ཨོ་གླིང་། འདྲེ་གླེན་པ།
སྐྱ་རེངས་མ་ཤར་པས་རྨི་ལམ་གྱི་གཤོག་པ་ཆད་མེད།།
རྦ་རླབས་མ་འཕྱུར་བས་མིག་ཆུ་ཡི་གཏམ་རྒྱུད་རྫོགས་མེད།།
ཟླ་འོད་མ་ཚེས་པས་ཞལ་ཁྱིམ་གྱི་མཛེས་པ་ཤར་མེད། །
གླུ་སྐད་མ་གྲག་པས་རི་གྲོང་གི་དགོད་སྒྲ་བོར་མེད།
ཁྱེད་རང་སྐྱེས་པ་ཡང་ཚེ་སྲོག་ཅིག་མ་རེད།། རྨི་ལམ་ཞིག་རེད་དོ།།
ཐང་ཆེན་མ་བརྒྱབ་པས་རྟ་མཆོག་གི་གོམ་སྒྲ་རྙེད་མེད།།
ལ་ཆེན་མ་བརྒལ་བས་འབྲོང་རྒོད་ཀྱི་རྭ་རྩེ་མཐོང་མེད།།
སྡེ་ཆེན་མ་འགྲིམ་པས་ཁྲོམ་ཆེན་གྱི་མྱི་ཁ་ཕོག་མེད།།
སྨུག་སྤྲིན་མ་འཐིབ་པས་བརྩེ་དུང་གི་ན་ཟུག་མྱོང་མེད།།
ཁྱེད་རང་སྐྱེས་པ་ཡང་ངུ་སྐད་ཙམ་མ་རེད།། མིག་ཆུ་ཞིག་རེད་དོ།།
དབྱར་ཀ་མ་ཤར་བས་ཉི་ནུབ་ཀྱི་བསིལ་བ་ཐོབ་མེད།།
དགུན་ཀ་མ་ཐོན་པས་རི་སྤྱང་གི་ངུ་ཟུག་ཚོར་མེད།།
སྟོན་ཀ་མ་ཚེས་པས་སྡོང་བོ་ཡི་སྐྱོ་ཉམས་རིག་མེད།།
དཔྱིད་ཀ་མ་སླེབས་པས་ཁྲུང་ཁྲུང་གི་གཤོག་འགྱུར་མཐོང་མེད།།
ཁྱེད་རང་སྐྱེས་པ་ཡང་ཞེ་སྡང་ཞིག་མ་རེད།། བརྩེ་དུང་ཞིག་རེད་དོ།།
1/6/21 ཉིན་གྱི་ཞོགས་པ་འཚིག་ཇ་ཁང་ཞིག་ན་གཅིག་པུར་ཁོ་ཧྥེ་ཞིག་འཐུང་བཞིན་པ་ན་སྐད་འཕྲིན་ན་ནུ་བོས་འཕྲིན་ཐང་ཞིག་བཞག་ཡོད་པ་མཐོང་“དེ་རིང་ངའི་སྐྱེ་སྐར་རེད་ཅེས་ཟེར་”བ་མཐོང་འཕྲལ་དེང་རབས་ཀྱི་ཚིག་གསར་གཅིག་ཀྱང་ཤོར་མ་བཅུགས་པར་གནའ་བོའི་བོད་ཀྱི་རྩོམ་གསར་གྱི་འབྲི་སྟངས་ཁོ་ན་བཀོལ་ནས་སྐྱེ་སྐར་ལ་འཚམས་འདྲིའི་ཟོལ་ཏུ་བྲིས། རྒྱུ་མཚན། ཁོ་རང་རྩྭ་ཐང་དུ་སྐྱེས། བག་ཆགས་ཆེ་ཤོས་ཀྱང་རྩྭ་ཐང་ལ་བཞག རྩྭ་ཐང་དུ་སྐྱེ་བའི་མི་ཞིག་ལ་མཚོན་ན་རྨི་ལམ་དང་ཚོར་བ་ཡོད་ཚོད་པོ་དགུང་གི་ཉི་ཟླ་སྐར་གསུམ་གྱི་འཁོར་སྟངས། ས་ཡི་རྩི་ཤིང་ནགས་ཚལ་གྱི་སྐྱེ་སྟངས། སྒོ་ཕྱུག་རྟ་ནོར་ལུག་གསུམ་གྱི་སྐྱེ་འཆི། ད་དུང་འདབས་ཆགས་བྱ་དང་བྱེའུ་སྐད་ཅོར། དབྱར་དགུན་སྟོན་དཔྱིད་ཀྱི་ནམ་ཟླའི་འགྲོ་སྟངས་སོགས་ལ་རྨི་ལམ་དང་ཚོར་བ་བཅོལ་མ་མྱོང་མཁན་སུ་ཞིག་ཡོད་དྲན་ཞོར་དུ་ས་མཐའི་ཕུ་བོ་མིང་འཛིན་པ་འདྲེ་གླེན་པས།