བསྟན་པའི་དངོས་གྲུབ། ཧྥ་རན་སི་རྒྱལ་ས་ཕ་རེ་སི་ནས།
ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་བརྩམས་པའི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ལས་ཞོར་ལ་བཀླགས་ཚར་བ་ཡིན། རྩོམ་ཡིག་གི་ཚིག་སྦྱོར་བདེ་ལ་གོ་སླ་བ། ནང་དོན་གཏིང་ཟབ་པའི་ཧ་ཅང་ཀློག་འདོད་བྱུང་ལ། དཔེ་དེབ་འདི་ལྟ་བུ་རང་རེའི་སྤྱི་ཚོགས་ནང་མང་ཙམ་བསྒྱུར་སྤེལ་བྱེད་ཐུབ་ན་ལེགས་སྙམ་པའི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་ལ། ཨ་ལགས་རྗེ་སྤྲུལ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་འདོད་བྱུང་། ཨ་ལགས་རྗེ་སྤྲུལ་ལགས་སུ་བླ་སྤྲུལ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་ལ། ཁོང་བླ་སྤྲུལ་ཞིག་ཡིན་སྙམ་པའི་ང་རྒྱལ་མེད་ལ། རྫིག་མདོག་དང་ཤེས་མདོག་གི་རྣམ་འགྱུར་དེ་བས་ཀྱང་མེད། ལྷག་པར་དུ་ཁོང་ཞི་དུལ་བག་ཕེབས་ངང་བསླབ་པ་སློབ་གཉེར་གནང་མཁན་གྱི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ། དཔེ་ཁྲིད་དང་ཆོས་ར་སོགས་སུ་ཕེབས་སྐབས་ལམ་བར་ནས་ཕྲུ་གུ་ཆུང་ཆུང་དག་ལ་བརྩེ་སེམས་རབ་ཏུ་འཁོལ་ནས་ཡོད་པ་ད་དུང་ངའི་མིག་ལམ་དུ་ཤར་ཡོང་གི་འདུག
ཨ་རི་བ་བླ་མ་དཀར་པོའི་དཔེ་དེབ་བཀླགས་པའི་ཁྲོད་དུ་ཐིའུ་སི་བོད་ལ་སླེབས་པ་དང་། སྐུ་དྲག་དང་བླ་མ་དགེ་བཤེས་ཐ་ན་བོད་མི་དཀྱུས་མ་ཚོས་དགའ་གུས་སྤྲོ་གསུམ་ངང་སྣེ་ལེན་བྱེད་པ་དག་མཐོང་དུས། ང་རངསྔོན་མ་རྒྱ་གར་རྡ་རམ་ས་ལར་བསྡད་པའི་སྐབས་སུ་བོད་མི་རྒན་གཞོན་བར་གསུམ་གྱིས་ཕྱི་གླིང་པ་མགོ་སེར་གཅིག་རིག་སྐབས་ཚང་མའི་ཁ་ནས་ཧ་ལོ་ཟེར་བ་བཞིན། གདོང་ལ་འཛུམ་དམུལ་དམུལ་ངང་ལྷ་རུ་ལྟ་བཞིན་འདུག མ་ཟད་མགོ་སེར་ཞིག་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་དང་། ཡུབ་རོབ་སོགས་གང་གི་ཡིན་མིན་ལ་མ་ལྟོས་པར་ཚང་མས་དབྱིན་ཡིག་དབྱིན་སྐད་ཤེས་ཤག་རང་གི་འཛིན་སྟངས་གཅིག་གྱུར་པ་ཞིག་བོད་མི་ཚང་མ་ལ་འདུག བོད་མིས་རང་གིས་རང་ལ་ཆེ་མཐོང་མི་སྤྲད་པ་མ་ཟད། བོད་ནས་གསར་དུ་སླེབས་མཁན་ཚོར་ལྟ་སྟངས་གཞན་ཞིག་ཡོད་པའི་ཚོར་བ་མི་ཉུང་བ་ཞིག་སྐྱེས་མྱོང་ལ། དཔེ་ཀློག་འདིའི་ཁྲོད་དུའང་གསལ་བོ་ཐོན་འདུག་སྙམ།
ང་རང་གི་མགོ་སེར་ཚོ་ལ་སྔོན་མ་ནས་ལྟ་སྟངས་ཡོད་པ་གཅིག ཕྱི་གླིང་པ་མགོ་སེར་ཚོས་ཁེ་བཟང་མེད་ན་ལས་མི་བྱེད་ལ། རང་ཉིད་ཀྱིས་ཁེ་བཟང་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་རེད་བསམ་ཡོད། དཔེ་ཀློག་འདིའི་ཁྲོད་དུ་སྐུ་ཞབས་ཐིའུ་སིའི་བྱས་རྗེས་བརྒྱུད་རིམ་ལ་བལྟས་ཚེ་རང་ཉིད་ཀྱི་ཕྱི་གླིང་པ་ལ་ལྟ་སྟངས་ཏེ་གསལ་བོ་ཆགས་འདུག་སྙམ།
དཔེ་ཀློག་འདིའི་མཇུག་ཏུ་འགྱོད་པ་གཅིག་སྐྱེས་པ་དང་སུན་སྣང་ཞིག་ཀྱང་ངང་གིས་སྐྱེས་བྱུང་། གང་ཡིན་ཟེར་ན་སྐུ་ཞབས་ཐིའུ་སིའི་ལས་དོན་མ་འགྲུབ་པ་དང་། ཐ་མར་ཁོང་གར་སོང་གར་ཡོད་ཆ་མེད་དུ་གྱུར་པ། དགེ་ཆོས་ལྟ་བུ་མཁས་དབང་དེ་ཡང་དོན་མེད་བཙོན་དུ་འཆི་དགོས་པ་དེ་རེད། འདི་ནི་བོད་པའི་ལས་དབང་དང་སྐུ་དྲག་ཚོས་བྱས་ཉེས་ཡིན་པ་མཐོང་བས་རེད།
ཕྱི་ལོ་ ༢༠༢༡ ཟླ་ ༠༧ ཚེས་ ༣༡ རེས་གཟའ་སྤེན་པའི་ཉིན་ལ།