སྡིག་པ་ར་ཛ།
༡ མི་རིགས་ཀྱི་བྲན་གཡོག
དང་པོ་མི་རིགས་ཀྱི་བྲན་གཡོག་ཏུ་གྱུར་ཚུལ་ལ་བསམ་ན། འཛམ་གླིང་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་ལ་སྤྱིར་བལྟས་བྱས་པ་ཡིན་ན། གཅིག་གིས་གཅིག་མཐུ་འོག་ཏུ་བཅུགས་ཤིང་། ཕན་ཚུན་འཐབ་རྒོལ་གྱིས་ཆམ་ལ་ཕམ། རྒྱལ་ཕམ་རེས་སུ་འཁོར་ཏེ་ཡོང་བ་ཞིག་ལས་མ་འདས་པས། མི་རིགས་གཞན་གྱི་བྲན་དུ་ལྷུང་བ་དེ་བོད་པ་ཁོ་ནའི་སྒེར་ཆོས་ཤིག་ཀྱང་མ་རེད། སྔོན་གྱི་དུས་སུ་བོད་དང་། སོག་པོ། རོམ། དབྱིན་ཇི། ཧྥི་རན་སི། སི་པན་ཎི་ཤི་སོགས་བཙན་རྒྱལ་རིང་ལུགས་པ་དང་། ཡིན་ན་ཡང་ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཚོའི་དཔུང་པ་བསྒྲིགས་ཏེ། ཆབ་སྲིད་དང་། དཔལ་འབྱོར་གྱི་གར་སྟེགས་སྟེང་འགྱིང་ཉམས་སྟོན་པ་མཐོང་ཐེངས་རེར། རང་གིས་རང་ལ་དྲི་བ་སྣ་ཚོགས་ཤིག་འདྲི་འགོ་ཚུགས་ཤིང་། བོད་ཀྱི་ལོ་རྒྱུས་དང་། ཆོས་དཔལ་སྲིད་གསུམ་ལ་བསམ་བློ་མ་བཏང་མ་རང་གཏོང་ཐུག ལོ་རྒྱུས་རིང་པོ་ཡོད་ལ། སྐད་ཡིག་སོགས་རིག་གཞུང་སྤྱི་དང་བྱེ་བྲག་ཕུན་སུམ་འཚོགས་པ་ཡོད་པའི་མི་རིགས་ཤིག མི་རིགས་གཞན་གྱི་བྲན་དུ་ལྷུང་བ་བོད་པ་གཅིག་པུ་རེད།
འོ་ན་ད་མི་རིགས་ཀྱི་བྲན་དུ་ཇི་ལྟར་ལྷུང་བ་རེད་ཅེས་བཤད་ན། འཛམ་གླིང་ཤར་ནུབ་གང་དུ་སོང་ན་ཡང་། མི་རིགས་གཞན་གྱི་དབང་འོག་ཏུ་འདུག་པ་ལས། རང་དབང་མཚན་ཉིད་པ་ཞིག་མེད་པས་བཤད་པ་ཡིན། ཀྲུང་གོའི་ནང་ཁུལ་གྱི་གྲོང་སྡེའི་དཔོན་པོ་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་བར་ལྟོས་དང་། གནད་འགག་ཆེ་ས་དང་། གལ་ཆེ་ས་མཐའ་དག་རྒྱ་མི་རིགས་ཀྱིས་བདག་ཡོད་པ་ལས། དེ་ལས་གཞན་པའི་མི་རིགས་གོ་སྐབས་རག་གི་མེད་པར་མ་ཟད། རྒྱ་ཡི་རིག་གཞུང་ལས་གཞན་པའི་སྟོབས་ཤུགས་ལྡན་པའི་མི་རིགས་ཤིག་ལ་བོད་པ་ལས་གཞན་མེད། དེ་ཕྱིར་བོད་པར་གོ་སྐབས་ཇི་ལྟར་སྤྲད་ན། རང་བཞིན་གྱིས་རྒྱ་ནག་གི་རྒྱལ་ཁབ་ལ་ཕན་གནོད་ཆེན་པོ་ཡོད་པ་དངོས་ཡོད་རེད། དེ་ཕྱིར་དུས་ནམ་ཡང་ཡིད་ཆེས་བྱེད་མི་སྲིད་པ་དང་། ཆེས་གལ་ཆེ་བའི་སྲིད་སྟེགས་དེ་ཚོ་ཐོབ་མི་སྲིད་པ་རེད། དེ་བཞིན་ཤར་ནུབ་ཀྱི་རི་སྲང་ཀུན་དུ་བོད་པའི་བཙན་བྱོལ་བ་དང་། སློབ་ཕྲུག་མང་པོ་རེད། དེ་དག་ཚང་མ་མི་རིགས་གཞན་པས་གང་བཤད་ལ་ཉན་ནས་འདུག་རྒྱུ་ལས། གཞན་ལ་དབང་བསྐུར་ཐུབ་མཁན་ཆོས་ལུགས་པ་འགའ་ཞིག་ལས་དཀོན་པོ་རེད། ཕལ་མོ་ཆེ་མི་འདོད་བཞིན་དུ་མི་རིགས་གཞན་པའི་བྲན་དུ་འདུག་སྟེ། གཞན་གྱི་གང་བཤད་ལ་ལྟ་ནས་འདུག་རྒྱུ་ཁོ་ན་རེད།
༢ སྐད་ཡིག་གི་བྲན་གཡོག
གཉིས་པ་སྐད་ཡིག་གི་བྲན་གཡོག་ཏུ་གྱུར་ཚུལ་ནི། སྐད་ཡིག་ཟེར་བ་དེ་ཤེས་བྱ་མ་ལུས་ཕན་ཚུན་བརྡ་སྤྲོད་པ་ལ་ཆེས་མཆོག་ཏུ་གྱུར་ཅིང་། སྐད་ཡིག་དང་པོ་ཕུན་སུམ་འཚོགས་པ་ཞིག་སུའི་ངག་ལ་ཡོད་ན་དེ་ཉིད་ཀྱིས་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ནས་བཟུང་སྟེ། སྲིད་འབྱོར་རིག་གསུམ་གྱི་བྱེད་སྒོ་མ་ལུས་པ་དཀའ་ཚེག་མེད་པར་སྒྲུབ་ནུས་པའི་ཐབས་ལམ་ཞིག་སྟེ། སྔོན་ནས་ད་བར་འཇིག་རྟེན་འདི་བྱ་བ་ཆེ་ཕྲ་བཟང་ངན་བར་གསུམ་མང་པོ་ཞིག་ལྟ་ཐུབ་པ་དང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རྒྱུས་ལོན་ཅུང་ཟད་ཐུབ་པ་དེ་སྐད་ཡིག་གི་དྲིན་རེད། སྐད་ཡིག་མེད་ན་མི་རིགས་དང་། རིག་གཞུང་དེ་ཡུན་གནས་ཀྱི་གོ་སྐབས་གཏན་དུ་བྲལ་ཟིན་པ་རེད། དེ་ཕྱིར་རང་གི་སྐད་ཡིག་བྱེད་སྒོ་མཐའ་དག་འགགས་ཏེ། མི་རིགས་གཞན་པའི་སྐད་ཡིག་བེད་ཆོད་གཏོང་དགོས་སར་ཐུག་དུས། སྐད་ཡིག་དེའི་སྒྲ་དང་། གདངས། ཡིག་འབྲུ་ནས་བཟུང་སྟེ། ཡོད་ཚད་གསར་བ་གསར་སྐྱང་ཞིག་སྔོན་མ་རྣ་བས་གོ་མ་མྱོང་ཞིང་། སེམས་ལ་དྲན་མ་མྱོང་བ་མང་པོ་ཞིག་ལ་སྦྱང་དགོས་ཤིང་། དེ་ལ་མ་སྦྱང་ན་མི་ཚེའི་འཚོ་བ་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ནི། ངས་གསལ་བཤད་མི་དགོས་པར་རང་རིགས་རྒན་གསོན་དུ་མའི་མྱོང་བཞིན་པའི་དཀའ་སྡུག་ལ་སོམས་དང་ཤེས། དཔེར་ན་བོད་པ་གང་དུ་ཡོད་ན་ཡང་། རང་གི་སྐད་ཡིག་ཁྱིམ་དུ་བེད་ཆོད་གཏོང་ན་མ་གཏོགས། ཁྱིམ་གྱི་ཐེམ་པ་བརྒལ་ནས་འཐུས་སྒོ་ཡོངས་སུ་ཚང་བའི་ཐོག་ནས་བེད་ཆོད་གཏོང་ས། འཛམ་བུ་གླིང་ལ་གཏན་ནས་མེད། དེ་ནི་བོད་ཀྱི་སྐད་ཡིག་ལ་ཁྱད་ཆོས་དང་། རིན་ཐང་མེད་པ་དང་། བརྡ་སྤྲོད་པའི་གཞུང་ལུགས་ཚད་ལྡན་མེད་ནས་མ་རེད། འཁོར་ཡུག་ཚད་ལྡན་མེད་པ་དང་། ཡོད་ཚད་གཞན་གྱི་སྐད་ཡིག་གིས་དབང་དུ་ལྷུང་ཟིན་པས་རེད། གཞུང་ལ་དེབ་སྐྱེལ་དང་། ཚགས་པར། གཞི་རིམ་ནས་མཐོ་རིམ་བར་གྱི་སློབ་ཚན་ཚད་ལྡན་མ་ལུས་གཞན་གྱི་སྐད་ཡིག་ཐོག་ནས་སྦྱང་དགོས་པའི་དུས་ཚོད་ལ་བསླེབས་པ་རེད། རང་གི་སྐད་ཡིག་དང་པོའི་ལམ་ནས་སྲིད་འབྱོར་རིག་གསུམ་གྱི་བྱ་བ་སྒྲུབ་ཐུབ་པ་དང་། སྐད་ཡིག་གཉིས་པ་དང་། གསུམ་པས་སྒྲུབ་དགོས་པའི་བྱ་བ་རྣམས་ཉེ་འགྱང་དང་། སྟོབས་ཤུགས་སོ་སོ་རེད། དེང་སང་རིགས་ཞེན་ཡོད་མདོག་གིས་སྐད་གསང་མཐོན་པོ་སྒྲོག་ན་ཡང་། གནད་འགག་མི་ཤེས་པའི་བོད་མི་ཀླད་མེད་འགས། སྐད་ཡིག་གཙོ་བོ་མ་རེད། རང་དབང་གཙོ་བོ་རེད་ཅེས། རང་ལ་དུད་འགྲོ་ཞིག་གི་རིན་ཐང་ལས་མེད་པར་འཛིན་པའི་གང་ཟག་འགའ་མཐོང་བ་དང་། ད་དུང་ལུགས་གཉིས་ལ་རྨོངས་པའི་མ་རིག་པའི་ལིང་ཏོག་མཐུག་གོ་ཞེས། རང་གིས་རང་ལ་གསོས་སུ་བཏབ་པའི་མྱོང་ཚོར་རྣམས་སྙིང་དབུས་སུ་བསྐོས་ཡོད།
༣ ཆབ་སྲིད་ཀྱི་བྲན་གཡོག
གསུམ་པ་ཆབ་སྲིད་ཀྱི་བྲན་གཡོག་ནི་དབང་བསྒྱུར་གྲལ་རིམ་དང་། གཞན་གྱི་རྒྱལ་ཁོངས་ཀྱི་འོག་ཏུ་ལྷུང་ཞིང་། ཚེ་འདིའི་སྟོབས་ཤུགས་ཀྱི་ཁེ་དབང་ཡོད་ཚད་གཞན་ལག་ཏུ་ཤོར་བ་ལ་ཟེར། ད་ལྟའི་དུས་ཚོད་འདིར་མཚོན་ན་བོད་མི་རིགས་ཡོད་དོ་ཅོག་རྒྱལ་ཁོངས་གཞན་གྱི་མངའ་འོག་ཏུ་གནས་པ་ལས། རང་ལ་ཕུན་སུམ་འཚོགས་པའི་རང་དབང་དང་། སྟོབས་ཤུགས་གཏན་ནས་མེད། སྤྱི་ཚོགས་དང་། ཚོགས་པའི་ཁེ་དབང་ལ་དབང་བསྒྱུར་མཚན་ཉིད་པ་མེད་པར་མ་ཟད། ཁྱིམ་ཚང་གཅིག་གི་བྱ་བ་ཡོད་ཚད་སྒྲུབ་དགོས་ན་ཡང་། དབང་ཆ་ཡོད་ཚད་གཞན་གྱི་ལག་ཏུ་ཡོད་པ་ལས། རང་གི་གཟའ་དཔོན་གྱི་ལག་ཏུ་མེད། རྒྱལ་མཚམས་བརྒལ་དགོས་ན་ལམ་ཡིག་དགོས་ཤིང་། རྒྱལ་ནང་དུ་གནས་དགོས་ན་གྲོང་སྡེ་དང་། ཚོགས་པའི་ཐོབ་ཐང་དང་། ས་གནས་དེ་གའི་དཔང་ཡིག་ཡོད་དགོས་པ་དེ་ཡང་། མི་རིགས་གཞན་པའི་དབང་འོག་གི་དཔང་ཡིག་ཙམ་ལས། བོད་རང་གི་དབང་ཆ་བེད་ཆོད་བཏང་སྟེ། རང་དབང་གིས་ཐོབ་ཐང་ལ་ལོངས་སྤྱོད་ས་གཏན་ནས་མེད། བོད་པ་མང་པོ་ཞིག་རྒྱ་དཀར་ནག་སོགས་ཤར་ནུབ་ཀྱི་རི་གྲོང་གང་དུ་གནས་བཅས་ན་ཡང་། རྒྱལ་ཁོངས་དེའི་དབང་འཛིན་པའི་སྟོབས་ཤུགས་ཀྱི་འོག་ཏུ་ལྷུང་བ་ཁོ་ན་ལས། སྤོབས་པ་ཆེན་པོས་རང་ལ་རྒྱལ་ཁབ་དང་། ས་ཆ། དབང་ཆ་ཡོད་པའི་མི་རིགས་གཞན་པའི་གྲལ་དུ་མགྲིན་པ་གཟེངས་སུ་བཏེགས་ཏེ། བདེ་སྡུག་གང་ཡོད་མ་ལུས་སྤང་བླང་རྣལ་མ་བྱེད་པ་ཕར་ཞོགས། དཀའ་ངལ་ཡོད་ཚད་བཤད་ཐུབ་པའི་སྤོབས་པ་མེད་ལ། ཐོབ་ཐང་ཡང་མེད། དཔེར་ན་བྱ་བ་ཕྲན་ཚེག་ཅིག་སྒྲུབ་དགོས་ན་ཡང་། གཞན་གྱི་སྐད་ཡིག་ཤེས་དགོས་པ་དང་། མི་རིགས་གཞན་ལ་ལྟོས་དགོས་པ་དེ་གཉིས་ཆབ་སྲིད་ཀྱི་ལག་ཆ་ངར་ཤོས་གཉིས་རེད།
༤ རིག་གཞུང་གི་བྲན་གཡོག
བཞི་པ་རིག་གཞུང་གི་བྲན་དུ་ལྷུང་བ་ནི་གཞི་རྒྱ་ཆེ་བའི་གནད་དོན་གཏིང་ཟབ་ཅིང་དོན་ཆེན་པོ་ཞིག་སྟེ། ཆོས་འབྱོར་རིག་གསུམ་གྱི་ཁ་ཕྱོགས་རིག་པའི་གཞུང་ལུགས་ཀྱིས་བསྒྱུར་ནུས་པསོ། །དེང་སང་གི་བཤད་སྟངས་ཀྱི་དབང་དུ་བྱས་ན་ཡུལ་སྲོལ་གོམ་གཤིས་མ་ལུས་ལ་རིག་གནས་དང་རིག་གཞུང་ཞེས་ཟེར་ན་ཡང་། ཁོ་བོས་འདོད་པ་ལྟར་ན་རིག་གཞུང་ཞེས་ལྟ་གྲུབ་ཚད་ལྡན་ཡོད་པའི་གཞི་རིམ་ནས་མཐོ་རིམ་བར་སློབ་ཚན་དུ་བཀོལ་རུང་བའི་གཞུང་ལུགས་སློབ་ཚན་ཚད་ལྡན་རྣམས་དང་། རིག་གནས་ཞེས་པ་དེ་ཡང་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བཞག་པའི་ལམ་ལུགས་རྣལ་མ་ཤིག་ལ་རིག་གནས་དང་། དེ་བསྐྲུན་པའི་དངོས་པོ་ལ་རིག་རྫས་ཞེས་འབོད། ཡུལ་སྲོལ་གོམ་གཤིས་ཡིན་ཚད་རིག་གནས་མིན་ཏེ། རྒྱུ་མཚན་རྣམ་དག་གིས་དྲངས་ཤིང་། དུས་རབས་བརྒལ་ཏེ་གནས་ཐུབ་པའི་ཤེས་ཡོན་མ་ཡིན་པའི་ཕྱིར་རོ། །ཡུལ་སྲོལ་གོམ་གཤིས་མེད་མཁན་གྱི་མི་རིགས་གཏན་ནས་མེད་ཀྱང་། རིག་གནས་དང་། རིག་གཞུང་མེད་མཁན་གྱི་མི་རིགས་མང་ངོ་། །
རིག་གཞུང་གི་བྲན་དུ་ལྷུང་བ་ནི་རང་མི་རིགས་ཀྱི་རིག་གཞུང་ལ་རིན་ཐང་མེད་པ་དང་། རིན་ཐང་ཡོད་ཀྱང་འཁོར་ཡུག་མེད་པ་དེ་གཞན་པའི་རིག་པའི་དཔལ་ཡོན་གྱི་དབང་དུ་གྱུར་བ་ལ་ཟེར། དཔེར་ན་དེང་སང་ཚོང་ལས་དང་། ཆབ་སྲིད། ཚན་རིག ལག་ཤེས་སོགས་འདྲ་མིན་གང་སྦྱང་དགོས་ན་ཡང་། མི་རིགས་གཞན་པའི་དབང་ཤུགས་ལ་ལྟོས་དགོས་པ་དང་། དེ་དག་གི་སྐད་ཡིག བསམ་བློ། ཀུན་སྤྱོད། ཡུལ་སྲོལ། ཟས་གོས་ལ་མ་བརྟེན་པར་བྱ་བ་ཚད་ལྡན་དང་། འཚོ་བ་སྤུས་གཙང་ཞིག་མི་རྙེད་པའི་དུས་ཚོད་ལ་བསླེབས་ཟིན་པ་རེད།
༥ དཔལ་འབྱོར་གྱི་བྲན་གཡོག
ལྔ་པ་དཔལ་འབྱོར་གྱི་བྲན་དུ་ལྷུང་བ་ནི་འཚོ་བའི་རྟེན་རྩ་དང་། ཐོན་ཁུངས། གཏེར་ལས། ཤིང་ནགས། བཟོ་གྲྭ། འགྲིམས་འགྲུལ་གྱི་བྱ་བ་མ་ལུས་གཞན་ལ་བརྟེན་པ་ཅན་ཏེ། བོད་ཡུལ་དང་། རྒྱ་གར། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་པ་ཚོར་རང་དབང་ཅན་གྱི་དཔལ་འབྱོར་སྡེ་ཚན་གཏན་ནས་མེད། ཡོད་ཚད་མི་རིགས་གཞན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་འོག་ལ་གནས་མཁན་ཁོ་ན་རེད། ཁྱེད་ཅག་གིས་ཡག་པོ་སོམས་དང་། རྒྱལ་ཕྱི་ནང་ཀུན་ཏུ་འབྱོར་ལྡན་བྱེ་བ་ཅན་དང་། དུང་ཕྱུར་ཅན་ག་ཚོད་འདུག མི་རིགས་གཞན་དང་བསྡུར་ན་བོད་པའི་འབྱོར་ལྡན་ཧ་ཅང་གི་ཉུང་བར་མ་ཟད། ལ་ལ་ཡོད་པ་རྣམས་ཀྱང་མ་རྩ་ཁྲིམས་མཐུན་མིན་པ་དང་། སྲ་བརྟན་མེད་པ་མང་པོ་རེད། ཞིང་འབྲོག་མང་ཚོགས་ལ་འབྲོག་ལས་དང་། ཞིང་ལས་ཀྱི་ཐོན་སྐྱེད་ཅུང་ཟད་ཡོད་ཀྱང་། དེ་ཉིད་རྒྱལ་སྤྱི་ཅན་དང་། ཁྲོམས་རར་བསླེབ་ཐུབ་པ་ཉུང་ཉུང་རེད། ལོ་རེའི་ཡོང་འབབ་ཟས་གོས་འདང་ཙམ་ལས། དེ་ལས་གཞན་པའི་ཐབས་ལམ་བསྐྲུན་ཤེས་མཁན་ཧ་ཅང་གི་ཉུང་། རང་ཡུལ་གྱི་གཏེར་ཁ་དང་། ཤིང་ནགས་མ་ལུས་སྲིད་གཞུང་དང་། མི་རིགས་གཞན་པའི་ཚོགས་སྡེ་འོག་ཏུ་འཆོར་བཞིན་པ་རེད། དཔེར་བཞག་པ་ཡིན་ན། ཨ་ཧྥི་རི་ཀའི་ལུང་བའི་གཏེར་ཕལ་མོ་ཆེ་དབྱིན་ཇི་དང་། ཧྩི་རན་སི། ཨ་རི། རྒྱ་ནག་སོགས་ཀྱིས་འཁུར་བཞིན་པ་རེད་དེ། ས་གནས་དེ་གའི་མི་ཡིས་སྡུག་སྨྲས་བཏོན་པ་ལས་ཙམ་ལས། དངོས་སུ་འཐབ་རྩོད་དང་། བདག་གཉེར་གང་ཡང་ཐུབ་ཀྱིན་མེད། བོད་ཡུལ་གྱི་གཏེར་ཁ་སོགས་རྒྱ་མི་རིགས་ཀྱིས་སྐྱེལ་བཞིན་པ་གཅིག་མཚུངས་རེད། དེ་ནི་མི་སེར་ཚོར་སློབ་སྦྱོང་གིས་མ་འདངས་པ་དང་། ཐད་གའི་སྲིད་གཞུང་གི་མི་སྣ་དབང་ཡོད་ཚོ་ས་གནས་དེ་གའི་མི་མ་ཡིན་པ་དང་། ཡིན་ཡང་གཏེར་ཁའི་ཁེ་བཟང་ཡག་པོ་མ་ཤེས་པས་རེད། ས་གནས་དེ་གའི་གཏེར་ཁ་ཡོངས་འབབ་དང་། སྲིད་གཞུང་གིས་མི་མང་ལ་རམ་འདེགས་སྤྲད་པ་གཉིས་བསྡུར་ན། གཏེར་ཁའི་ཁེ་བཟང་སྟོང་ཕྲག་གིས་ཆེ་བ་རེད། བཟོ་ལས་དང་། ཐོན་སྐྱེད་ཆེན་པོ་བསྐྲུན་སའི་བཟོ་གྲྭ་དང་། ཚོང་ར་ཆེ་ཚད་རྒྱ་མཚོ་དང་ཉེ་བའི་ས་ཁུལ་ལས་བོད་ལ་མེད། གང་ན་ཚོང་ར་མོད་ན། དེ་ལ་ཡོང་འབབ་ཆེ་བ་དེ་ཁྲོམས་རའི་དམིགས་ཡུལ་རེད།
དག་བཅོས་གང་ཡང་མེད་པར་ཤར་མར་འབྲི་བ་པོ་ནི་སྡིག་པ་ར་ཛའོ། །༤། ༧།༢༠༢༡།
བོད་པ་ཙམ་མིན་པ་མི་གི་སྤྱི་ཚོགས་ཚང་མའི་ནང་དཔལ་འབྱོར་གྱི་བྲན་གཡོག་ཚུད་པའི་ཉི་མ་དེ་ནས་མི་རིགས་ཀྱི་བྲན་གཡོག་། ཆབ་སྲིད་ཀྱི་བྲན་གཡོག་། རིག་གཞུང་གི་བྲན་གཡོག་། སྐད་ཡིག་གི་བྲན་གཡོག་། སོགས་ཤུགས་མ་ཐུབ་ལ་བྲན་གཡོག་དུ་ཚུད་རྒྱུ་ཡིན་པ་ཐག་བཅད་ཚར་བ་རེད་།
ཤི་བའི་རྟ་ལ
ཤི་བའི་རྟ་ལ་ལྕགས་ཚན་གཞུ་དང་གཅིག།
འོ་མ་ཕོས་པའི་རྗེས་སུ་ངུ་མཁན་གཉིས།།
རང་གི་རིགས་ལ་་སྨད་ར་གཏོང་བ་གསུམ།།
ཞེན་ལོག་གཏིང་ནས་སྐྱེ་བའི་རྒྱུ་ཁོ་ན།།
ལེགས་བཤད་ཁོ་ནའི་ཉེས་བྱས་ཁོ་ན་ལས་མེད་པ་བོད་པའི་མཚན་ཉིད།
ལེགས་བཤད་ཁོ་ནའི་འོག་ནས ཉེས་བྱས་ཁོ་ན་ལས་མེད་པ་བོད་པའི་མཚན་ཉི
དོན་དངོས་བྲན་གཡོག་ཟེར་བའི་ཐ་སྙད་དང་བྲན་གཡོག་ཟེར་བའི་ལམ་ལུགས་དེ་ཚོ་དུས་སྔ་མོ་འཛམ་གླིང་འདི་རྒྱལ་པོའི་རིང་ལུགས་ཀྱིས་དུས་རབས་སྐབས་དར་པ་དང་རིམ་པས་སྤྱི་ཚོགས་འཕེལ་རིམ་རྒྱུད་ནས་རྒྱལ་པོའི་རིང་ལུགས་དང་དཔོན་ངན་ཤུ་ཞོག་རིང་ལུགས་འཇུག་བསྡུས་ནས་སྤྱི་ཚོགས་རིང་ལུགས་དང་མང་གཙོ་རིང་ལུགས་སོགས་དེང་དུས་ཀྱིས་ཆབ་སྲིད་ལམ་ལུགས་ལ་མི་མང་གི་འགན་འཁུར་ནས་བྲན་གཡོག་ཟེར་བའི་ཐ་སྙད་དེ་ཕལ་ཆེར་འཛམ་གླིང་ནས་ཡལ་ཚར་བ་འདྲ་བོ་ལ་ངོས་འཛིན་ཞུ་གི་ཡོད་།