འབྲིང་བ་འཇིགས་མེད།
<<ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།>>འགྲེམས་སྤེལ་སྔ་ཕྱིའི་སྐབས་ཀྱི་གླེང་མོ།
དང་པོ། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་སྐོར་ཡིག་འཇོག་བྱེད་རྒྱུ་གལ་ཆེ་ཚུལ།
༄༅།། སྤྱིར་བོད་ཀྱི་ལོ་རྒྱུས་ནི་དུས་ཡུན་ཧ་ཅང་རིང་ཞིང་། དེང་སང་ལོ་ངོ་སྟོང་ཕྲག་མ་ཟད་ཁྲི་ཕྲག་གི་སྐད་ཆ་ཤོད་བཞིན་ཡོད། དེའི་རིང་གི་ལོ་རྒྱུས་ཡིག་ཆའང་རྒྱལ་རབས་དང་། རྣམ་ཐར། ཆོས་འབྱུང་སོགས་མང་པོ་ཡོད་ཀྱང་སྲིད་དོན་གྱི་ལོ་རྒྱུས་ཉུང་ཞིང་། ཉེ་རབས་ཀྱི་སྲིད་དོན་ལོ་རྒྱུས་དེ་བས་ཀྱང་ཉུང་། ཕྱི་རྒྱལ་གྱི་སྐད་ཡིག་ནང་ཡོད་ཀྱང་མང་པོ་མེད་པར་མངོན་ལ་བོད་ཡིག་ནང་དུའང་ཤིན་ཏུ་ཉུང་བས། འདི་འདྲའི་ཉེ་རབས་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་ཡིག་ཆ་བོད་ཡིག་ནང་གསར་དུ་རྩོམ་འབྲི་གནང་རྒྱུ་ནི་གལ་ཆེན་པོ་དང་དགོས་མཁོ་ཆེན་པོར་གྱུར་ཡོད།
ད་ལྟའི་བོད་ཀྱི་གནས་སྟངས་ཉག་ཕྲ་ཞིང་ཡ་ང་བའི་དཀའ་ངལ་འདི་སེལ་ཐབས་བྱེད་པ་ལ་དཀའ་ངལ་འདི་ཇི་ལྟར་བྱུང་བ་དང་། འདིའི་བྱུང་རྐྱེན་དང་། འདིའི་རྒྱུར་གྱུར་པའི་ལས་ཇི་ལྟར་བསགས་ཡོད་པའི་ཚུལ་ཤེས་དགོས་པ་ཧ་ཅང་གལ་ཆེ་ནའང་ཉེ་རབས་ཀྱི་ལོ་རྒྱུས་དང་གནས་ཚུལ་དེ་དག་ཤེས་མཁན་རང་རེ་བོད་མིའི་སྤྱི་ཚོགས་ཁྲོད་ཅུང་ཟད་དཀོན། དཔེར་ན་བོད་རྒྱ་ཞི་མོལ་སྐབས་རྒྱ་ནག་གི་ཕྱོགས་ནས་ཆ་རྐྱེན་གཅིག་ནི་འདས་པའི་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དགོས་ཞེས་ཤོད་ཀྱི་ཡོད་པས། བོད་རྒྱ་ནག་གི་ཆ་ཤས་ཡིན་དང་མིན་ནི་འདས་པའི་ལོ་རྒྱུས་ཐོག་ནས་དངོས་ཡོད་གནས་ཚུལ་བདེན་པ་ར་སྤྲོད་ཀྱིས་གསལ་པོ་བཟོ་དགོས་པ་ཞིག་ཡིན་ནའང་། དེ་ནི་མི་མང་པོ་ཞིག་གིས་གསལ་པོར་ཤེས་དང་མ་ཤེས་དབར་ནས་རྩོད་གཞིར་གྱུར་ཡོད། དེ་འདྲའི་གནས་ཚུལ་གསལ་པོ་བཟོ་བ་ལ་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཤེས་དགོས་པས་དེའི་སྐོར་ཡིག་འཇོག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་སྐབས་སུ་བབས་པ་ཞིག་ཡིན།
ཉེ་རབས་བོད་ཀྱི་ལོ་རྒྱུས་ཞེས་བརྗོད་ཚེ། ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་ནང་གི་བརྗོད་དོན་གྱི་རིམ་པར་བལྟས་ན་ཕལ་ཆེར་དུས་རབས་བཅོ་བརྒྱད་བཅུ་དགུ་ཉི་ཤུ་བཅས་ལོ་སུམ་བརྒྱ་ཙམ་རིང་གི་གནས་ཚུལ་ལ་གོ་བཞིན་ཡོད་ཚོད་ལྟར་ཕལ་ཆེར་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཆོག་སྙམ། མ་གཞི་ལུང་པ་སོ་སོའི་གནས་སྟངས་མི་འདྲ་བ་དང་། ཆབ་སྲིད་དང་དཔལ་འབྱོར་དང་རིག་གཞུང་སོ་སོའི་གནས་སྟངས་མི་འདྲ་བའི་དབང་གིས་གནའ་རབས་དང་ཉེ་རབས་དང་དེང་རབས་བཅས་ཀྱི་དུས་མཚམས་འཛིན་སྟངས་མི་འདྲ་བ་ཡོད་ཀྱང་འདིར་གོང་དུ་སྨོས་པ་ལྟར་བྱས་ན། འདས་པའི་ལོ་སུམ་བརྒྱ་མ་ཟིན་ཙམ་དེའི་རིང་གི་ལོ་རྒྱུས་སྤྱི་དང་། ལྷག་པར་སྲིད་དོན་དང་འབྲེལ་བའི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་དུས་སྐབས་སྔ་མ་ཚོ་དང་མི་འདྲ་བའི་དམིགས་བསལ་གྱི་གནས་ཚུལ་ལམ་ཁྱད་ཆོས་དུ་མ་ཡོད། སྤྱིར་ལོ་རྒྱུས་ལ་གནས་ཚུལ་བཟང་ངན་སྣ་ཚོགས་ཡོད་པ་ལྟར། འདིར་ཡང་བཟང་ངན་རིགས་གཉིས་ཡོད་པ་ལས།
༡༽ ངན་པའམ་སྐྱོན་གྱི་ཕྱོགས་ནས་བཤད་ན།
༡ འདས་པའི་ལོ་སུམ་བརྒྱ་ཙམ་དེའི་རིང་བོད་ལ་ཕྱིའི་བཙན་འཛུལ་དང་དམག་འཁྲུག་སྔར་དང་མི་འདྲ་བ་ཞིག་བྱུང་ཡོད། གོར་ཥ་དང་། མན་ཇུ། དབྱིན་ཇི། གོ་མིན་ཏང་། མཐར་གུང་ཁྲན་ཏང་གི་བཙན་འཛུལ་བྱུང་ནས་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་དང་བཅས་པ་བཙན་བྱོལ་ལ་གྱར་དགོས་པའི་ད་ལྟའི་གནས་སྟངས་འདི་བྱུང་། འདི་དག་ཉེ་བའི་དུས་རབས་འདིའི་ནང་བྱུང་བ་མ་གཏོགས་དེའི་གོང་དུ་བྱུང་མྱོང་མེད།
༢ བོད་མི་ནང་ཁུལ་ལ་རྙོག་དྲ་དུ་མ་བྱུང་བ་ནི་དེ་སྔོན་ས་སྐྱ་དང་ཕག་གྲུ། རིན་སྤུངས་སོགས་ཀྱི་སྐབས་སུའང་བྱུང་མྱོང་ཡོད་ནའང་དེ་དག་ནི་སོ་སོའི་ནང་ཁུལ་གྱི་སྲིད་དབང་འཐབ་རྩོད་སོགས་ལ་བརྟེན་ནས་བྱུང་བ་མ་གཏོགས། ཕྱིའི་བརྒྱུད་སྐུལ་དང་ཤུགས་རྐྱེན་འོག་ནས་བྱུང་བ་ཕལ་ཆེར་མེད། ཉེ་བའི་དུས་རབས་འདིའི་སྐབས་ཀྱི་ནང་འཁྲུག་དཔེར་ན་བཀའ་བློན་ནང་འཁྲུག་ནས་བཟུང་སྟེ་རྭ་སྟག་དོན་རྐྱེན་བར་གྱི་ནང་འཁྲུག་མང་ཆེ་བ་མན་ཇུའི་བརྒྱུད་སྐུལ་དང་དབྱིན་ཇིའི་དཀྲུག་ཤིང་སོགས་ཕྱི་མིའི་ཤུགས་རྐྱེན་འོག་ནས་བྱུང་བ་ཤ་སྟག་ཡིན་པས། ལོ་རྒྱུས་ཀྱི་དུས་སྐབས་སྔ་མ་ཚོའི་སྐབས་ཀྱི་ནང་འཁྲུག་བྱུང་སྟངས་དང་མི་འདྲ་བ་ཞིག་ཡིན།
༣ གོང་དུ་བཤད་པ་ལྟར་བོད་རྒྱའི་དབར་གྱི་དཀའ་རྙོག་འདིའི་བྱུང་རྐྱེན་ཡང་ཕྱིར་བཤིག་གིས་ཡར་དེད་ན་གཙོ་བོར་མན་ཇུ་དང་བོད་དབར་གྱི་འབྲེལ་བའི་གནས་ཚུལ་ལ་ཐུག་ཡོད་པ་དང་། གནས་ཚུལ་དེའི་དབང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་དང་བོད་རང་བཙན་ཡིན་མིན་རྩོད་གཞིར་གྱུར་པ་འདི་བོད་རྒྱའི་དཀའ་རྙོག་སེལ་བའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། འདིའང་ཉེ་བའི་དུས་རབས་འདིའི་ནང་དུ་བྱུང་།
༢༽ ལེགས་པའི་ཕྱོགས་སམ་མཐུན་པའི་ཕྱོགས་ནས་བཤད་ན།
༡ འདས་པའི་ལོ་བརྒྱ་ཕྲག་གསུམ་ཙམ་དེའི་རིང་བོད་འདི་ཕྱིའི་འཛམ་གླིང་ལ་འབྲེལ་བ་ཤུགས་ཆེ་རུ་ཕྱིན་ཡོད། དེ་སྔོན་རྒྱ་དཀར་ནག་དང་བལ་འབྲུག་སོག་པོ་བཅས་ཉེ་འཁོར་གྱི་ཡུལ་གྲུ་རྣམས་མ་གཏོགས་དེ་ལས་ཐག་རིང་བའི་ཡུལ་ཁག་ལ་འབྲེལ་བ་ཕལ་ཆེར་མེད་ཀྱང་། ཉེ་བའི་དུས་རབས་འདིའི་སྐབས་སུ་དེ་ལས་བརྒལ་ཏེ། དབྱིན་ཇི་དང་། ཨ་རི། ཨུ་རུ་སུ། ཉི་ཧོང་། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་སོགས་འཛམ་གླིང་ཤར་ནུབ་ཀུན་ཏུ་འབྲེལ་བ་བྱུང་། རྒྱལ་ཁབ་མང་པོའི་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་པ་སོགས་སྒོ་སྣ་ཚོགས་ལ་བརྟེན་ནས་བོད་ཅེས་པ་འདི་འཛམ་གླིང་ཡོངས་སུ་གྲགས།
༢ བོད་དོན་འདི་བོད་མི་གཅིག་པུའི་གནད་དོན་ཙམ་དང་ཡང་ན་རྒྱ་བོད་གཉིས་ཁོ་ནའི་གནད་དོན་ཙམ་མིན་པར་རྒྱལ་སྤྱིའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཐེངས་དུ་མར་བགྲོ་གླེང་དང་གྲོས་ཆོད་བཞག་པ་སོགས་བྱུང་ཡོད་ལ། རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་བོད་དོན་རྒྱལ་སྤྱིའི་གནས་ཚུལ་དུ་གྱུར་པ་འདི་ལ་ཕྱོགས་གཞན་ཞིག་ནས་བལྟས་ན། བོད་དོན་འདི་གྲང་དམག་འཐབ་རྩོད་སྐབས་ནས་བཟུང་གྲང་དམག་རྒྱག་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཚོའི་དབར་གྱི་ཆབ་སྲིད་ཀྱི་ལག་རྩེད་སྤོ་ལོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་གཏོགས། རྒྱལ་ཁབ་དེ་ཚོའི་གཏིང་ཟབ་ཀྱི་ཕན་གྲོགས་དང་ལྷག་བསམ་གྱི་རྒྱབ་སྐྱོར་ཡོད་པ་ཞིག་ཏུ་དེ་ཙམ་མཐོང་མི་ཐུབ་ལ། རྒྱལ་ཁབ་དེ་ཚོའི་ཁེ་ཕན་གྱི་ལག་རྩེད་དབར་དུ་ད་ལྟའང་ལྷག་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་།
༣ བོད་རང་གི་ཆབ་སྲིད་སྐྱོང་ལུགས་རང་དབང་མང་གཙོའི་ལམ་དུ་ཕྱིན་པ་སོགས་ཕྱོགས་དུ་མ་ནས་ཉེ་བའི་དུས་རབས་འདི་དུས་རབས་སྔ་མ་ཚོ་དང་མི་འདྲ་བ་ཞིག་སྟེ། སྲིད་དོན་གྱི་གནས་ཚུལ་མི་འདྲ་བའམ་དམིགས་བསལ་བ་དུ་མ་བྱུང་བའི་དུས་རབས་ཤིག་ཆགས་ཡོད།
ལྷག་པར་དུ་ད་ལྟའི་བོད་དོན་གྱི་དཀའ་ངལ་འདི་སེལ་བ་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་སྟེ་དཀའ་ངལ་འདིའི་ཐད་ཀའི་རྒྱུ་དང་བྱུང་རྐྱེན་སྐོར་ཤེས་རྟོགས་དང་གསལ་པོ་ཆགས་དགོས་པ་གལ་ཆེ་ནའང་། འདིའི་སྐོར་ཤེས་མཁན་དཀོན་ལ་ལོ་རྒྱུས་ཀྱི་ཡིག་ཆའང་དཀོན། དེང་སང་བོད་ནང་ནས་བོད་ཀྱི་སྲིད་དོན་ལོ་རྒྱུས་བྲིས་པ་གཞུང་སྒེར་གཉིས་ཆ་ནས་ཡོང་གི་ཡོད་ནའང་། གཞུང་གིས་བྲིས་པ་ནི་རྒྱ་ནག་གཞུང་རང་གི་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ་བྲིས་པ་ཡིན་པས་རྫུན་པ་མ་གཏོགས་བདེན་པ་ཞིག་མེད་ལ། སྒེར་གྱིས་བྲིས་པ་དག་ཀྱང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམ་བསྒྲགས་དབང་གིས་ལོ་རྒྱུས་ཀྱི་གནས་ཚུལ་རྣམས་ངོ་མ་དང་བདེན་པ་ཇི་བཞིན་འབྲི་ཐུབ་ཀྱི་མེད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་སོ་སོ་སྒེར་གྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་ཉེ་བའི་དུས་རབས་ཀྱི་ཆབ་སྲིད་ལོ་རྒྱུས་གང་ལ་གང་འཚམས་བྲིས་པ་རེ་ཡོད་ནའང་དེ་ཙམ་གྱི་གནད་འགག་འདུས་པོ་དང་ཕུན་སུམ་ཚོགས་པོ་ཞིག་མེད། དེར་བརྟེན། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་ལོ་རྒྱུས་ཡིག་ཆ་འདི་འདྲའི་རིགས་ཤིན་ཏུ་དགོས་མཁོ་ཆེན་པོ་དང་གལ་ཆེན་པོ་ཡིན་ལ། ལོ་རྒྱུས་ཀྱི་ཕྱག་དེབ་འདི་ནི་བོད་ཀྱི་ཉེ་རབས་ཀྱི་སྲིད་དོན་ལོ་རྒྱུས་སྤྱི་དང་། ད་ལྟའི་བོད་དོན་དང་འབྲེལ་བའི་ཁ་ཚ་དགོས་གཏུགས་ཀྱི་གནས་བབས་འདི་ལ་ཤིན་ཏུ་ཐུགས་ཕན་སོས་པོ་དང་གནད་ལ་ཁེལ་བ་ཞིག་ཆགས་ཡོད།
གཉིས་པ། ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་འདི་བཀླགས་པའི་སེམས་ཚོར་འགའ།
༡ ཕྱག་དེབ་འདིའི་ནང་དོན་ནི་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་། དེ་ལས་སྲིད་དོན་གྱི་ལོ་རྒྱུས། དེ་ལས་ཀྱང་ལྷ་སྲས་རྒྱལ་ལོ་དོན་གྲུབ་དང་འབྲེལ་བའི་སྐོར་(དེབ་འདིའི་སྟོད་ཆའི་དཀྱིལ་ཙམ་ཡན་ནི་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་འབྲེལ་བ་མེད་ཀྱང་། དེ་མན་ཆད་ནི་ཧ་ལམ་ཆ་ཚང་བ་སྐུ་ངོ་དང་དངོས་བརྒྱུད་ཅི་རིགས་ཀྱིས་འབྲེལ་བ་ཆགས་འདུག)གཙོ་བོ་ཡིན་ཞིང་། དེའང་ད་ཕན་བོད་མིའི་སྤྱི་ཚོགས་ཁྲོད་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག་ལ་གཞན་གྱིས་འཁྱོག་བརྗོད་བྱས་པ་དང་། ཡང་ན་དེ་ཙམ་ཁ་མི་གསལ་བས་མང་མང་གིས་དོན་དངོས་གསལ་པོར་མཁྱེན་གྱི་མེད་པའི་རིགས་ཏེ། ཡོ་བ་དང་གབ་པའི་སྐྱོན་ཅན་རིགས་གང་འཚམས་ཡོད་པ་དེ་རིགས་གཙོར་འདོན་གྱིས་དེ་དག་ལ་འཁྱོག་པོ་ཡོ་བསྲང་དང་གབ་པ་མངོན་ཕྱུང་གིས་སྐྱོན་སེལ་གནང་སྟེ་བྲིས་ཡོད་པ་ཞིག་རེད།
༢ ཕྱག་དེབ་རང་གི་མཚན་བྱང་གི་ཟུར་དུ་ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བ་ཞེས་གསལ་བ་ལྟར། ཡོ་བ་བསྲངས་པ་དང་གབ་པ་ཕྱུང་བ་ནི་ལོ་རྒྱུས་ཀྱི་བརྩམས་ཆོས་འདིའི་ཁྱད་ཆོས་གཙོ་བོར་གྱུར་ཡོད། དེས་ན་ཡོ་བ་ཇི་ལྟར་བསྲངས་ཡོད་པ་དང་གབ་པ་ཇི་ལྟར་ཕྱུང་ཡོད་པའི་ཚུལ་གསལ་པོར་ཤེས་རྒྱུ་དང་བཤད་རྒྱུ་གལ་ཆེ་ནའང་། ཕྱག་དེབ་སྟོད་སྨད་གཉིས་ཀའི་ནང་གི་དོན་ཚན་རེ་རེའི་ཐད་དུ་ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་གནས་ཚུལ་རེ་མེད་ས་ཧ་ལམ་མེད་པ་ལྟ་བུ་ཡིན་པས་ཆ་ཚང་བ་འདིར་བརྗོད་ཐུབ་ཐབས་མེད། དེར་བརྟེན་དཔེ་མཚོན་རེ་ཟུང་གི་སྟེང་ནས་བརྗོད་ན། གློ་སྒྲིག་འཛུགས་ཀྱི་དཀའ་རྙོག་དང་འབྲུག་གི་རྙོག་དྲའི་སྐོར་ལྟ་བུ་ལ་མཚོན་ན་རྙོག་དྲ་དེ་ཚོ་ནི་སྐུ་ངོ་རྒྱལ་ལོ་དོན་འགྲུབ་ཀྱི་ཐོག་ལ་ཉེས་འཛུགས་བྱེད་མཁན་ཡོད་ནའང་། ཞིབ་ཏུ་དཔྱད་དུས་གནས་ཚུལ་ངོ་མ་ནི་དེ་འདྲ་མིན་པར། གློ་སྒྲིག་འཛུགས་ཀྱི་རྙོག་དྲ་ནི་བོད་མི་ནང་ཁུལ་གྱི་དཀྲོག་གཏམ་དང་། གློ་སྒྲིག་འགོ་འཛིན་འབའ་པ་ཡེ་ཤེས་ཀྱི་བྱས་ཉེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། འབྲུག་གི་རྙོག་དྲ་ནི་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་བསླངས་པ་ཞིག་ཡིན་པའི་དོན་དངོས་གསལ་པོར་བརྗོད་དེ་འཁྱོག་པོ་ཡོ་བསྲང་ལེགས་པོ་གནང་འདུག དེ་བཞིན་བཀྲས་ལྷུན་རང་བཙན་བྱེད་ཐབས་དང་རྒྱལ་བའི་ཡང་སྲིད་ཀྱི་རྩོད་རྙོག་སྐོར་ལྟ་བུ་ནི་ཡོངས་གྲགས་བཤད་སྲོལ་དེ་ཙམ་མེད་ཀྱང་། དེ་དག་གི་སྐོར་གབ་པ་མངོན་དུ་ཕྱུང་བས་ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་གསལ་པོར་ཆགས་ཏེ། བཀྲས་ལྷུན་རང་བཙན་བྱེད་ཐབས་ཀྱིས་གཙོས་གཞུང་བླའི་དབར་གྱི་འགལ་བ་ནི་གཙོ་བོར་དབྱིན་ཇིའི་གཡོ་ཁྲམ་ལས་བྱུང་བ་ཞིག་ཡིན་པ་གསལ་པོར་གྱུར་འདུག་པ་དང་། རྒྱལ་བའི་ཡང་སྲིད་ཀྱི་རྩོད་རྙོག་ནི་སྐུ་དྲག་གི་ཕྱོགས་ཁག་གཅིག་ནས་བཟོས་པ་ཞིག་ཡིན་པའི་ཚུལ་གསལ་པོར་གྱུར་པར་མ་ཟད། རྭ་སྟག་དོན་རྐྱེན་གྱི་འབྱུང་རྩའང་ཡར་དེད་ན་རྒྱལ་བའི་ཡང་སྲིད་ཀྱི་རྙོག་དྲ་དེ་ལ་ཐུག་ཡོད་པ་དང་། འབྱུང་རྩ་དེ་ནས་བྱུང་རྗེས་དེའི་ཐོག་དབྱིན་ཇིས་དཀྲུག་ཤིང་གི་སྣོན་པ་བརྒྱབས་ནས་རྙོག་དྲ་ཇེ་ཆེར་སོང་བ་ཞིག་ཡིན་པའི་ཚུལ་གསལ་པོར་གྱུར་འདུག་པས་མཚོན། འབྲེལ་ཡོད་ལོ་རྒྱུས་མང་པོའི་དོན་དངོས་གསལ་པོར་ཆགས་ཏེ་བོད་ཀྱི་ལོ་རྒྱུས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག
༣ འཁྱོག་པོ་ཡོ་བསྲང་གནང་བའི་བཤད་པ་རེ་ཟུང་ཐད་ང་རང་གི་བསམ་ཚུལ་ཞིག་ཞུ་འདོད་པ་ནི། བོད་སོག་ཆིངས་ཡིག་དང་ཆུ་གླང་རྩ་ཚིག་གཉིས་ལ་མཚོན་ན། དེ་དག་ནི་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་ང་ཚོས་བགྲང་གི་ཡོད་ནའང་བོད་སོག་ཆིངས་ཡིག་གི་འགོ་བརྗོད་ཀྱི་ཚིག་གི་འགྲོ་སྟངས་ཐོག་ནས་ཕན་གནོད་ཅི་འགྱུར་མནོ་བསམ་གཏོང་དགོས་པ་ཞིག་ཡིན་པ་དང་། ཆུ་གླང་རྩ་ཚིག་ནང་བོད་རང་བཙན་ཞེས་པའི་ཚིག་འཁོད་མེད་ལ་དེ་རྒྱལ་སྤྱིའི་ཐོག་ལ་གནང་བ་ཞིག་ཀྱང་མིན་པར་བོད་མི་ནང་ཁུལ་ལ་གནང་བ་ཞིག་ཡིན་པ་སོགས་ནི་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་བདེན་མོད་དེ། འོན་ཀྱང་དེ་གཉིས་མ་བྱུང་གོང་ཙམ་གྱི་ལོ་སྔ་ཕྱིའི་ནང་མན་ཇུའི་གཞུང་གིས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དབུ་གནས་མེད་པར་བཟོས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡོན་ཧྲི་ཁའེ་ཡིས་༸རྒྱལ་དབང་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་ཞུས་ལུགས་བཤད་པ། དེ་བཞིན་རྒྱ་དམག་གིས་ཁམས་བརྒྱུད་ལྷ་སར་བཙན་འཛུལ་བྱས་པས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་སོགས་(རྒྱ་ནག་གཞུང་གིས་སྐབས་དེར་སོག་པོ་དང་། བོད། ཏུར་ཀི་སི་ཐན་བཅས་ནི་རྒྱ་ནག་གི་ཞིང་ཆེན་ཁག་དང་འདྲ་མཉམ་ཡིན་ཚུལ་ཡང་བསྒྲགས།)བོད་རང་བཙན་གྱི་གནས་བབས་ལ་གནོད་པའི་གནད་དོན་སྔ་རྗེས་བྱུང་བ་རྣམས་གཙང་སེལ་གྲུབ་མ་ཐག་པའི་སྐབས་ཡིན་པར་བརྟེན། དེའི་ཚེ་ན་བོད་རང་དབང་རང་བཙན་ཡིན་པའི་རྣམ་འགྱུར་སྟོན་རྒྱུ་དེའང་སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཡིག་ཆ་དེ་གཉིས་སོ་སོའི་ནང་དོན་སྙིང་པོའི་ཆ་ནས་ཀྱང་བོད་རང་དབང་རང་བཙན་གྱི་གོ་དོན་ཡོད་པས། ཡིག་ཆ་དེ་གཉིས་ཀ་སྐབས་དེའི་བོད་ཀྱི་ཆབ་སྲིད་རང་དབང་གི་རྣམ་འགྱུར་མཚོན་བྱེད་ཅིག་ཡིན་པར་བརྩིས་ནའང་མི་འགྲིག་པ་ཆེར་མེད་སྙམ།
དེ་བཞིན་མང་གཙོ་དང་དམངས་གཙོའི་སྐོར་ལ་རྩོམ་པ་པོས་འགྲེལ་བཤད་གསར་པ་གནང་བ་དེ་དག་ལ་རྒྱུ་མཚན་ཡོད་ནའང་། མང་ནི་མང་ཉུང་གི་མང་དང་མང་ཚོགས་ཀྱི་མང་གཉིས་ཀར་འཇུག་པས། ཚིག་གཅིག་གིས་དོན་གཉིས་མཉམ་དུ་སྟོན་ཐུབ་པའི་སྒོ་ནས་མང་གཙོ་ཞེས་བྲིས་ན་སྟབས་བདེ་བ་དང་། ཉེ་ཆར་སྲིད་སྐྱོང་གི་དམ་འབུལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོས་ང་ཚོའི་མང་གཙོ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་མང་གཙོ་ཞིག་ཡིན་ཚུལ་དང་། འདུལ་བའི་ཁྲིམས་ནང་མང་མོས་རང་གི་ཐོག་ནས་ཐག་གཅོད་དགོས་པའི་འགྲོ་སྟངས་ཤིག་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་ཡོད་ཚུལ་སོགས་བཀའ་ཕེབས་པ་ལྟར། དེས་ཀྱང་རྒྱུ་མཚན་ཁྱད་པར་བ་ཞིག་སྟོན་སྙམ།
༤ ཕྱག་དེབ་འདིའི་ནང་དུ་གསལ་བ་ཕྱི་ལོ་ ༡༧༧༠ དོན་གྲངས་ནས་ ༡༩༩༥ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བའི་བར་གྱི་ལོ་ངོ་ ༢༢༠ ལྷག་རིང་གི་ཆབ་སྲིད་དང་འབྲེལ་བའི་དཀའ་རྙོག་གི་ལོ་རྒྱུས་དེ་དག་མང་ཆེ་བ་ནི་ཕྱིའི་བརྒྱུད་སྐུལ་དང་དཀྲུག་ཤིང་ལས་བྱུང་བ་ཤ་སྟག་རེད། བོད་ནང་དུ་བྱུང་བའི་གནས་ཚུལ་དེ་དག་ནི་མན་ཇུ་དང་དབྱིན་ཇི་སོགས་ཀྱིས་དཀྲུག་ཤིང་བརྒྱབས་པ་དང་། བཙན་བྱོལ་དུ་འབྱོར་རྗེས་བྱུང་བའི་གནས་ཚུལ་དེ་དག་ནི་རྒྱ་གར་གསང་བའི་ལས་ཁུངས་དང་། རྒྱ་ནག་གོ་མིན་ཏང་གིས་དཀྲུག་ཤིང་བརྒྱབས་ནས་བྱུང་བ་དེ་འདྲ་རེད། བོད་མི་ཚོ་གཞན་གྱི་གཡོ་འོག་ཏུ་ཚུད་པ་དང་གཞན་གྱིས་བེད་སྤྱོད་བཏང་བས་དཀའ་རྙོག་དེ་དག་བྱུང་ཞིང་། གཞན་གྱི་གཡོ་འོག་ཏུ་ཚུད་སླ་པོ་དེ་འདྲ་བྱུང་དོན་ནི་གཙོ་བོར་སྐབས་དེར་བོད་མི་རྣམས་འཛམ་གླིང་ཕྱི་ལོགས་ལ་འབྲེལ་བ་མེད་པར་སྒོ་བརྒྱབས་ནས་བསྡད་པ་དང་། ལྷག་པར་གཞུང་སྲིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་འཛམ་གླིང་རྒྱལ་སྤྱིའི་གནས་ཚུལ་སྤྱི་དང་། བྱེ་བྲག་ནུབ་ཕྱོགས་སུ་གསར་བརྗེ་སྔ་ཕྱིར་བྱུང་བའི་རྗེས་འབྲེལ་དབྱིན་ཇི་དང་ཨུ་རུ་སུ། རྒྱ་ནག་སོགས་ཀྱིས་སོ་སོའི་མངའ་དབང་རྒྱ་བསྐྱེད་དང་ཁེ་ཕན་རྩོད་ལེན། མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་བྱེད་བཞིན་པ་སོགས་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་འཁོར་ཕྱོགས་ཀྱི་གནས་ཚུལ་དེ་དག་གསལ་པོར་ཤེས་ཀྱི་མེད་པ་དང་། སྤྱིའི་གནས་སྟངས་དེའི་འོག་ཏུ་རྒྱལ་ཁབ་དེ་ཚོས་བོད་ལ་ལག་པ་ཇི་ལྟར་འཆང་གི་ཡོད་མེད་དང་བེད་སྤྱོད་ཇི་ལྟར་གཏོང་གི་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོར་ཤེས་ཀྱི་མེད་པའི་དབང་གིས་གཞན་གྱི་གཡོ་འོག་ཏུ་ལས་སླ་པོར་ཚུད་པ་ཞིག་རེད་འདུག་སྙམ།
༥ དཀའ་རྙོག་གི་ལོ་རྒྱུས་དེ་དག་ལས་འཐུས་ཤོར་ཆེ་ཤོས་དང་འགྱོད་པ་སྐྱེ་ཡུལ་ཆེ་ཤོས་ནི་ཕྱག་དེབ་འདིའི་སྟོད་ཆའི་མཇུག་ཏུ་གསལ་བའི་བོད་ཀྱི་འཐུས་ཤོར་ཆེན་མོ་ཞེས་པའི་དོན་ཚན་དེ་རེད། སྐབས་དེར་རྒྱ་དམར་ནག་གཉིས་དང་། རྒྱ་གར། ཨ་རི་བཅས་ཀྱིས་བོད་གཞུང་ལ་འབྲེལ་བ་གནང་སྟེ་བོད་མིར་ཕན་ཐོགས་ཡོད་པའི་གོ་སྐབས་བཟང་པོ་རེ་སྤྲད་ཡོད་ཀྱང་གོ་སྐབས་དེ་དག་ལེན་མ་ཐུབ་པར་དོན་མེད་དུ་ཤོར་བ་ནི་ཤིན་ཏུ་ཕངས་པའི་གནས་སུ་སྣང་། བོད་མིས་གོ་སྐབས་བཟང་པོ་དེ་དག་ལེན་མ་ཐུབ་པ་ལ་རྒྱུ་རྐྱེན་དུ་མ་ཡོད་ཀྱང་གཙོ་བོ་ནི་གོང་སྨོས་ལྟར་སྐབས་དེའི་བོད་རང་གི་གཞུང་སྲིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་དབང་གིས་ཡིན་ཞིང་། གལ་སྲིད་སྐབས་དེར་ཆབ་སྲིད་ཀྱི་གོ་སྐབས་བཟང་པོ་དེ་དག་ཤོར་མེད་ཚེ་བོད་ཀྱི་དཀའ་ངལ་ནི་ད་ལྟའི་འདི་ལྟ་བུ་ཞིག་ཕལ་ཆེར་ཆགས་མེད་ངེས་སྙམ།
༦ ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་ནང་གསལ་བའི་ལོ་རྒྱུས་ཐམས་ཅད་བཟང་ངན་ཇི་ལྟར་ཡང་འདས་ཟིན་པ་ཡིན་པས་བསྐྱར་བཅོས་བྱེད་རྒྱུ་མེད་ནའང་། ད་ལྟ་མུ་མཐུད་གནས་བཞིན་པ་དང་འགྲོ་བཞིན་པའི་གནས་ཚུལ་གལ་ཆེན་གཅིག་ཡོད་པ་ནི་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་འདི་ཉིད་ཡིན། འདི་ཉིད་ལ་སྔར་གྱི་འཐུས་ཤོར་ཆེན་པོ་དེ་ལྟ་བུ་མི་འབྱུང་བའི་ཐབས་ཤེས་དང་འབད་རྩོལ་བསྟེན་རྒྱུ་ནི་ལས་ཀྱི་སྣེ་མོ་པ་རྣམས་མ་ཟད་བོད་མི་མང་ཚོགས་ནས་ཀྱང་འགན་བཞེས་དགོས་པ་དང་། ལྷག་པར་ཤེས་ཡོན་ཅན་ཚོས་འགན་བཞེས་ཏེ་བོད་མི་ཡོངས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་སྔར་བས་གོང་མཐོར་འགྲོ་བའི་ཐབས་ལ་འབད་རྒྱུ་ཧ་ཅང་གལ་ཆེ་སྙམ་ལ། ཕྱག་དེབ་འདི་དང་འདི་ལྟ་བུ་དག་མི་མང་པོས་ལྟ་ཀློག་གནང་ན་ཆབ་སྲིད་ཀྱི་གོ་རྟོགས་འཕེལ་བར་ཕན་ཐོགས་འབྱུང་ངེས་སྙམ།
༧ ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་རྩོམ་སྟངས་དང་། ཚིག་སྦྱོར་ཡིག་སྐད་ངོས་གཙང་བརྗོད་བདེ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ནི་རྩོམ་པ་པོའི་ཤེས་ཡོན་གྱི་གནས་ཚད་ལེགས་པས་བརྗོད་མི་དགོས་པ་ཞིག་ཡིན་ལ། ལྷག་པར་ཕྱག་དེབ་འདི་ཉམས་ཞིབ་ཀྱི་སྒོ་ནས་བྲིས་པ་ཞིག་ཡིན་པས། ཁུངས་ལྡན་གྱི་ཡིག་ཆ་སོགས་དཔྱད་གཞིའི་རྒྱུ་ཆ་མང་པོ་གུང་བསྒྲིགས་ནས་ཉམས་ཞིབ་ཚད་ལྡན་གནང་འདུག ཡང་ཉམས་ཞིབ་མཐིལ་ཕྱིན་གནང་བ་ཙམ་དང་ཞིབ་འཇུག་གི་རྣམ་དཔྱོད་ལྡན་པ་ཙམ་གྱིས་མི་འགྲིག་པར། བློ་གཟུ་བོར་གནས་དགོས་པ་ནི་ཉམས་ཞིབ་པ་དག་གི་ཁྱད་ཆོས་མེད་མི་རུང་བ་ཞིག་ཡིན་པ་ལྟར། གཞན་གྱིས་ཅི་མཐོང་ཆ་མ་འཚལ་ཡང་ཕྲན་གྱིས་བལྟས་ན་འདིར་རྩོམ་པ་པོས་བློ་གཟུ་བོར་གནས་པའི་སྒོ་ནས་བྲིས་འདུག་སྙམ་པ་ཤར། དེས་ན། ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་འགྲུབ་ཅེས་པའི་ཕྱག་དེབ་འདིས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་དོ་སྣང་ཅན་ཚོར་ཕན་ཐོགས་ཆེན་པོ་འབྱུང་ངེས་པས། རྩོམ་པ་པོ་དང་ཁོང་ལ་ཕྱག་རོགས་གནང་མཁན་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ། བཀའ་དྲིན་ཆེ།།
འདི་ནི་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་ཕྱག་དེབ་དེ་ཉིད་སྔ་ལོར་དབུ་འབྱེད་འགྲེམས་སྤེལ་སྐབས་དང་། ཉེ་ཆར་དེའི་འཕྲུལ་དེབ་འགྲེམས་སྤེལ་སྐབས་གཉིས་ཀར་གོ་སྒྲིག་པས་གནང་བའི་བརྗོད་གཞིའི་ཐོག་ཕྲན་རང་ཉིད་ཀྱིས་བཤད་པའི་གཏམ་སྔ་ཕྱི་གཉིས་ཀ་འདིར་ཡི་གེར་ཕབ་སྟེ་དཀྱུས་གཅིག་ཏུ་རྩོམ་ལུགས་སུ་སྤེལ་བའོ།། འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡ ལ།
སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་ནི་མི་རབས་རྗེས་མ་ཚོར་ངོ་སྤྲོད་ཐུབ་པའི་ལྡེའུ་མིག་ལ་སོང་ལོ་རྒྱུས་ལ་ཕྱོགས་ལྷུང་གི་ས་བོན་མེད་པ་། ལོ་རྒྱུས་ལ་ཕྱོགས་ཞེན་གྱི་དྲི་མ་མེད་པ་། ལོ་རྒྱུས་ལ་ཡིག་རྫོགས་ཀྱི་ཤན་མེད་པ་། ལོ་རྒྱུས་ག་འདྲ་ཞིག་ཡིན་ཀྱང་ཕྱི་གསལ་ནང་གསལ་མི་སུ་འདྲ་ཞིག་གི་བལྟས་ཀྱང་སྤྲོ་སེམས་འཁོལ་ནས་དངས་པ་ཆེན་པོའི་སྒོ་ནས་ཀློག་ཐུབ་པའི་ལོ་རྒྱུས་ཀྱི་རྩོམ་དེབ་ཞིག་དགོས་པ་ནི་ང་ཚོ་བོད་མི་མང་ལ་བསམ་ན་ཧ་ཅང་གི་དགོས་གལ་ཆེ་བའོ་།