ཁ་བའི་རྣམ་ཤེས།
ཆེམ་ཆེམ་འཇའ་ཚོན་སྣ་ལྔའི་དབུས་སུ་རྫིག་རྫིག་དྲག་ཏུ་ཁྲོས་པའི་ཉམས།།
རྔམ་རྔམ་མི་ཤིགས་རྡོ་རྗེའི་སྡིགས་མཛུབ་ཞུམ་ཞུམ་འབྱུང་པོའི་གཤེད་དུ་སྤྲོས།།
བསིལ་བསིལ་ཁ་བའི་ལྗོངས་སུ་ཕེབས་ཏེ་ནག་ནག་བདུད་སྡེ་ཆབ་ལ་ཕབ།།
དུང་དུང་དད་པས་གསོལ་བ་འདེབས་སོ་སྣང་སྲིད་ཟིལ་གནོན་དེང་འདིར་དགོངས།།
མཐའ་དབུས་ཚད་ཀྱིས་གཞལ་བར་མི་ནུས་སྟོང་སང་ནམ་མཁའི་དཀྱིལ་འཁོར་དུ།།
འོག་གཞི་ལས་རླུང་འཕྲུལ་གྱི་འཁོར་ལོས་འགྱུར་མེད་རྡོ་རྗེའི་ཁམས་སུ་བསྐྲུན།།
རིན་ཆེན་འབྱུང་གནས་བསྲུབས་ལས་སྐྱེས་པའི་རི་རབ་གླིང་བཞི་ཉི་ཟླ་བཅས།།
ཁྲག་ཁྲིག་འོད་སྣང་འབར་བའི་འཇིག་རྟེན་སྟོང་གསུམ་མ་མའི་མངལ་དུ་སྦྲུམ།།
འཛམ་བུའི་སྒྲ་ཡི་རྣ་རྒྱན་བཏག་པའི་གོ་ལ་ཟླུམ་པའི་མུ་ཁྱུད་ཅན།།
རིན་ཆེན་དུང་གི་དབུ་རྒྱན་འབར་བའི་ཧི་མ་ལ་ཡའི་རི་འདབས་སུ།།
སྡེ་བཞིའི་ཕུན་ཚོགས་ལང་ལིང་གཡོ་བའི་བོད་ཁམས་གླིང་ཡུལ་ཁྲ་མོ་ཞེས།།
མི་མངོན་དབྱིངས་ལས་དམུ་ཐག་བརྐྱངས་ཏེ་ལྷ་ཡི་འཇིག་རྟེན་ས་ལ་བབ།།
ཐུགས་བསྐྱེད་བསིལ་བུའི་རླུང་ལ་བཞོན་པའི་པད་དཀར་འདབ་མ་སྟོང་ལྡན་མ།།
ཁ་བའི་ལྷུན་པོར་བརྡར་ཙམ་བྱས་ཏེ་སྙིང་རྗེའི་ས་བོན་ལན་བརྒྱར་བཏབ།།
རིགས་ཀྱི་སྨྱུ་གུ་ཆོས་རྒྱལ་ལོ་པཎ་རྣམ་སྤྲུལ་སྤྲུལ་སྐུ་ཚར་དུ་དངར།།
དེ་ཡི་དབུས་སུ་ཁྱད་དུ་འཕགས་པའི་གླིང་ལྷ་མི་ཡི་ནོར་བུ་བྱོན།།
བདུད་ཀྱིས་མི་འབིགས་རྡོ་རྗེའི་སྐུ་ལ་གསེར་གྱི་གོ་ཁྲབ་སེར་པོ་གསོལ།།
གང་ལ་གང་འདུལ་འགག་མེད་གསུང་གིས་འགྲོ་རྣམས་བདེ་བའི་ལམ་དུ་འདྲེན།།
ཇི་སྙེད་ཆོས་ཀུན་འཁྲུལ་མེད་ཐུགས་ལ་མ་འདྲེས་ཅིག་ཅར་ཉིད་དུ་གསལ།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་ཅང་ཤེས་འཕེར་པོའི་སྟེང་དུ་འགྱིངས།།
རྣམ་དཔྱོད་གཞུ་མོ་འགུགས་ཐེངས་གཅིག་གིས་རཱ་མ་ཎ་ཡང་ཞུམ་པ་སྐྱེས།།
ཤེས་རབ་མདའ་མོ་འཕེན་ཐེངས་གཅིག་གིས་བདུད་སྡེ་མུན་པའི་ཁུང་དུ་བྱོལ།།
ཟུང་འཇུག་མགྱོགས་འགྲོ་རྒྱུག་ཐེངས་གཅིག་གིས་ས་ལམ་རྟོགས་པའི་ཕ་མཐར་སོན།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་དམག་དཔོན་གཞན་གྱིས་འགྲན་ནུས་མིན།།
དྲེགས་ལྡན་རལ་པ་གདན་དུ་བཏིང་ཡང་དྲེགས་པའི་སེམས་ཀྱི་ངལ་བ་སྤངས།།
ཉམ་ཆུང་ནུས་མེད་ཞབས་ནས་བསྐྱོར་ཡང་ཉམ་ཐག་དབུགས་ཀྱི་བརྩེགས་མ་དབེན།།
སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཀྱང་སྙན་པའི་ངག་གིས་སླུ་མི་ནུས།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་རང་ཚུགས་ཐུབ་པའི་དཔའ་བོ་ཞིག།
མཚན་དཔེའི་ཉི་འོད་མིག་ལ་མཛེས་ཀྱང་འབྱུང་པོའི་བྱ་ཚོགས་ལོང་བར་གྱུར།།
ལྷད་མེད་འཛུམ་གྱི་དྲོ་སྐྱིད་བསྟེར་ཀྱང་བདུད་ཀྱི་སྙིང་ལ་ཆུ་བཞིན་གྲང་།།
དམ་ཆོས་དབྱར་གྱི་རྔ་ཆེན་བརྡུངས་ཀྱང་ལས་མེད་རྣ་བའི་བུ་ག་ཟུམ།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་མུན་པའི་དཔུང་གི་གཤེད་མ་ཉིད།།
རྐྱང་རྒོད་འཕེར་པོ་མཆོངས་ཐེངས་གཅིག་གིས་གོ་ལ་ཧྲིལ་པོར་ཡུད་ཀྱིས་བསྐོར།།
བཏབ་པ་ལན་མེད་གཡུག་ཐེངས་གཅིག་གིས་རྨོངས་པའི་བླ་སྲོག་དུམ་བུར་བཅད།།
འཕྲུལ་གྱི་ཞགས་པ་འཕེན་ཐེངས་གཅིག་གིས་བདག་འཛིན་བདུད་རྒན་དམ་ལ་བཏག།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་དཔའ་རྟུལ་གཞན་ལས་མཐུ་རྩལ་ཆེ།།
ཁྱེད་ཀྱིས་སྲུང་བའི་བའི་ཚུལ་ཁྲིམས་རེ་ལ་རྣམ་དག་ཁྲིམས་ཀྱི་དྲི་ངད་ཐུལ།།
ཁྱེད་ཀྱིས་སྒོམ་པའི་ཏིང་འཛིན་རེ་ལ་ཞི་ལྷག་ཟུང་འབྲེལ་མངོན་དུ་གྱུར།།
ཁྱེད་ཀྱིས་བསྐྱེད་པའི་ཤེས་རབ་རེ་ལ་མ་རིག་འཇོམས་པའི་སྒྲོན་མེ་འབར།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་བསླབ་གསུམ་དབང་དུ་སྒྱུར་བ་པོ།།
ཁྱེད་ཀྱིས་བསྐུར་བའི་དབང་ཆེན་རེ་ལ་སྨིན་ཅིང་གྲོལ་བའི་གདུལ་བྱ་མང་།།
ཁྱེད་ཀྱིས་བསྒྲགས་་པའི་རྒྱུད་བཤད་རེ་ལ་འགག་མེད་རྡོ་རྗེའི་རང་སྒྲ་སྒྲོག།
ཁྱེད་ཀྱིས་བསྩལ་བའི་མན་ངག་རེ་ལ་བདུད་བཞི་འཇོམས་པའི་གདམས་ངག་ཐོན།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་རིག་འཛིན་ཀུན་གྱི་གཙུག་རྒྱན་ཡིན།།
ཁྱེད་ཀྱིས་བཞག་པའི་ཞབས་རྗེས་རེ་ལ་དགེ་མཚན་མེ་ཏོག་འབུམ་གྱིས་བསུས།།
ཁྱེད་ཀྱིས་འཛུམ་མདངས་ངོམ་ཐེངས་རེ་ལ་དགེ་བའི་བག་ཆགས་འབུམ་གྱིས་བསྟིམས།།
ཁྱེད་ཀྱིས་བརྩམས་པའི་ལེགས་བཤད་རེ་ལ་རྣམ་དཔྱོད་ཟེགས་མ་འབུམ་གྱིས་བརླན།།
གདོང་དམར་སེང་ཆེན་མི་ཡི་ནོར་བུ་ཉེར་གཅིག་དུས་ཀྱི་སངས་རྒྱས་དངོས།།
འཇིགས་རུང་འཁོར་བའི་དགྲ་ཆེན་འཇོམས་ལ་ཤིན་ཏུ་དཔའ་བའི་དཔའ་རྟུལ་ཁྱོད།།
དག་པ་རམ་འབྱམས་ཞིང་གི་ཁམས་སུ་སྣ་ཚོགས་སྤྲུལ་པའི་ཟློས་གར་རོལ།།
ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྒྱ་མཚོའི་རླབས་བཞིན་བར་མེད་གཡོ།།
ཕྱི་ནང་གསང་བའི་མཐའ་ཡས་མཛད་པ་ཕལ་པ་བདག་གི་སྤྱོད་ཡུལ་མིན།།
འོན་ཀྱང་སྔོན་བསགས་ལས་སྨོན་བཟང་བས་བོད་ཁམས་གླིང་གི་ཡུལ་དུ་སྐྱེས།།
ཞལ་གྱི་དཀྱིལ་འཁོར་མཐོང་བ་དོན་ལྡན་མཇལ་བའི་སྐལ་བཟང་བདག་ལ་ཐོབ།།
ཡིད་ཀྱི་དབང་པོ་ཁྱེད་ལ་ཤོར་ཏེ་བསྟོད་པའི་སྙན་དངགས་དབྱངས་སུ་གྱེར།།
དགེ་བ་འདི་ཡིས་བདུད་ཀྱི་སྡེ་རྣམས་གཏན་དུ་ཕམ་པའི་བཀྲ་ཤིས་ཤོག།
མདོར་ན་གླིང་ལྷ་མི་ཡི་ནོར་བུའི་སྐུ་སྲོག་རྡོ་རྗེའི་བྲག་ལས་སྲ།།
རྣམ་དཀར་འཕྲིན་ལས་གསེར་གྱི་ཉི་མས་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ།།
སླར་ཡང་བོད་ཁམས་གླིང་གི་ཡུལ་དུ་སྨོན་ལམ་སྲབ་ཀྱིས་ཁ་ལོ་སྒྱུར།།
གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་ཞབས་སོར་མྱུར་དུ་འཁོད་པར་སྨོན།།
སྨྲས་པ།
ལྷག་བསམ་གངས་ཀྱི་རི་ལ་གནས་བཅས་ཤིང་།།
ཉམས་འགྱུར་ཡན་ལག་བརྒྱད་ལྡན་གངྒཱའི་ཆབ།།
རྣམ་དཔྱོད་རལ་པའི་ཁུར་འཆང་ཆབ་བྲག་བ།།
གང་གི་དྲིན་གྱིས་ལས་འདིར་ངལ་བ་སྤངས།།