སོ་རུ་ཚེ་རིང་།
ཤར་གྱི་སྐྱ་རེངས་དང་པོའི་ཐུན་མཚམས་ངོགས།།
ཐུགས་སྨོན་ལས་ཀྱི་ཆར་ཟིམ་བབས་པའི་མོད།།
ཨ་ཀ་མ་ཞེས་འབྲུ་དོན་གསལ་བའི་དབྱངས།།
ཨེ་མ་ཙོང་ཁའི་དཔལ་དུ་མངོན་བཞད་དེ།།
གཟུགས་སྐུ་གསེར་གྱི་ཉི་མའི་བྱིན་རླབས་འོད།།
དབུས་འགྱུར་ཞིང་གི་རི་བོ་གྲུ་འཛིན་རྩེར།།
ཕོག་པས་གངས་ལྗོངས་མུན་པའི་འཇིག་རྟེན་གྱི།།
སྣང་བ་བསལ་བའི་འཕྲིན་ལས་དབྱར་རྔ་ལྡིར།།
མཁས་གྲུབ་བྱེ་བའི་གཟི་དཔལ་བཞད་པའི་རྩེར།།
ངོམས་མེད་ཐུགས་བརྩེའི་རང་མདངས་ངོམ་པ་ཡིས།།
སྔར་མེད་ལེགས་བཤད་གསེར་ཞུན་འཁྱིལ་བའི་རླབས།།
མཐའ་བྲལ་རྒྱ་མཚོའི་འཇིངས་ལྟར་དཔོག་པར་དཀའ།།
རྣམ་འདྲེན་སྟོང་གི་དགོངས་པའི་བཅུད་ཕྱུང་བ།།
དགེ་ལེགས་ཞི་བ་དམ་པའི་མཛོད་གཅིག་པུ།།
འཛིན་ལ་ཟླ་བྲལ་སྟོན་པ་གཉིས་པ་ཞེས།།
སྐལ་ལྡན་ཕྱོགས་ཀྱི་མགྲོན་རྣམས་མཆུ་འདབ་གཡོ།།
གོ་ལག་མཚོན་གྱི་མེ་དཔུང་རབ་གཡོས་ཤིང་།།
རེ་དོགས་སྒྱུ་མའི་སྨག་གིས་ཟ་བའི་དུས།།
མགོན་གང་བྱམས་བརྩེའི་རྒྱུ་སྐར་མེ་ཏོག་གིས།།
རྒྱལ་ཁམས་ཞི་བསིལ་དཔལ་དུ་སྦྱོར་བར་མཛད།།
རྒྱལ་བསྟན་ཟླ་ཤེལ་ཞུན་མའི་ལང་ཚོའི་ཁམས།།
མངོན་པར་རྒྱས་པའི་རྣམ་དཔྱོད་མཆོག་གི་སྡེས།།
བརྟེན་འབྱུང་ལྟོས་པའི་རིག་པ་ཕྲ་མོའི་གནད།།
ཕྱོགས་མེད་རྒྱལ་ཁམས་ཡིད་ཀྱི་མཁའ་ལ་བྲིས།།
༸རྒྱལ་བ་དོན་གྱི་བདག་པོའི་སྐུའི་འཁྲུངས་སྐལ་དུ་ཕུལ།