སོ་རུ་ཚེ་རིང་།
ཁྲོ་ཞིང་ནག་པའི་མཁའ་དབྱིངས
གཡོ་ཞིང་འགུལ་བའི་ས་འཛིན
བརྗིད་ཅིང་འདར་བའི་ལྷུན་པོ
འཕྱོ་ཞིང་རྒྱུགས་པའི་གཙང་པོ
ཀྱེ་མ
དེ་ལས་ཀྱང་འཇིགས་སུ་རུང་བ་ནི
མིག་ཟུང་འབུམ་ཕྲག་གི་མདུན་ངོགས་ན
ལམ་ལམ་དུ་མཆེད་པའི་མེ་ལྕེ་རེད
ལྟོས་དང
མེ་ལྕེའི་ཟིལ་ཤུགས་ལ་ཞུམ་པ་མེད་ལ
མེ་ཡི་ཕུང་བོ་ནི་རྟ་གདོང་གི་རི
ཉི་འོད་ཀྱི་མདངས
འཇིགས་པའི་ཉམས
ཉོན་དང
མེ་ལྕེའི་ཤུགས་སྒྲ་མཐོ་ཞིང་ཙག་སྒྲ་ལྡན་ལ
འགུལ་ཤུགས་ཀྱི་ངར་སྐད་ནི་གཟེངས་སུ་སྔངས་པའི་གདངས
དཔའ་བོའི་གླུ
འཁུན་པའི་སྒྲ
གདུང་བའི་དབྱངས
ཀྱེ འདི་ནི་རང་བཞིན་གྱི་མེ་ལྕེ་ཕལ་བ་ཞིག་མ་ལགས་ཏེ
འཇིགས་ཤིང་རྔམ་པའི་ཉམས
ཁྲོ་ཞིང་གཉེར་བའི་སྟོབས
ཐེ་ཚོམ་བྲལ་བའི་མཛངས
དྲག་ཏུ་མཆེད་པའི་ལུས
འཁངས་ཤིང་དྲེགས་པའི་དཔའ
སེམས་གཤིས་འགུལ་བའི་གདངས
འདི་ནི གདོང་དམར་ཐུ་བྷོད་ཀྱི་དཔའ་རྒོད་རྣམས་ཀྱི་མེ་ལྕེའི་བཀྲགས་མདངས་རེད
འདི་ནི དུས་རབས་ཉེར་གཅིག་པའི་གངས་ཅན་དཔའ་བོ་དཔའ་མོ་རྣམས་ཀྱི
འཚེ་མེད་ཀྱི་ཉམས་འགྱུར
ཞུམ་མེད་ཀྱི་བློ་སྟོབས
མེ་ལྕེ་ཡི་འབོད་བརྡ་རེད
ཀྱེ་ཀྱེ མེ་ལྕེ་ཡི་བཀྲགས་མདངས་ཡཱ
བཀྲགས་མདངས་ཀྱི་མེ་ལྕེ
ཁྱེད་ལ་ཐེ་ཚོམ་བྲལ་བའི་བློ་སྟོབས་དང
འགོག་པ་མེད་པའི་སེམས་ཤུགས
འཛད་ཡ་མེད་པའི་དཔུང་རྡང
ཕངས་པ་མེད་པའི་ཆོད་སེམས་འདི་ལྟ་བུ་ཞིག་ཇི་ལྟར་སྐྱེས་པ་ཡིན
རེད་དེ
དཔྱིད་གསུམ་སྔོ་ཟི་ཡིས་བསྐྲུན་པའི་མེ་འོད
དབྱར་གསུམ་ཉི་འོད་ཀྱིས་བསྲད་པའི་མེ་རི
སྟོན་གསུམ་རྩི་ཤིང་གིས་སྒྲོན་པའི་མེ་འོབས
དགུན་གསུམ་རླུང་བུས་སྤར་བའི་མེ་དཔུང
གཞན་ཡང
མེ་བྱི མེ་གླང མེ་སྟག མེ་ཡོས མེ་འབྲུག མེ་སྦྲུལ མེ་རྟ མེ་ལུག མེ་སྤྲེལ མེ་བྱ མེ་ཁྱི མེ་ཕག
ཁྱེད་ནི་དྲག་འཕྱུར་གྱི་མེ་ལྕེ་ཞིག་ལགས་པས
སྨག་རུམ་གྱི་ཀློང་ནས་འབར་བར་ཕོད
ཁྱེད་ནི་ངར་ཤུགས་འཛོམས་པའི་མེ་དཔུང་ཞིག་ཡིན་པས
ཤ་ཁྲག་གི་གསེང་ལས་མཆེད་པར་ངར
ཁྱེད་ལ་ཆོས་ཉིད་ཀྱི་གྲུབ་ཚུལ་མངའ་ཞིང་སྤོབས་པ་དང་ལྡན་པས
ཁྱེད་ཀྱི་སེམས་རྒྱ་ནི་ཡངས་ཤིང་ལུས་སྟོབས་བརྟས་པས་རྔམ་སྟབས་ཆེ
ཁྱེད་ནི་ཁེངས་པ་བྲལ་ཞིང་དྲེགས་པའི་སྣང་བ་བྲལ་བས
ཁྱེད་ཀྱི་མཆེད་ཤུགས་མྱུར་ལ་འབར་ཡུན་རིང
ཁྱེད་ལ་སྣུམ་ཤེད་རྒྱས་ཤིང་གཞོམ་ནུས་ལྡན་པས
ཁྱེད་ཀྱི་ལུས་སེམས་གསལ་ལ་དཔའ་བའི་རྩལ་ཤུགས་རྒྱས
མེ་ལྕེ་ཡཱ
ཁྱེད་ནི་མི་རིགས་ཀྱི་དཔའ་པོ་དང
ལོ་རྒྱུས་ཀྱི་རྡོ་རིང་རེད
ཁྱེད་ཀྱི་ཆོད་སེམས་བརྟན་པོའི་མཛད་རྗེས་རེ་རེའི་གསེང་ན
མཐོ་སྒང་ཁ་བའི་དར་རྒུད་ཀྱི་རྣམ་ཤེས་འདྲེས་ཡོད་ལ
ཁྱེད་ཀྱི་འཚེ་མེད་ཞི་བའི་བཞུད་ལམ་རེ་རེའི་ཤུལ་ན
ཆོས་ལྡན་བོད་མིའི་བདེན་དོན་གྱི་མིག་ཆུ་སྦས་ཡོད
ཁྱེད་མེད་ན
མཐོ་བོད་གངས་ཅན་པའི་ཕ་ཤུལ་སུ་ཡིས་འཛིན
ཁྱེད་མེད་ན
མ་འོངས་བོད་མིའི་ཕུགས་འདུན་གྱི་གློ་སྙིང་སུ་ལ་བཅོལ
ཁྱེད་མེད་ན
གཞོན་པ་ཚོར་སེམས་ཤུགས་ཇི་ལྟར་གསོ
མདུན་བསྐྱོད་ཀྱི་གོམ་སྒྲ་དང་འཇིགས་བྲལ་གྱི་ཟིལ་ཤུགས་ཀྱང་རྒྱས་མི་ཐུབ
གཅིག་བྱས་ན
ཁྱེད་ཀྱི་དྭངས་གཙང་གི་སེམས་པ་དེའི་ནང་ཤེད་ན
བཟོད་མེད་ཀྱི་རྨ་ཁ་དང
བཅོས་མེད་ཀྱི་ཟུག་རྔུ
མནར་གཅོད་ཀྱི་གོ་རིམ
གྱེལ་བྲལ་གྱི་མིག་ཆུ
ཞེ་མཁོན་གྱི་ལྟ་བ་སོགས་ཡོད་ཀྱང་སྲིད་མོད
ཡིན་ཡང
ཀུན་ཁྱབ་ཀྱི་སེམས་དང་གཞན་ཕན་གྱི་འོད་སྣང་མངའ་བས
གདུག་རྩུབ་ཀྱི་ཡོ་ལང་བཙན་པོས་ཁྱེད་ཀྱི་སེམས
རྨེག་མེད་དུ་བཅོམ་པའི་དུས་སྐབས་ཤིག་ཡེ་ནས་མ་མཆིས་ལ
ལམ་ལམ་དུ་མཆེད་པའི་ཁྱེད་ཀྱི་གཟི་འོད་ཀྱི་བགྲོད་ལམ
ཅི་ཙམ་སྒྲིབ་ཀྱང་བསུབ་པའི་ངེས་བ་ནི་དེ་བས་ཀྱང་ག་ལ་ཡོད
རྒྱུ་མཚན་ཏེ
ཁྱེད་ཀྱི་སེམས་རྒྱུད་བྱམས་བརྩེ་དང་འདྲིས་ཤིང
ཁྱེད་ཀྱི་རེ་སྙེག་བདེན་དོན་དང་འབྲེལ་ཡོད་པའི་ཕྱིར
ཁྱེད་ཀྱི་མི་ཚེ་ཡི་བགྲོད་ལམ་དེ་ནས
ང་ཚོ་ལ་སྤོབས་པ་དང་ཕུགས་འདུན་གནང་བ་དང
ཁྱེད་ཀྱི་དུས་རབས་འདིར་བཞག་པའི་དབྱངས་རྟ་ངར་མས
ང་ཚོ་ལ་སད་རྟོགས་དང་བློ་གྲོས་བསྩལ་བྱུང
བླགས་པ་ཨེ་བྱུང་ངམ
མེ་ལྕེ་ལགས
སྐྱིད་སྡུག་མཉམ་མྱོང་གི་ང་ཚོའི་སྐྱོ་བ་འདི་དག་ཁྱེད་ཀྱིས་བླགས་པ་ཨེ་བྱུང
སྙན་ངག་པའི་སེམས་ཁམས་གདུང་བས་གཟེར་ན་ཇི་ལྟར་བྱ
སྡེབ་སྦྱོར་གྱི་དབྱངས་རྟ་མིག་ཆུས་གཙུབ་ན་ཇི་ལྟར་བྱ
མངོན་བརྗོད་ཀྱི་རྦ་རླབས་དྲག་ཏུ་ལྡིང་ན་ཇི་ལྟར་བྱ
ཟློས་གར་གྱི་སྟེགས་བུ་སྐྱོ་གར་གྱིས་ཁེངས་ན་ཇི་ལྟར་བྱ
སྐར་རྩིས་ཀྱི་དུས་སྦྱོར་འཇིགས་པས་ལན་ན་ཐབས་ཇུས་ཇི་ལྟར་བྱ
འཛམ་གླིང་གི་མགྲོན་པོ་ལྟད་མོར་ཕེབས་ན་བསུ་མ་ཇི་ལྟར་བྱ
ལགས་སོ
མེ་ལྕེ་ལགས
ཁྱེད་ཀྱི་མ་འདྲེས་པའི་མཛའ་གཤིས་ལས་བྱུང་བའི་ལན་དེ་དག
ང་ཚོའི་སེམས་ལ་སྦྲུལ་ལ་གླ་སྤུ་ཟུག་པ་བཞིན་མངའ་ལ
ངོ་མ
དཔང་བར་མཐོ་བའི་ཁ་རྩང་གི་ལོ་རྒྱུས་ཀྱིས་དེ་རིང་གི་ཚབ་མཚོན་བྱེད་མི་ཐུབ་ན
དེ་རིང་གི་ཞི་རྒོལ་དེས་སང་ཉིན་གྱི་རྒུད་པ་མི་སངས་པའི་ངེས་པ་ཅི་ལ་མཆིས
ཐོབ་པར་ངལ་བའི་བདེན་དོན་གྱི་ལོ་རྒྱུས་ལ
དུས་དང་བསྟུན་པའི་ཤེས་རབ་དང་བློ་གྲོས་མཆིས་ན
དར་རྒུད་ཀྱི་གནད་ཀ་ཐག་གིས་ཆོད་ཡོང་ལ
འདྲ་མཉམ་གྱི་གསོན་ཤུགས་རྒྱས་ཐུབ་པར་མ་ཟད
སྔོན་ཐོན་གྱི་གྲལ་དུ་ཚུད་པ་དེ་བས་ཀྱང་ངོ
ཀྭ་ཡེ
མེ་ལྕེ་ལགས
ཁྱེད་ཀྱི་འུར་ཆེམ་ཆེམ་དུ་འབར་བའི་མེ་འོབས་དང
ལམ་མེར་མཆེད་པའི་མེ་སྟག་ལས
ང་ཚོ་སྟེ
ཐུ་བྷོ་ཊའི་མི་བུ་ཚོའི་དཔའ་མཛངས་དང་བློ་སྟབས་མཚོན་པ་དང
ཁྱེད་ཀྱི་ལྕུག་ལྕུག་ཏུ་གཡོ་བའི་མེ་ལྕེ་དང
ལྷང་ལྷང་དུ་གསལ་བའི་ཤུགས་སྒྲ་ལས
ང་ཚོ་སྟེ
མཐོ་བོད་གངས་ཅན་པའི་རྒན་དར་གཞོན་གསུམ་ཚོའི་སེམས་ཤུགས་དང་འདུན་པ་མཚོན་འདུག
གཉའ་གནོན གདུག་རྩུབ དྲག་སྤྱོད བཙན་ཤེད
ང་ཚོའི་མི་རིགས་ལ་ཞུམ་པ་ཡེ་ནས་མེད
ཐོབ་ཐང འདྲ་མཉམ དྲང་བདེན གནས་ལུགས
ང་ཚོའི་མི་རབས་འདིར་བག་འཁུམ་གཏན་ནས་མེད
མེ་ལྕེ་ཡཱ་མེ་ལྕེ
ང་ཚོའི་སེམས་ནི་ཁྱེད་ཀྱི་འུར་སྒྲ་དང་ལྷན་དུ་འབར་བ་དང
ང་ཚོའི་སེམས་ཤུགས་ཁྱེད་ཀྱི་བཀྲག་མདངས་དང་འགྲོགས་ནས་མཆེད་ཡོང
འབྱུང་འགྱུར་གྱི་ལམ་འཕྲང་རེ་རེ་ན
ཟང་ཟིང་དང་ཀྱག་ཀྱོག་གི་ངར་འདུ་ཧ་ཅང་རྒོད་ན་ཡང
མཐོ་བོད་གངས་ཅན་པའི་མི་རབས་འདི་ལ་ཞེན་སྣང་གི་སྐབས་ཤིག་རྟིང་ནས་བྲལ་ཞིང
ང་ཚོས་རང་མི་རིགས་འདི་ལ་རེ་སྙེག་གི་བགྲོད་ལམ་གསར་བ་ཞིག་འཚོལ་ངེས་ལགས
ལྟོས་དང
བར་མཚམས་བྲལ་བའི་དཔུང་རྡང་དེ་ནི
མཐོ་བོད་གངས་ཅན་པའི་དཔའ་རྒོད་ཚོའི་འཇིགས་ཉམས་རེད
བདེན་དོན་གྱི་གླུ་སྒྲ
མཐུན་སྒྲིལ་གྱི་སྟོབས་ཤུགས
ཡལ་མེད་ཀྱི་དམ་བཅའ
ཕངས་མེད་ཀྱི་གཅེས་སྲོག
མེ་ལྕེའི་བཀྲག་མདངས་ལ་འཇིགས་པ་མེད་ཅིང
བཀྲག་མདངས་ཀྱི་མེ་ལྕེ་ནི་དེ་བས་ཀྱང་གཟིམ་པ་ག་ལ་མཆིས
འདི་ནི
མཐོ་བོད་གངས་ཅན་པའི་མི་རབས་གསར་བའི་ངག་སྒྲོས་ལས་བྱུང་བའི་བཀྲག་མདངས་ཀྱི་མེ་ལྕེ་རེད
འདི་ནི
མཐོ་བོད་གངས་ཅན་པའི་མི་བུ་ཚོའི་སེམས་གཏིང་ན་འབར་བའི་མེ་ལྕེའི་བཀྲག་མདངས་རེད
བོད་རྒྱལ་ལོ་ ༢༡༤༡ རབ་བྱུང་བཅུ་བདུན་པའི་ཐ་སྐར་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་རེས་གཟའ་ཉི་མའི་ཉིན་ནང་སྦྱོང་ཚུལ་དུ་གྲུབ་པར་བྱས།