚུལ། སྤྱིར་སུམ་ཅུ་པའི་གཞུང་ལྟར་ན། རྗེས་འཇུག་ན་མ་ར་ལ་བཞི་ཡི་རྗེས་སུ་འབྲེལ་སྒྲའི་ཕྲད་གྱི་དང་། རྗེས་འཇུག་ད་བ་ས་གསུམ་གྱི་རྗེས་སུ་ཀྱི་དང་། རྗེས་འཇུག་ག་ང་གཉིས་ཀྱི་རྗེས་སུ་གི་འཇུག་གི་ཡོད། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། མྱྀ་ཞྀག་གློ་རུལ་དེ་མྱྀ་རུང་ན་གློ། །རྩྀ་ཞེས་མཆྀ་འོ་འཚལ་དང་རྀ་དགས:ཐམ་ཤད་གྱྀ་གློ་ཕྱེ་དང་བྱ་ཐམ་ཤད་གྱྀ་གློ།ཕྱེ་དང་བྱ་རྒོད་གྱྀ་གློ་བ་དང་དེ་རྣམས་ཆང་ཉྀང་གུ་ལ་སྦྱར་དེ:འཚལ་ན་རྩྀ་ཞེས་པ་ལྟ་བུ་དང་། །[37]བི་ཇིའི་པོ་ཏི་ཁ་སེར་ལས།ཡིད་བཞིན་ཀྱི་ནོར་བུ་།[38]ཞེས་པ་དང་། ནང་གྲོལ་དྲུག་གྱི་རྩ་ཡིན་ཏེ། [39]ཞེས་པ་དང་། དཔག་བསམ་ཤིང་གྱི་རྩེ་མོར་འབྲེལ།[40]ཞེས་པ་དང་། སྟེང་ན་རྒྱབ་གྱི་བཤུལ་འཕྱན་འབྱུང་། [41]ཞེས་པ་དང་། ཁྲག་གྱི་ཐིག་ལེ། [42]ཞེས་པ་སོགས་རྗེས་འཇུག་ན་ཡི་རྗེས་སུ་འབྲེལ་སྒྲ་ཀྱི་དང་། རྗེས་འཇུག་ག་ད་བ་ཡི་རྗེས་སུ་འབྲེལ་སྒྲ་གྱི་སྦྱར་བ་ལྟ་བུ་སུམ་ཅུ་པའི་གཞུང་དང་མི་མཐུན་པ་མང་དུ་སྣང་ངོ་། །
༼༢༽རྒྱན་སྡུད་ཀྱི་སྦྱོར་ཚུལ།སུམ་ཅུ་པའི་གཞུང་དུ་ཀྱང་ཡང་འང་གསུམ་ལ་རྒྱན་སྡུད་ཅེས་བྱ་སྟེ། དེ་ཡང་གནའ་བོའི་ཡིག་ཚང་ཁག་ཏུ་ཀྱང་དང་གྱང་གཉིས་རེ་མོས་སུ་སྤྱོད་པ་མང་དུ་ཡོད། དེ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་སྟེ། དཔེར་ན། ཏུན་ཧོང་ནས་ཐོན་པའི་གསོ་རིག་ཡིག་ཆ་ལས། དེས། གྱང་མ་ཕན་ན་དུག་གྱྀ། རྩྀ། ཐམ་ཤད:བསྩོགས་ཏེ། འགྲོང་དུ། བདུགས། ན་རྩྀ། [43]ཞེས་པ་ལྟ་བུའོ།
བོད་བཙན་པོའི་སྐབས་ཀྱི་གསོ་རིག་ཡིག་ཆ་ཁག་ཏུ་འདིར་མ་འཁོད་པའི་བརྡ་རྙིང་གི་ཁྱད་ཆོས་གཞན་ཡང་མང་དུ་ཡོད་ཀྱང་ཅུང་ཟད་མཐོང་དཀོན་པས་འདི་ཙམ་གྱིས་རེ་ཞིག་འཐུས་པར་བྱས་སོ། །
ལྔ་པ། མཇུག་བསྡུ་བ།
གསོ་རིག་དཔེ་རྙིང་ནི་གསོ་རིག་ཞིབ་འཇུག་བྱ་ཡུལ་ཤིན་ཏུ་གལ་ཆེན་པོ་ཞིག་རེད། དེང་སང་གང་ཟག་རེས་འགས་ནད་ཐོག་དང་སྨན་རྫས་ཞིབ་འཇུག་ནི་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་དང་། དཔེ་རྙིང་དང་ལོ་རྒྱུས་ཞིབ་འཇུག་ནི་དགོས་པ་དེ་ཙམ་མེད་ཚུལ་བཤད་དང་འཆད་བཞིན་ཡོད། དེ་ནི་མ་བརྟག་མ་དཔྱད་པ་དང་།མ་རྟོགས་དང་ལོག་རྟོག་དབང་གིས་སྨྲས་པའི་གཏམ་ཞིག་ཡིན་པར་སེམས། དཔེ་རྙིང་དང་ལོ་རྒྱུས་སྐོར་གྱི་གནད་འགག་མང་པོ་ཞིག་མ་གྲོལ་ན། ནད་ཐོག་དང་སྨན་རྫས་ཞིབ་འཇུག་བྱེད་རྒྱུ་ལ་དཀའ་ཚེགས་ཆེན་པོ་འཕྲད་སྲིད་པ་ནི་སྨོས་མེད་རེད། དེས་ན་དཔེ་རྙིང་ཞིབ་འཇུག་ནི་བོད་ཀྱི་གསོ་རིག་ཞིབ་འཇུག་ནང་གི་རྨང་གཞི་ལྟ་བུ་ཞིག་ཡིན་པར་མཐོང་བས།ཞིབ་འཇུག་བྱེད་རྒྱུར་དགོས་པ་ཆེན་པོ་འདུག་སྙམ། འོན་ཀྱང་ཞིབ་འཇུག་གི་ཐབས་ལམ་ཡང་དག་པ་ཞིག་མ་ཤེས་ན། དཔེ་རྙིང་ཞིབ་འཇུག་ཚུལ་བཞིན་བྱེད་མི་ཐུབ་པས། ཞིབ་འཇུག་ཐབས་ལམ་ཡང་དག་པ་ཞིག་རྟོགས་པར་བྱེད་རྒྱུ་ནི་གནད་འགག་ཆེན་པོ་ཡིན་པར་མཐོང་། གཞན་ཡང་། མི་རིགས་ཀྱི་ལ་རྒྱ་དང་། ཆོས་ལུགས་ཀྱི་འཐེན་ཁྱེར། སྒེར་གྱི་ཆགས་སྡང་སོགས་ཀྱི་དབང་དུ་སོང་ནས་ཞིབ་འཇུག་བྱེད་ཁུལ་བྱས་ན་འབྲས་བུ་རྣམ་དག་ཅིག་ནམ་ཡང་འབྱུང་བར་དཀའ་བས། ཅི་ནས་ཀྱང་བློ་གཟུ་བོར་གནས་ནས་དཔྱད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་གསལ་འདེབས་ཀྱི་ཚུལ་དུ་ཞུ་རྒྱུ་ལགས་སོ།། །།
དཔྱད་གཞིའི་ཡིག་ཆ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།ཤེས་བྱ་ཀུན་ཁྱབ། (བར་ཆ།) པེ་ཅིང་།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ1985ལོར་དཔར།
བི་ཇིའི་པོ་ཏི་ཁ་སེར་ཞེས་བྱ་བ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་ཕྱུང་བ།པེ་ཅིང་།མི་རིགས་ཕོ་བྲང་དུ་བཞུགས་པའི་བྲིས་མ་དཔར་སློག་རྒྱབ་པ།འདིར་བསྡུས་མིང་དུ་༼པེ་ཅིང་ཁ་སེར༽ཞེས་བཏགས།
བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ།བྲིས་པ་དཔར་སློག་རྒྱབ་པ། [བསྡུས་མིང་།དམར་བྱང་།བྲིས་མ།]
ཟུར་མཁར་བློ་གྲོས་རྒྱལ་པོ།སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའི་ཁོག་དབུབས།ཁྲེན་ཏུ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ་2001ལོར་དཔར།
ལུའོ་པིང་ཧྥེན།ཏུན་ཧོན་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བཏུས། པེ་ཅིང་།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ2002ལོར་དཔར།
ས་པཎ་ཀུན་དགའ་རྒྱལ་མཚན།ཚད་མ་རིགས་གཏེར། པེ་ཅིང་།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ1988ལོར་དཔར།
སུམ་སྟོན་ཡེ་ཤེས་གཟུངས།འབུམ་ནག་གསལ་སྒྲོན།།འབུམ་ཆུང་གསལ་སྒྲོན། པེ་ཅིང་།མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ2013ལོར་དཔར།
[1]ས་པཎ་ཀུན་དགའ་རྒྱལ་མཚན། 1988ལོར།ཤོག 341
[2]ཟུར་མཁར་བློ་གྲོས་རྒྱལ་པོ། 2001ལོར།ཤོག 279
[3]ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 1985ལོར།ཤོག 271
[4]ལུའོ་པིང་ཧྥེན། 2002ལོར།ཤོག 179-180
[5]ལུའོ་པིང་ཧྥེན། 2002ལོར།ཤོག 235
[6]པེ་ཅིང་ཁ་སེར།ཤོག 40མདུན།
[7]དམར་བྱང་།བྲིས་མ།ཤོག 8རྒྱབ། 10རྒྱབ། 19 རྒྱབ། 22མདུན།
[8]ལུའོ་པིང་ཧྥེན། 2002ལོར།ཤོག 184
[9]ལུའོ་པིང་ཧྥེན། 2002ལོར།ཤོག 182
[10]ལུའོ་པིང་ཧྥེན། 2002ལོར།ཤོག 184
[11]ལུའོ་པིང་ཧྥེན། 2002ལོར།ཤོག 182
[12]ལུའོ་པིང་ཧྥེན། 2002ལོར།ཤོག 179-180
[13]ལུའོ་པིང་ཧྥེན། 2002ལོར།ཤོག 185
[14]ལུའོ་པིང་ཧྥེན། 2002ལོར།ཤོག 216
[15]པེ་ཅིང་ཁ་སེར། ཤོག 32རྒྱབ།
[16]པེ་ཅིང་ཁ་སེར། ཤོག 36རྒྱབ།
[17]པེ་ཅིང་ཁ་སེར། ཤོག 45རྒྱབ།
[18]དམར་བྱང་།བྲིས་མ།ཤོག 17རྒྱབ-18མདུན། 21རྒྱབ།
[19]ལུའོ་པིང་ཧྥེན། 2002ལོར།ཤོག 181
[20]པེ་ཅིང་ཁ་སེར། ཤོག 4མདུན།
[21]པེ་ཅིང་ཁ་སེར་། ཤོག 5མདུན།
[22]པེ་ཅིང་ཁ་སེར་། ཤོག 12རྒྱབ།
[23]པེ་ཅིང་ཁ་སེར་། ཤོག 16མདུན།
[24]པེ་ཅིང་ཁ་སེར་། ཤོག 31མདུན།
[25]དམར་བྱང་།བྲིས་མ།ཤོག 1རྒྱབ། 6མདུན།
[26]དམར་བྱང་།བྲིས་མ།ཤོག 1རྒྱབ། 6རྒྱབ། 9རྒྱབ། 16རྒྱབ། 2མདུན། 24རྒྱབ།
[27]དམར་བྱང་།བྲིས་མ།ཤོག 14རྒྱབ། 18མདུན། 21མདུན།
[28]དམར་བྱང་།བྲིས་མ།ཤོག 6རྒྱབ།
[29]དམར་བྱང་།བྲིས་མ།ཤོག 8མདུན།
[30]དམར་བྱང་།བྲིས་མ།ཤོག 12རྒྱབ།
[31]དམར་བྱང་།བྲིས་མ།ཤོག 15རྒྱབ།
[32] པེ་ཅིང་ཁ་སེར། ཤོག 6མདུན།
[33]ལུའོ་པིང་ཧྥེན། 2002ལོར།ཤོག 180
[34]དམར་བྱང་།བྲིས་མ།ཤོག 11མདུན། 12མདུན། 17མདུན།
[35]ལུའོ་པིང་ཧྥེན། 2002ལོར།ཤོག 184
[36]དམར་བྱང་།བྲིས་མ།ཤོག 2རྒྱབ། 4མདུན། 13རྒྱབ། 23རྒྱབ།
[37]ལུའོ་པིང་ཧྥེན། 2002ལོར།ཤོག 179-180
[38]པེ་ཅིང་ཁ་སེར། ཤོག 1རྒྱབ།
[39]པེ་ཅིང་ཁ་སེར། ཤོག 3མདུན།
[40]པེ་ཅིང་ཁ་སེར། ཤོག 3མདུན།
[41]པེ་ཅིང་ཁ་སེར། ཤོག 3རྒྱབ།
[42]པེ་ཅིང་ཁ་སེར། ཤོག 5མདུན།
[43]ལུའོ་པིང་ཧྥེན། 2002ལོར།ཤོག 185
རྩོམ་ཁུངས། བོད་སྨན་ཞིབ་འཇུག
བཀླགས་ཟིན།