གཞུང་པ་ཚེ་དབང་བསོད་ནམས་།
༄༅།། ཀེ་ལ་ཤ་དང་གངས་དཀར་ཏི་སེ་ཆུ་ཤེལ་གངས་ཅན་མགོན་པོར་འདུད།།
ཁ་བས་གཡོགས་པའི་མདོ་སྨད་སྐུ་འབུམ་སྟག་འཚེར་ཡུལ་དུ་གཟུགས་སྐུ་བལྟམས།།
ག་ས་ག་ལ་ཁྱེད་ཀྱིས་འཁྲུངས་སྐར་བསུ་བའི་ཉི་མ་འབུམ་དུ་མངར།།
ང་ཚོ་བོད་རིགས་འཚོ་བའི་རྒྱབ་བསྟེན་མགོན་པོ་གང་གིས་སྐུ་ཚེར་རག །
ཅ་ཅོ་མང་བའི་དུས་ངན་སྙིགས་མར་ཕྱི་དང་ནང་གི་འགལ་རྐྱེན་མང་།།
ཆ་མེད་ཡུལ་དུ་ཁྱེད་ཀྱིས་ལམ་སྟོན་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་བཙུགས།།
ཇ་ཆང་ལོངས་སྤྱོད་བདེ་སྐྱིད་འཚོ་བ་རང་ཡུལ་ལས་ལྷག་ཁྱེད་ཀྱི་སྦྱིན།།
ཉི་ཟླའི་འོད་ཀྱིས་མུན་པ་འཇོམས་མཛད་ཁྱེད་ཀྱིས་གསུང་གིས་འཇིག་རྟེན་འགུལ།།
ཏ་ལའི་བླ་མས་འཛམ་གླིང་ཧྲིལ་པོར་བྱམས་དང་སྙིང་རྗེའི་ས་བོན་བཏབ།།
ཐ་དད་ཆོས་ལུགས་དད་པ་དག་སྣང་མཐུན་འབྲེལ་བཟང་པོའི་རྩ་བ་བཙུགས
དད་དམ་འགྱུར་མེད་ཁྱེད་ཀྱིས་འཁྲུངས་སྐར་བསུ་བའི་རྟེན་འབྲེལ་འཚམས་འདྲི་ཞུ།།
ན་མོ་བླ་མ་སངས་རྒྱས་བྱང་སེམས་འཇིག་རྟེན་འདྲེན་པ་གངས་ཅན་མགོན།།
པ་ཊའི་རི་མོ་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་མཆོད་པ་དམ་པས་འདྲེན།།
ཕ་ལམ་འདྲ་བའི་དགོས་འདོད་ཀུན་འབྱུང་འཛམ་གླིང་ཞི་བདེའི་ལམ་སྟོན་མཆོག།
བོད་རྒྱ་བདེ་བའི་གཉིས་སྨན་དབུ་ལམ་འཛམ་གླིང་ཧྲིལ་པོའི་རྒྱབ་སྐྱོར་འོག།
མ་ནོར་ལམ་སྟོན་བོད་རྒྱའི་གནས་བབས་འཛམ་གླིང་མཐུན་འབྲེལ་མིག་དཔེ་བསྟན།།
རྩ་བ་བརྟན་པའི་མི་རིགས་མཐུན་འབྲེལ་སྤྱི་ཚོགས་བདེ་བའི་རྨངས་གཞི་བཙུགས།།
ཚ་གདུང་སེལ་བའི་དམ་ཆོས་དུད་རྩི་དྲ་ལམ་རྒྱུད་ནས་བཀའ་ཆོས་གནང་།།
ཛ་དྲག་ཆེ་བའི་ཏོག་དབྱིབས་ནད་ཡམས་རང་སར་ཞི་བའི་གཟུངས་སྔགས་བསྟན།།
ཝ་ལེར་སོམ་དང་ཁྱེད་ཀྱི་མཛད་འཕྲིན་ངལ་བསོའི་དུས་ཚོད་སྐར་ཆ་ཙམ།།
ཞཱ་སེར་བསྟན་པ་འཛིན་པའི་རིང་ལུགས་ཆོས་ལུགས་ཀུན་སྙོམས་ཉི་མའི་མགོན།།
ཟང་ཟིང་ནོར་ལ་འདུ་འཛི་སྤངས་ནས་ཉམས་ཐག་འཚོ་བར་རོགས་ཕན་གནང་།།
འ་ཆད་འུ་ཐུག་འབྱོར་མེད་མི་ལ་དམིགས་བསལ་རོགས་མགོན་ལམ་སྟོན་མཛད།།
ཡ་རབས་བཟང་སྤྱོད་ཕ་མེས་སྒོམ་བཤིས་མི་ཐོག་བརྒྱུད་འཛིན་ལམ་སྟོན་ཕེབས།།
རང་གི་རིག་གཞུང་སྐད་ཡིག་བཀོལ་སྤྱོད་མི་ཉམས་རྒྱུན་འཛིན་འགན་འཁུར་བསྟན།།
ལ་ལུང་ས་མཐའ་མི་ཡུལ་འཁོད་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙུགས།།
ཤེས་ཡོན་སློབ་གསོའི་རྩ་བ་བརྟན་པའི་བོད་མིའི་སློབ་གྲཱ་ཟུར་འཛུགས་གནང་།།
ས་ཕྱོགས་འདི་རུ་བོད་མིའི་ལས་དབང་མགོན་པོ་ཁྱེད་ཀྱི་སྐུ་ཚེ་རག།
ཧ་ཅང་རླབས་ཆེན་མཛད་པ་འཕྲིན་ལས་སྐལ་ལྡན་ཀུན་གྱིས་བསོད་ནམས་སྨིན།།
ཨེ་མ་ཁྱེད་ཀྱི་སྐུ་ཚེ་མཛད་འཕྲིན་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པའི་ཚེས་ ༦ ལ་ཕུལ།།