བློ་གྲོས་རབ་བརྟན།
༡༽གོང་ས་མཆོག་གི་ཐུགས་རེ་ལྟར་བྱུང་མེད།
བཙན་བྱོལ་དུ་མི་རབས་གསར་བ་ཞིག་འོས་བསྡུའི་ལམ་ནས་བདམས་ཐུབ་པ་དེ་གཟི་བརྗིད་ཅིག་དང་། མ་འོང་བའི་བཙན་བྱོལ་སྤྱི་ཚོགས་སྲ་བརྟན་གནས་པར་ལས་དོན་གལ་ཆེན་དོན་ཆེན་ཞིག་ཡིན་སྟབས། བློ་སེང་ཁྲི་སྟོན་མཛད་སྒོར་གོང་ས་མཆོག་ནས་” རིང་ནས་གནག་པའི་དོན་ཆེན་ཞིག་འདི་ཡིན་” ཞེས་གསུངས་ཡོད། དེ་བཞིན་ཟམ་གདོང་རིན་པོ་ཆེས་ཀྱང་” མི་རབས་རྒན་པ་ནས་གཞོན་པ་དང་། ཤེས་ཡོན་མེད་མཁན་ནས་ཡོད་མཁན་ལ་བརྩིས་སྤྲོད་ཀྱི་ཡོད” ཅེས་གདེང་འཇོག་ཚད་མཐོར་གནང་ཡོད། རེད་དེ། སྐྱེས་ཆེན་དེ་གཉིས་ཀྱི་ཐུགས་རེ་ལྟར་བྱུང་མེད་པ་གཤམ་གྱི་ཚན་པ་དག་གིས་ར་སྤྲོད་ཀྱིན་ཡོད།
༢༽རྒྱ་གཞུང་ལ་བརྡ་ལན་ངན་པ་སྤྲད་པ།
བློ་སེང་གིས་༢༠༡༡ ལོའི་འོས་སློང་སྐབས་སུ། གལ་ཏེ་ང་ལ་སྲིད་སྐྱོང་གི་འོས་ཐོབ་ན། རྒྱ་དམར་གཞུང་ལ་བརྡ་ལན་སྤྲོད་ཀྱི་ཡོད། བརྡ་ལན་དེ་ནི་བཙན་བྱོལ་སྒྲིག་འཛུགས་འདི་མི་རབས་རྒན་པ་ཚོས་བསྐྲུན་ཏེ་མི་ལོ་༥༠ རིང་གནས་ཐུབ་ཡོད། མི་རབས་རྒན་པ་ཚོ་རིམ་པས་རྫོགས་ནའང་། མི་རབས་གསར་པ་ཚོས་འགན་བླངས་ཏེ། ད་དུང་ཡིན་ཡང་མི་ལོ་༥༠ བཙན་བྱོལ་དུ་གནས་དགོས་བྱུང་ན་ཡང་གནས་ཐུབ་པ་སྟོན་ཀྱི་ཡོད། དེ་ནི་རྒྱ་དམར་གཞུང་ལ་དོན་གྱིས་སྤྲད་པའི་བརྡ་ལན་ཞིག་ཡིན་ཞེས་བསྒྲགས་ཡོད། གལ་ཏེ་འཇོན་སོང་ན་དེ་ག་རང་རེད་དེ། མ་འཇོན་ན་ལྡོག་ཕྱོགས་ནས་བརྡ་ལན་སྤྲད་ཡོད་པ་ཁས་ལེན་དགོས། བློ་སེང་གི་འཇོན་ཡོད་དམ།
༣༽དབུ་མའི་སྲིད་ཇུས་ལ་འཐུས་ཤོར།
ཟམ་གདོང་རིན་པོ་ཆེའི་ལོ་བཅུའི་རིང་དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་དེ། རྒྱ་གཞུང་དང་མཉམ་དུ་ཐེངས་བརྒྱད་ལ་འབྲེལ་མོལ་གནང་ཐུབ་ཡོད། འབྲེལ་མོལ་དེ་དག་གིས་བོད་ནང་ལ་འཕྲད་བཞིན་པའི་དཀའ་ངལ་དང་། དེ་སེལ་པའི་ཐབས་ལམ། གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོའི་དམིགས་ཡུལ་བཅས་གདོང་ལ་གདོང་གཏད་དེ། གསལ་བཤད་ནན་བསྐུལ་གནང་སྟེ།བོད་དུ་དཀའ་ངལ་ཡོད་པ། དེ་སེལ་བའི་ཐབས་ལམ་ཡོད་པ། སེལ་ཐུབ་ན་རྒྱ་བོད་གཉིས་ཀར་ཕན་ཐོགས་ཆེ་ཚུལ་སོགས་བཤད་དགོས་པ་དག་ བཤད་དེ་ལམ་ཁ་ཞིག་བཟོས་ནས་བཞག་ཡོད།རེད་དེ་བློ་སེང་གིས་ལམ་ཁ་དེར་ཐེངས་གཅིག་བསྐྱོད་ཐུབ་མེད་ལ། མ་འཇོན་པའི་ངན་ཁག་ཡོངས་རྫོགས་རྒྱ་གཞུང་ལ་ཁག་འཁྲི་བྱེད་བཞིན། དབུ་མའི་སྲིད་ཇུས་དེ་ལོ་བཅུར་གཉིད་དུ་གཡུར་སོང་།
༤༽ངན་པ་རྒྱ་ཡན་དུ་བཏང་བ།
བྱེད་དགོས་པ་དང་མི་དགོས་པ། ལངས་ཕྱོགས་དང་རྣམ་འགྱུར་སྟོན་དགོས་ས་དག་ལ་གསལ་བོ་བརྟན་པོ་མ་བསྟན་པར། བཟང་ངན་ཚང་མ་ལ་དབར་གནས་སུ་བསྡད་དེ། སྤྱི་ཚོགས་ལ་བརྡབ་གསིག་ཐེབས་བཅུག་ཡོད། གོང་ས་མཆོག་ལ་བསྟན་བཤིག་རེད་ཅེས་དང་སྒྲིག་འཛུགས་རྨང་ནས་གཏོར་ནའང་། སྤྱི་བཏང་གི་རྣམ་འགྱུར་ཞིག་ལས་འགན་འཁྲི་དང་ལས་འགན་གྱིས་དེད་དེ། ཁ་གཏད་ཀྱི་གདོང་ལེན་ཚ་ནན་སྣ་གཅིག་བྱས་མ་སོང་། དེའི་དབང་གིས་གོང་ས་མཆོག་ལ་ཁ་གཏོང་མཁན་དང་། སྒྲིག་འཛུགས་ལ་རྨ་འབྱིན་མཁན་ཁྱུ་ཞིག་གསར་དུ་བྱུང་ཞིང་། ཁོང་ཚོ་ལ་གུ་ཡངས་པའི་ཁོར་ཡུག་ཅིག་བསྐྲུན་སོང་།
༥༽ཐབས་བཅོས་ལ་འགྱུར་བ་བཏང་བ།
བློ་སེང་ལ་མ་ཐུག་བར་དུ་བཙན་བྱོལ་བོད་མིའི་ཐབས་བཅོས་ནི་” ཐབ་ཆུང་ཆུང་དང་། མེ་ཚ་བོ་རེད།” དེ་ནི་གནད་འགག་ཆེ་བའི་ཐབས་བཅོས་གལ་ཆེན་ཞིག་རེད། བཙན་བྱོལ་བ་ཞིག་གི་གནས་བབ་ཀྱིས་ཐག་བཅད་པའི་ཐབས་བཅོས་ཤིག་ཀྱང་རེད། ད་བར་དུ་རྒྱ་གར་ལུང་པར་བཙན་བྱོལ་བོད་མི་ཚོ་གནས་ཐུབ་ནི་ཐབས་བཅོས་དེ་ལ་བརྟེན་ནས་བྱུང་ཡོད། རེད་དེ། བློ་སེང་གིས་ཐབས་བཅོས་དེ་སྣང་མེད་དུ་བཞག་སྟེ། རྒྱས་སྤྲོས་དང་རྫིག་ཉམས་སྟོན་པ། ནང་དོན་ལས་ཕྱི་ལ་རྫིག་ཉམས་སྟོན་ལ་དགའ་བ། ཁང་ཆེན་རྒྱག་རྒྱུ་དང་གོས་ཆེན་ཐང་ལ་བཏིངས་ཏེ། དཔོན་པོ་ཚོར་སྣེ་ལེན་བྱེད་རྒྱུ། རང་གི་གནས་བབ་ལ་མ་ལྟོས་པར་རྒྱལ་སྤྱིའི་དགོས་མི་དགོས་ཚང་མར་ཇུས་གཏོགས་གྱིས། རྒྱལ་ཁབ་ཡོད་མཁན་ཞིག་གི་བྱེད་བབ་ལ་ཞུགས་པ་དེས། མ་འོང་བའི་བཙན་བྱོལ་བོད་མིའི་ལས་དོན་མཐའ་དག་ལ་འགོག་རྐྱེན་ཇེ་མང་གི་ལམ་ཁ་བཟོས་སོང་།
༦༽མཐུན་སྒྲིལ་ལ་གཏོར་བཤིག
བློ་སེང་གི་འོས་སློང་སྐབས་ཀྱི་འབོད་ཚིག་གཅིག་”མཐུན་སྒྲིལ “ རེད། བསམ་བློ་བཏང་ན་སྐབས་དེར་བོད་མི་ཚོ་མཐུན་སྒྲིལ་ཡོད་ཡོད་པ་རེད་དེ། སྐབས་དེར་ཅིའི་ཕྱིར་མཐུན་སྒྲིལ་ཞེས་བསྒྲགས་པ་ཡིན་ནམ། བློ་སེང་ལ་འོས་ཐོབ་སྟེ་ལོ་བཅུའི་རྗེས། ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་བརྗོད་ཚིག་གཙོ་བོ་ནི་མཐུན་སྒྲིལ་རེད། དེ་ནི་བློ་སེང་རིང་བཙན་བྱོལ་བོད་མི་ཚོའི་མཐུན་སྒྲིལ་གྱི་གནས་བབ་ག་ཚོད་མར་ཟགས་ཡོད་པ་བསྟན་ཡོད། བོད་མི་ཚོས་སྲིད་སྐྱོང་འོས་མི་སུ་ལ་མཐུན་སྒྲིལ་དང་མཉམ་ཁྲིད་ཀྱི་འཇོན་ནུས་ཡོད་མེད་ལ་བལྟས་ཏེ་སྲིད་སྐྱོང་བདམས་དགོས་བྱུང་ཡོད། དེ་ནི་བློ་སེང་རིང་བོད་མིའི་མཐུན་སྒྲིལ་ཧ་ཅང་ཉམས་ཆག་ཏུ་ཕྱིན་པ་དེ་སླར་གསོ་ཡོང་ཐབས་རེད།
༧༽མང་གཙོ་ལ་གོད་ཆག
མང་གཙོའི་ལམ་ལུགས་ཀྱི་རིན་ཐང་ནི་མི་ཚང་མ་འདྲ་མཉམ་ཡིན་པ་དེ་དང་། འདྲ་མཉམ་གྱི་དོན་ནི་ཐོབ་ཐང་དང་འགན་འཁྲི་མཉམ་ཡིན་པ་ཡིན་ཁར། ཁྲིམས་ཀྱིས་སྐྱོང་བའི་མང་གཙོ་ཡིན་ཁར། ཁྲིམས་དེ་ཡང་དྲང་བདེན་གཙོ་བོར་བཟུང་སྟེ་གཞི་རྩའི་འགྲོ་མིའི་ཐོབ་ཐང་དག་སྲུང་སྐྱོབ་ཐུབ་དགོས་པ་དེ་རེད། རེད་དེ། བློ་སེང་གིས་དེ་བཞག་ནས་ཆོལ་ཁ་དང་ཆོས་བརྒྱུད། ཕོ་མོ་འདྲ་མཉམ་ཟེར་ནས་མང་གཙོའི་རྩ་བའི་ལྟ་གྲུབ་ལས་མིའི་མཐོང་སྣང་ལ་གྲངས་ཀ་དང་མི་ཁོངས་གལ་ཆེན་བརྩིས་ཏེ། བོད་ཀྱི་མང་གཙོ་དེ་ནུབ་ལུགས་ཀྱི་མང་གཙོ་ཡང་མ་ཡིན།གཅིག་བསྡུས་དབང་འཛིན་རྒྱ་དམར་གྱི་མང་གཙོ་ཡང་མ་ཡིན་པར་ར་མིན་ལུག་མིན་གྱི་མང་གཙོ་ཞིག་ཏུ་བཟོས་སོང་།
༨༽སྒྲིག་འཛུགས་རྩབ་རལ།
སྒྲིག་འཛུགས་ཟེར་བ་ནི་བློན་ཆེན་ལྷན་ཁང་ཁག་གིས་གྲུབ་པའི་རྒྱལ་ཁབ་འཛིན་སྐྱོང་གི་ལྟེ་གནས་རེད། ལྷན་ཁང་དག་གི་གནད་ཡོད་མི་སྣ་བསྐོ་འཇོག་ཐད། ཤེས་ཚད་དང་འཇོན་ཐང་།ཉམས་མྱོང་བཅས་ལ་གཞིག་ནས་ལས་བགོ་ཁྲིམས་སྒྲིག་དང་མཐུན་པར་འགྲོ་དགོས་པ་དེ་འཛིན་སྐྱོང་གི་སྤྱི་འགྲོས་རེད། རེད་དེ། བློ་སེང་གིས་དེ་དག་རྩབ་རལ་ཏུ་བཏང་སྟེ། ཁོ་རང་གི་དཔུང་རོགས་འཛིན་སྐྱོང་གི་ཤེས་འཇོན་མྱོང་གསུམ་མེད་པ། བློ་སེང་གི་ཁྲིམས་རྩོད་པ་སྤྱི་འཐུས་བློ་བཟང་གྲགས་པ་དང་། དབུ་དཀར་ཚང་སྐལ་རྡོར།འབའ་བ་སྐལ་བཟང་རྒྱལ་མཚན། དངོས་གྲུབ་ཚེ་རིང་། ཐུབ་བསྟན་ཆོས་འཕེལ་སོགས་ལ་ཚད་ལས་བརྒལ་པའི་གོ་གནས་སྤྲད་དེ། ཕྱོགས་གཏོགས་ལ་མདུན་ལམ་བསྐྲུན་སོང་། དེ་ཙམ་མ་རེད། གངས་སྐྱིད་ཀྱི་ལས་བྱེད་ཚོའི་ཁ་བསྔོག་ན་ཞེན་ཁ་ལོག་པའི་གནས་ཚུལ་མང་།
༩༽ཁྲིམས་ལ་ཁ་གཏད།
ཁྲིམས་ཀྱི་མདུན་སར་འདྲ་མཉམ་དང་ཁྲིམས་བརྩི་དགོས་པ་གཅིག་གྱུར་ཡིན། ཁ་མཆུ་ཉི་ཤུ་བའི་བརྒྱུད་རིམ་ཁྲོད། དང་པོ་ཁྲིམས་ལ་གཏུག་ཤོག་ཅེས་བསྒྲགས་པ་དང་། ཡིན་ནའང་ཁྲིམས་ཁང་གི་ཁ་མཆུའི་ལས་རིམ་ནང་དུ་ཁྲིམས་ཞིབ་ཚོ་ཁ་མཆུ་ཉི་ཤུ་བ་དེ་ཕྱིར་འཐེན་གནང་དགོས་པའི་རྒྱབ་ནས་གནོད་ཤུགས་དང་། དངོས་སུ་ཡིག་ཐོག་ནས་སྙན་ཞུ་ཕུལ་ཏེ། རང་གི་འདོད་ཕྱོགས་སུ་བསྒྱུར་གང་ཐུབ་བྱས་ཀྱང་། མཐའ་མ་དེར་གང་ཟག་གི་དབང་བསྒྱུར་འོག་མ་ཚུད་པ་དེ་བཙན་བྱོལ་དུ་མང་གཙོའི་རིན་ཐང་ཆེ་ཤོས་སུ་གྱུར་ཞིང་། བཙན་བྱོལ་དུ་འགོ་ཁྲིད་མཐོ་ཤོས་དེ་ཁྲིམས་སར་བསྐྱེལ་ཏེ། ཁྲིམས་ཆད་ཕོག་པ་དེ་འདྲ་རྒྱ་དམར་གཞུང་ལ་མཚོན་ན་མི་སྲིད་པ་ཞིག་ཡིན་སྟབས། གནད་དོན་དེས་རྒྱ་དམར་གཞུང་ལ་བརྡ་ལན་སྤྲད་ཡོད་སྲིད། དེ་ནི་བློ་སེང་འགོ་ཁྲིད་བཟང་དྲགས་པས་མ་རེད། འགོ་ཁྲིད་སྟངས་མ་ཤེས་པས་ལྡོག་ཕྱོགས་ནས་ནུས་པ་ཐོན་པ་རེད།
༡༠༽སྤྱི་ཚོགས་ལོག་ལམ་དུ་ཁྲིད་པ།
ཚུལ་མཐུན་གྱི་སྤྱི་ཚོགས་ཤིག་ལོག་ལམ་དུ་ཁྲིད་པ་ནི་མི་རིགས་ཤིག་ལ་མཚོན་ན་གྱོང་གུད་ཆེ་ཤོས་དེ་ཡིན། བློ་སེང་ནི་གཞོན་སྐྱེས་ཤིག་ཡིན་དུས། བོད་པ་རང་གི་རིག་གཞུང་གིས་བསྐྲུན་པའི་གཤིས་སྤྱོད་བཟང་པོ་གཞིར་བཞག་ཁར། དེང་གི་མང་གཙོའི་འགྲོ་ལུགས་དང་མཐུན་ཞིང་།ཁྲིམས་སྒྲིག་གོང་དུ་བཀུར་ཏེ་བོད་མི་ཚང་མ་མཐུན་སྒྲིལ་མཉམ་གནས་ཀྱིས་འཐབ་རྩོད་ལ་རེ་བ་གསར་པ་ཞིག་བསུ་དགོས་པ་རེད་དེ། བློ་སེང་དེ་ལས་རྦད་དེ་ལྡོག་ཅིང་། རང་གི་རྐུབ་སྟེགས་ཀྱི་དོན་དུ་ཆོལ་ཁའི་ཞེན་ཁོག་དམིགས་སུ་བཀལ་ནས་དར་སྤེལ་བཏང་སོང་། དེ་སྔའི་མཛད་གཙོ་རྣམ་པས་ཆོལ་ཁའི་ཞེན་ཁོག་པར་བཞག་ཤོག ཁ་ནས་ཆོལ་ཁ་ཞེས་གླེང་མ་དགོས་པར་གཙོ་འདོན་བྱས་ནས་ཡོང་ཡོད། དེས་སྤྱི་ཚོགས་ལྷིང་འཇགས་དང་མཐུན་སྒྲིལ། ལས་དོན་ཚགས་ཚུད་ལ་ཕན་ཐོགས་ཡོང་བཞིན་པ་དེ་བློ་སེང་གིས་གཏིང་ནས་དཀྲུགས་སོང་། ད་དུང་ཧམ་པ་དང་འུར་བཤད། མགོ་སྐོར། དྲང་བདེན་དང་དངོས་ཡོད་ལ་གཡོལ་བ། ནོར་འཁྲུལ་ཁས་མི་ལེན་ཞིང་།ནང་རུལ་དང་ཕྱི་རྫིག་ཁོ་ན་དོན་དུ་གཉེར་བས། ཕྱི་རབས་པར་མིག་ལྟོས་ངན་པ་བཞག་སྟེ་སྤྱི་ཚོགས་ལོག་ལམ་དུ་ཁྲིད་སོང་།
༼ཟུར་ཞུ། ཆེད་རྩོམ་འདི་འབྲི་འདོད་མེད་ཀྱང་། བློ་སེང་གི་མ་འཇོན་པ་བཤད་ན་རྫོགས་རྒྱུ་མེད།དེ་ཤེས་ན་མཐོང་ནའང་ཁུ་སུམ་མེར་འདུག་རྩིས་ཡིན། བློ་སེང་ལ་ལབ་གླེང་མི་དགོས་པར་འགྲོ་འཇུག་རྒྱུ་དེ་གལ་ཆེན་ཡིན། རེད་དེ། མི་དགོས་པའི་ལས་ཀ་བློ་སེང་ལ་བྱ་དགའ་འདྲ་བོ་སྤྲོད་མཁན་སྐོར་ཞིག་ཐོན་སོང་། ཁྱད་པར་དུ་ཚོགས་པ་བཞི་བོ་འདི་ལ་ཅི་ཞིག་གིས་མ་འགྲིག་པ་རེད། ལས་ཀ་དེ་བཟང་ངན་གོ་ལྡོག་དང་། ངན་བྱས་ལ་བཟང་བསྟོད་འདི་བླུན་རྨོངས་སྤྱི་ཚོགས་ཀྱི་ལས་ཀ་རེད། དཔལ་ཡོན་མ་དར་བའི་མཐའ་འཁོབ་ཀྱི་མི་ཚོའི་བྱེད་སྟངས་རེད། ལས་ཀ་བྱེད་སྟངས་འདི་ལྟ་བུས། རུལ་སུངས་དཔོན་པོས་རུལ་སུངས་ཀྱི་ལས་ཀ་བྱེད་སའི་ཁོར་ཡུག་སྐྲུན་གྱིན་ཡོད། དཔོན་རུལ་གྱི་ལས་ཀ་མི་མང་ཁྲོད་འགེབས་སྲུང་བྱེད་ཀྱིན་ཡོད། དྲང་བདེན་དང་ཁྲིམས་ཀྱི་དབང་བསྒྱུར་གྱི་སྤྱི་ཚོགས་ཤིག་ཆགས་པར་འགོག་རྐྱེན་བཟོ་བཞིན་ཡོད། དེ་ལས་སྡུག་པའི་ལས་ཀ་ཞིག་སྤྱི་ཚོགས་ལ་ལས་རྒྱུ་མེད། དེ་ཁྱོད་ཚོ་བཞི་སྟེ། གཞོན་ཚོགས། མང་གཙོ་ཚོགས་པ།བུད་མེད་ཚོགས་པ། སློབ་ཕྲུག་ཚོགས་པ་བཅས་ཀྱིས་བསྒྲུབས་སོང་། དེར་བརྟེན་བློ་སེང་ལ་བཟང་བསྟོད་འོས་མིན་དོན་ཚན་བཅུ་འདི་སྟབས་སྟབས་བོར་འབྲི་དགོས་བྱུང་སོང་།༽
བློ་བཟང་རབ་བརྟན་ལགས་སྲིད་སྐྱོང་གནང་ན་དཔེ་ཡག་པོ་ཡོང་ས་གདའ།
ཤེས་ཡོན་མེད་མཁན་ནས་ཡོད་མཁན་་་་འེ་ཡིན་ན། ངས་བསམ་ན་དེང་རབས་ཀྱི་ཤེས་ཡོན་མེད་མཁན་ནས་ཡོད་མཁན་ལ་ཡིན་བསམ་སོང་།
དཔོན་རུལ་གྱི་ལས་ཀ་མི་མང་ཁྲོད་འགེབས་སྲུང་བྱེད་ཀྱིན་ཡོད། དྲང་བདེན་དང་ཁྲིམས་ཀྱི་དབང་བསྒྱུར་གྱི་སྤྱི་ཚོགས་ཤིག་ཆགས་པར་འགོག་རྐྱེན་བཟོ་བཞིན་ཡོད། དེ་ལས་སྡུག་པའི་ལས་ཀ་ཞིག་སྤྱི་ཚོགས་ལ་ལས་རྒྱུ་མེད། དེ་ཁྱོད་ཚོ་བཞི་སྟེ། གཞོན་ཚོགས། མང་གཙོ་ཚོགས་པ།བུད་མེད་ཚོགས་པ། སློབ་ཕྲུག་ཚོགས་པ་བཅས་ཀྱིས་བསྒྲུབས་སོང་། དེར་བརྟེན་བློ་སེང་ལ་བཟང་བསྟོད་འོས་མིན་དོན་ཚན་བཅུ་འདི་ལས། ངོས་བོད་མི་རྣམས་ནས་ཤེས་དགོས་སོ།།
བློ་གྲོས་རབ་བརྟན་ངོ་མ་བདེན་ནོ།། བོད་མི་ཞིག་ཡིན་ཕྱིན་ལས་དེ་རིགས་ལ་དགའ་མགུ་བྱེད་མི་སྲིད་པས། བོད་མི་བསམ་ཡོད་ཅན་རྣམས་བདེན་ནོ།། བོད་རྒྱལ་རྒྱུར་ཅིག
སྲིད་སྐྱོང་ཟུར་བ་བློ་སེང་གི་ཉེས་པ་བཤད་ན་རྗོད་ཀྱིས་མི་ལོང་།
ནོར་འཁྲུལ་མེད་ས་ཞིག་ཧ་ཅང་ཁག་པོ་རེད་ཡིན་ན་ཡང་འགྲོ་ཁར་སྐྱག་པ་ཆེན་པོ་ཞིག་གཏོང་ནས་བུད་ཐ།
གཏམ་ཨ་ཕས་བཤད་དུས་ཨ་ཕ་བདེན་བདེན་འདྲ་།
གཏམ་ཨ་མས་བཤད་དུས་ཨ་མ་བདེན་བདེན་འདྲ་།
བུ་ང་གི་བཤད་དུས་གཉིས་ཀ་བདེན་བདེན་འདྲ་།
ཕྱོགས་གཞན་ནས་བལྟ་དུས་གཉིས་ཀས་ནོར་པ་འདྲ་།
དྲ་གྲོགས་བློ་གྲོས་རབ་བརྟན་ལགས་ཀྱིས་བཟོད་པ་གད་འདུག་གའ་།
ཁྱེད་ཀྱིས་པ་དེ་དག་ལ་མོས་མཐུན་ག་བ་ནས་ག་བ་ཡོད་ཀྱང་། ད་ནི་ཁོ་སྲིད་སྐྱོང་མིན་པས་ཁྱེད་ཀྱི་ཁ་ཐད་འཇལ་དགོས་དོན་མི་འདུག་གོ
བཀྲ་ཤིས་བདེ་ལེགས།