རིགས་ཀྱི་བུ།
ཉིན་ཐོ་འབྲི་སྲོལ་བོད་ལ་དར་མེད་པ་མིན་ནའང་། དངོས་སུ་ལག་བསྟར་བྱེད་མཁན་བོད་ལས་ནུབ་ཕྱོགས་མི་སྣའི་ཁྲོད་མང་བ་མེད་དམ་སྙམ། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུའང་ཁྱིམ་ཚང་དེབ་ཐེར་ཟེར་པ་སོགས་འབྲི་སྲོལ་ཧ་ཅང་ཡག་པོ་ཡོད་འདུག རྩ་བའི་མི་འབོར་ཆ་ནས་བོད་ལ་གསུང་རྩོམ་གྱི་གྲངས་འབོར་དང་། མཁས་པའི་གྲངས་འབོར་ཉུང་ཉུང་མིན་པ་གསུང་མཁན་ཡོད་པ་དངོས་བདེན་རེད་སྙམ།
ཁ་སང་ནི་ཕྱི་ཟླ་ ༧ ཚེས་ ༡༠ རེས་གཟའ་སྤེན་པ་རེད། ༧རྒྱལ་བའི་འཁྲུངས་སྐར་ཕྱི་ཟླ་ ༧ ཚེས་ ༦ ལ་ཡིན་ནའང་། ནུབ་ཕྱོགས་ཡུལ་གྲུ་ཕལ་ཆེ་བར་གཟའ་མཇུག་ལས་སེང་དང་སྟབས་བསྟུན་བོད་མི་འདུ་འཛོམས་ཀྱིས་༧རྒྱལ་བའི་སྲུང་བརྩི་གཟབ་རྒྱས་ཞུ་གི་ཡོད། ལོ་གཅིག་གི་སྔོན་ཕྱི་ལོ་ ༢༠༢༠ ལོར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཤུགས་ཆེ་ཁྱབ་སྤེལ་བྱུང་བས་ཡུལ་ཁྲིམས་དང་བསྟུན་བོད་མི་འདུ་འཛོམས་བྱེད་རྒྱུར་ཁག་པོ་བྱུང་ཡོད་ནའང་། འདི་ལོ་ཕྱི་ལོ་ ༢༠༢༡ ལོར་ནུབ་ཕྱོགས་ཡུལ་ཁག་འདྲ་མིན་ལ་བོད་མི་
མང་པོ་འདུ་འཛོམས་ཀྱིས་༧རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་གནས་སྟངས་དྲྭ་ལམ་ནས་མང་པོ་མཐོང་རྒྱུ་འདུག
ཁ་སང་ཙམ་མིན་པར་༧རྒྱལ་བའི་འཁྲུངས་ཚེས་དངོས་ཟླ་ ༧ ཚེས་ ༦ ཉིན་རང་ལ་ནུབ་ཕྱོགས་སུ་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པའི་གནས་སྟངས་མང་པོ་ཡོད་པ་ལས་ད་ལོ་ཨ་རིའི་མི་ནི་སོ་ཀྲ་ས་གནས་སུ་ཡོད་པའི་རང་རིགས་བོད་རིགས་ཚོས་སྤྱི་ཁང་གསར་པའི་ནང་དང་ཕྱི་ལ་བོད་གུར་ཕུབ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ད་དུང་སྒོར་གཞས་འཁྲབ་སྐབས་བོད་མི་ཚང་མས་ཁ་རས་མི་གྱོན་པར་ངོ་གདོང་འཛུམ་མདངས་ཀྱིས་ཁེངས་ནས་སྲུང་བརྩི་ཞུས་སོང་།
ཁ་སང་བྱང་ཨ་རི་ཁུལ་གྱི་བོད་མི་འདུས་སྡོད་ཆེ་ཤོས་ཨ་རི་ནིའུ་ཡོག་དང་། ཁེ་ན་ཌའི་ཨལ་བྷ་ཀྲ་སོགས་ལ་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པའི་བརྙན་ཐུང་དྲ་ཐོག་ནས་དངོས་སུ་མཐོང་རྒྱུ་འདུག འཁྲུངས་སྐར་སྲུང་བརྩི་ཞུ་སར་༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེ་དང་། ཞལ་ཐང་སོགས་སྐུ་གསུང་ཐུགས་རྟེན། མཆོད་རྫས་འབུལ་གཤམ་གནང་སྟངས་བཅས་ནས་དད་ལྡན་བསོད་ནམས་གསོག་པའི་ཞིང་སར་འགྱུར་པ་མཇལ་རྒྱུ་འདུག་ལ། ད་དུང་ཆོས་དད་ཡོད་མཁན་རྣམས་དད་པའི་བསོད་ནམས་གསོག་པའི་ཞིང་ས་དང་། ཆོས་དད་མེད་ནའང་མཐོང་བ་ཙམ་གྱིས་སེམས་ལ་དགའ་བ་དང་ཞི་བདེས་ཁྱབ་པ་མཇལ་རྒྱུ་འདུག དེ་ཙམ་མིན་པར་ས་གནས་སོ་སོར་འཛོམས་པའི་ངོ་གདོང་འཛུམ་གྱིས་ཁེངས་པའི་བོད་རིགས་ཚོས་རང་ལུགས་བོད་ཆས་གཟབ་མཆོར་ལེགས་པར་སྤྲས་ནས་༧རྒྱལ་བའི་འཁྲུངས་སྐར་བསུ་བའི་བཀྲ་ཤིས་པའི་གཞས་དང་ཞབས་བྲོ་འཁྲབ་སྟོན། ནང་མི་སྤུན་མཆེད་ཚང་མ་ལྷན་འཛོམས་ཀྱིས་སྤྲོ་སྐྱིད་གཏོང་བའི་རྣམ་པ་ནི་ཕྱི་མིས་བལྟས་ཚེ་མིག་ནང་ལ་མཛེས་པ་དང་། རང་མིས་བལྟས་ཚེ་དགའ་སྐྱིད་ལྡན་པ་ཞིག་རེད། ནད་ཡམས་ཁྲོད་དུ་༧རྒྱལ་བའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་ཞུ་ཐུབ་པ་ནི་གཙོ་བོ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་ཐུགས་རྗེའི་བྱིན་རླབས་དང་། བྱེ་བྲག་བོད་མི་གནས་ཡུལ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པས་སྔོན་ཚུད་ནས་ས་གནས་གཞུང་ལ་བཀའ་འཁྲོལ་ཞུས་ཐོབ་ཀྱིས་སྤྱི་ཁང་དང་། ཚོགས་ཁང་། སྤྱི་ཁང་སོགས་གང་ལ་གང་འོས་ཀྱིས་གོ་སྒྲིག་ཞུས་པར་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད།
སྤྱིར་ད་ལོ་དཔལ་ལྡན་བཀའ་ཤག་ནས་བོད་མི་རྣམས་ལ་གནང་བའི་ལམ་སྟོན་ནང་། ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་མི་འགྲོ་སླད་བོད་མི་འདུ་འཛོམས་ཤུགས་ཆེ་བྱེད་མི་དགོས་པར་བོད་ཀྱི་ལྷ་བསྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མཎི་ཡིག་དྲུག་སྟོང་ཚར་འདོན་དགོས་པའི་ལམ་སྟོན་གནང་ཡོད། ཡིན་ནའང་། ༧རྒྱལ་བའི་འཁྲུངས་སྐར་དངོས་གཞིའི་ཉིན་དང་། དེ་རིང་གཟའ་མཇུག་དུས་ཚོད་ལ་ནུབ་ཕྱོགས་ཡུལ་ཁག་ལ་༧རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཆེད་བོད་མི་ས་གནས་ཁག་ལ་འདུ་འཛོམས་བྱེད་པ་དེ་ནི་ཆེད་དུ་མངགས་ནས་དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལ་སྲུང་བརྩི་མ་བྱས་པ་མ་ཡིན་པར་། དཔལ་ལྡན་བཀའ་ཤག་དང་། གནས་ཡུལ་ལུང་པ་གཉིས་ཀའི་ལམ་སྟོན་དང་ཡུལ་ཁྲིམས་དང་མི་འགལ་བར་༧རྒྱལ་བའི་འཁྲུངས་སྐར་ཞུས་པ་ཆགས་ཡོད། འོན་ཀྱང་། བློ་ཚབ་ཅུང་ཟད་སྐྱེ་དགོས་པ་ནི་བོད་མི་མང་པོ་འཛོམས་སར་ཁ་རས་མི་གྱོན་པའི་གནས་སྟངས་དེ་རེད། བོད་མི་ཁ་ཤས་ཀྱིས་ཁ་རས་གྱོན་ནས་སླེབས་ནའང་། བོད་མི་སྔོན་ཚུད་འཛོམས་པ་ཚང་མས་ཁ་རས་མ་གྱོན་པར་བརྟེན་སོ་སོ་གྱོན་མི་ཤེས་པའི་གནས་སྟངས་བྱུང་སྐོང་གསུང་མཁན་མང་པོ་ཡོད་འདུག གཅིག་བྱས་ན་ས་གནས་སུ་འཕྲོད་བསྟེན་ཚན་པས་སྨན་ཁབ་གཉིས་རྒྱབ་ཟིན་པ་དང་། ནད་པའི་གྲངས་འབོར་ཉུང་དུ་སོང་བའི་རྒྱུ་མཚན་གྱིས་ཡིན་ངེས།
ཁ་སང་བོད་མི་འཛོམས་སར་ཕན་ཚུན་གཅིག་འགྱུར་གྱིས་བཤད་པའི་སྐད་ཆ་ཁ་ཤས་འདུག དཔེ་མཚོན་ཁ་ཤས་བརྗོད་ན། དང་པོ། ནད་ཡམས་བཀག་རྒྱའི་འོག་མི་ཚང་མ་རྒྱགས་པ་ཆགས་འདུག གཉིས་པ། དུས་ཚོད་རྒྱུན་རིང་པོའི་རྗེས་སུ་དེ་རིང་བོད་པ་མང་པོ་མཉམ་དུ་འཛོམས་ཐུབ་པ་ཐེངས་དང་པོ་རེད། གསུམ་པ། ད་ནད་ཡམས་རྩ་བ་ནས་མེད་པ་ཆགས་པ་ཤོག བཞི་པ། ནད་རླབས་གསུམ་པ་སླེབས་ཀྱི་རེད་ཟེར་པ་དེ་གང་འདྲ་ཡིན་ནམ། ལྔ་པ། ་་་ དྲུག་པ། ་་་ དེ་དག་ཚང་མས་བཤད་རེས་བྱེད་ཀྱི་འདུག
མཐའ་དོན། ཁ་སང་བོད་མི་ཚོས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། ༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ནི་ཧ་ལས་པའི་ཡག་པོ་རེད། བོད་མི་མཉམ་འཛོམས་ཀྱིས་སྐྱིད་པོ་བྱུང་བ་ཡང་ཧ་ཅང་གི་ཡག་པོ་རེད། གོ་སྒྲིག་པ་ཚོས་ཀྱང་གོ་སྒྲིག་ཚགས་ཚུད་ཡག་པོ་གནང་བར་ཡག་པོ་རེད། ཡིན་ནའང་། བོད་མི་ཚོས་མཉམ་འཛོམས་སྐབས་སུ་ཁ་རས་མ་གྱོན་པར་བརྟེན་ནད་ཡམས་མི་ཁྱབ་པ་ཤོག ནད་པ་གཅིག་ཀྱང་མ་ཐོན་པ་ཤོག རྗེ་བཙུན་སྒྲོལ་མས་མཁྱེན། །