གཡུ་སྒང་དགེ་འདུན།
རང་སྣང་དག་པ་ལྷ་ཡི་ཞིང་ཁམས་བཟུང་།།
རང་བྱས་སྡིག་ཉེས་དགེ་བའི་ལས་སུ་བསམ།།
རང་ངོའི་སྐྱོན་གྱི་གཡག་རོ་རེ་ལྡེས་བཀབ།།
རང་སྐྱོན་གཞན་ལ་གཡོག་པའི་འདྲེ་ཚོགས་བདོ།།
ལེགས་བྱས་ལོག་པར་ལྟ་བའི་སྲིན་བྱ་རྣམས།།
ཞེན་ཁོག་དུག་གིས་བཟི་བའི་སྤྱོད་ཚུལ་དེས།།
བདེན་དོན་རྡུལ་དུ་བརླག་པའི་བསམ་སྦྱོར་ལ།།
རེ་བའི་ཨ་ཐང་མི་ཆད་སུ་ཞིག་ཡོད།།
འཇིག་རྟེན་ཡོད་ཚད་ང་དབང་ངའི་ཡིན་གྱི།།
འདོད་རྔམས་རི་ལུང་གང་བའི་ཁྱི་ཚོགས་དེའི།།
ཆ་མེད་རྒྱུས་མེད་གྲོང་ནས་ངུ་ཟུག་གིས།།
དགྲ་དགའ་གཉེན་སྡུག་བྱེད་པ་ཡ་ངའི་རྒྱུ།།
ལས་བྱས་ཚུལ་མིན་ཁྲིམས་ཀྱི་རྒྱབ་ཤ་སྲབ།།
དཀར་ནག་འབྱེད་ལ་མིག་གི་མཐོང་སྣང་འཁྲུལ།།
ཨུ་ཚུགས་གདོང་འབག་མཐུག་པོའི་བ་གླང་འགས།།
ཁུངས་མེད་གཏམ་གྱི་ཐལ་རྡུལ་དབྱིངས་ལ་གཏོར།།
སྤྱི་ཚོགས་རྩྭ་སྐྱའི་གཡོ་གཏམ་ལྷགས་པས་དེད།།
ཀླད་མེད་བྱིས་བློའི་ངུ་སྐད་རླུང་ལ་སྤུར།།
ལྡེབས་རིས་སྟག་གཟུགས་དོན་དངོས་ཡིན་སྙམ་གྱི།།
འཁྲུལ་བའི་སྐྱེ་བོ་མིག་ལོང་མང་ལ་ལྟོས།།
༢༠༢༡ ཟླ་ ༠༦ ཚེས་ ༠༨ ཉིན།
ལེགས་པོ་བྲིས་འདུག