སྡིག་པ་ར་ཛ།
ང་ཚོའི་མཁས་པ་ཚོ་དངོས་པོ་ལས་དངོས་མེད་འཆད་ལ་དགའ། ད་ལྟ་ལས་འདས་པ་འཚོལ་ལ་དགྱེས། འཁོར་བ་ལས་འཁོར་འདས་བཤད་ན་བདེ། ཡིན་ན་ཡང་རང་ཉིད་ལ་ཡོད་པ་དངོས་ཡོད་རེད། ད་ལྟ་བ་རེད། འཁོར་བ་རེད།
མདོར་ན་ང་ཚོའི་ཟས་གོས་དང་། གནས་མལ། འཁོར་ཡུག ལོངས་སྤྱོད་མཐའ་དག་ད་ལྟ་བ་ཡིན་ཡང་། ཤེས་ཡོན་ནི་ལོ་ཉིས་སྟོང་ཡར་སྔོན་གྱི་རྒྱ་གར་རིག་གཞུང་དང་། དུས་རབས་བདུན་པ་ནས་བཅོ་བརྒྱད་ཡན་ཆོད་ཀྱི་བོད་ཀྱི་རིག་གནས་དང་། དེ་དག་གི་འཚོ་བ་རེད། དེ་ཕྱིར་ང་ཚོའི་སློབ་ཚན་ནི་ཤི་ཟིན་པའི་མེས་པོ་ཚོའི་བསམ་བློ་དང་། ཁོ་པ་ཚོས་སྤྱོད་ཟིན་པ་ཤ་སྟག་ལས། ད་ལྟའི་འཚོ་བ་དང་དངོས་སུ་འབྲེལ་བ་གཅིག་ཀྱང་མེད་པས། ཏག་ཏག་འགལ་བ་ལྟག་སྤྲོད་དུ་གྱུར།
གང་ལྟར་ཡང་འཕྲུལ་རིག་ལག་ལ་མ་ཐོགས་པར་བོད་ཡུལ་ཁོ་ནར་འདུག ལུས་ལ་སྲོལ་རྒྱུན་གྱི་སྣམ་བུ་ཤ་སྟག་གོན། ཁ་ལ་མར་ཕྱུར་ཤ་རྩམ་ཟ། བསམ་བློ་ལ་གནའ་བོའི་མིའི་འདུ་ཤེས་ལས་མེད་ན་འགྲིགས་སོང་བ་རེད། དེ་འདྲ་ཞིག་གཏན་ནས་མ་རེད། ང་ཚོའི་རྐང་པའི་འཁོར་ལོས་ཤར་ནུབ་ཀྱི་གྲོང་ཁྱེར་འགྲིམས། དེང་རབས་ཀྱི་རས་ཐུལ་ཡོད་ཚད་གོན། ཟས་རིགས་མཐོང་ཚད་ཟ། སེམས་པ་འདི་གདོན་གྱིས་ཟིན་པ་བཞིན་ཁ་བརླ་མཁན་མང་པོ་རེད།
དོན་དངོས་རང་གིས་གང་ཡང་བཟོ་མི་ཤེས་ཤིང་། མི་རིགས་གཞན་གྱི་བྲན་གཡོག་དང་། གད་སྙིགས་འགམ་མཁན་ཏེ། ཁོ་པ་ཚོས་གང་བཟོས་པའི་གནམ་གྲུ། མེ་འཁོར། རླངས་འཁོར་སོགས་ལ་ཞོན། གང་གཡོས་དེ་ཟ། གང་བཤད་ལ་ཉན་རྒྱུ་ལས། དུས་རབས་ཉེར་གཅིག་པའི་མཁས་པ་སོ་མ་ཚོའི་འགྲམ་རྩ་ན། དབྱུང་རུང་བའི་གཏམ་གསར་པ་ཚིག་གཅིག་བཤད་རྒྱུ་མེད།
བོད་ཀྱི་མཁས་པ་ཟེར་བ་དེ་ཁེ་མཚར་པོ་ཞིག་རེད། མིག་གིས་མི་མཐོང་བ་དང་། རྣ་བས་ཐོས་རྒྱུ་མེད་པ། ཤི་ཟིན་པ། འདས་ཟིན་པ། འཁོར་བ་ན་མེད་པ། ཤེས་བྱ་ལ་མེད་པ་ཁོ་ན་ལ་འགྲེལ་བཤད་རྒྱག་འདུག་པ་ལས། མིག་མདུན་ཡོད་པའི་དངོས་པོ་ཚོར་འགྲེལ་བཤད་རྒྱག་ཤོག་ལབ་ན། ལྕེ་རྩ་བ་ནས་ཆད་པའམ། རྣམ་ཤེས་མུན་འཐོམ་མེ། ཅི་ཡང་ཡིད་ལ་མི་བྱེད་པའི་ལྐུགས་པའི་བརྟུལ་ཞུགས་མ་འཛིན་རང་འཛིན་རེད།
དེ་ལ་རྒྱུ་མཚན་གཅིག་ལས་མི་འདུག དེ་ནི་སྐྱག་རྫུན་བཤད་པ་མཁས་པས་རེད། མིག་སྔར་མཐོང་བའི་ཆོས་ལ་རྫུན་འགྲེལ་རྒྱག་དགོས་ན། རྫུན་རྐུབ་ཐོན་མགྱོགས་པ་དང་། ཚུར་མཐོང་གི་ར་བ་ལས་འདས་པ་ཞིག་ལ་དཔྱད་པ་ཞུགས་འདུག་ན། མི་ཚོས་ལམ་སང་རྫུན་ཞེས་ཐག་གཅོད་དགོས་ན་དཀའ་བས་སོ། །
མ་མཐོང་བ་དེ་ནི་ཟབ་པ་དང་། དོན་དམ་བདེན་པ། གང་གིས་ཀྱང་དཔྱད་མི་བཟོད་པ། དེ་ལ་བསྐུར་བ་བཏབ་ན་ངན་སོང་དུ་ལྷུང་ངོ་ཞེས་བསྡིགས་ར་བསྐུལ།
མིག་གིས་མཐོང་བའི་ཆོས་ཚང་མ་མ་དག་པ་དང་། རྫུན་མ། མ་རིག་པས་བསླད་པ་ཅན་རེད་ཟེར། ཐ་མལ་པའི་མིག་ཅན་ལ་སོ་སྐྱེས་དང་། འཇིག་རྟེན་པ་ཞེས་མར་བཅད། གཞི་མ་གྲུབ་པའི་སྒྲོ་བཏགས་མང་པོ་ཞིག་བཤད་ཤེས་ན་མཁས་པ་དང་། དཔྱོད་ལྡན་ཞེས་གོང་དུ་ཁུར།
ང་ཚོའི་མཁས་པ་ཚོས་ཕ་མེས་ཡང་མེས་ཀྱི་དུར་ས་བསྔོགས་ནས་འདུག་པ་ལས། གསོན་པོའི་འདུག་ཆོས་དང་། ད་ལྟའི་ཕྱི་ནང་གི་འཚོ་བ་གཞར་ཡང་མི་ཤེས་ལ། བློས་བཏགས་ཀྱི་ཞིང་ཁམས་འཚོལ་བ་ལས། ལྟ་ན་སྟུག་པའི་སའི་གོ་ལའི་ཚད་གཞི་གཏན་ནས་མི་ཤེས།
བདེ་བ་ཅན་དང་། དགའ་ལྡན་སོགས་སུ་མཚོ་དང་། རྫིང་བུ། ཁང་བཟང་སྒོམ་འདུག་པ་ལས། སྐྱེས་ས་འཚར་སའི་ཡུལ་ལྗོངས་ལ་མཛེས་སྡུག་གི་གླིང་ག་དང་། གྲོང་དང་། གྲོང་བརྡལ། ལྡུམ་ར། ཁང་བཟང་རྣམས་བཟོ་མི་ཤེས།
བོད་ཀྱི་མཁས་པ་ཟེར་བ་ཚོས་ཤེས་བྱ་ལ་མེད་པའི་རི་བོ་མཆོག་རབ་དང་། དཔག་བསམ་ཤིང་དང་། ལྷ་ཡི་དབང་པོ་། དེ་རྣམས་ཀྱི་འཁོར་དང་ཚད་རྣམས་བཤད་དགོས་ན། མིག་བཙུམས་ཏེ་ཆུ་ཚོད་འགའ་ཞིག་བཤད་ཐུབ། དངོས་སུ་མཐོང་ཆོས་ལ་གཞི་གྲུབ་པའི་ས་སྒང་གོ་ལའི་ཚད་དང་། རྒྱ་ཁྱོན་ཕར་ཞོགས། བོད་ཀྱི་ས་ཁུལ་ཙམ་གྱི་ཚད་དང་། ཕྱོགས། མཐོ་དམན་གཏན་ནས་མི་ཤེས།
སྡིག་པ་ར་ཛས་སོ། །
ས་སྟེང་འདི་ན་མེད་པ་ཚང་མ་མེད་པས་ཁྱབ་ཟེར་གི་ཡོད་དམ།
དེ་སྔ་རྡ་སར་རང་བྱུང་སོ་ནམ་ལ་མཁས་པ་རྒྱ་གར་བ་ཝན་དྷ་ན་ཤི་ཝ་མཆོག་གདན་ཞུའི་ཚོགས་འདུ་ཞིག་ནང་རྡ་སར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་ལས་ཤིག་གིས་ཨ་རི་དེ་ Consumerism ནམ་ཚོང་རྔམ་ཅན་ནམ་ཟས་གོས་མལ་གསུམ་ལ་མངོན་པའི་གནས་ཤིག་ཡིན་སྐོར་འགྲེལ་བཤད་གནང་བར། ངས་གནས་དོན་ཇི་ལྟར་བཤད་ནའང་མ་བཤད་ནའང་ཨ་རིའི་མི་དང་ང་ཚོ་བོད་མིས་ཟས་དུས་གསུམ་གཅིག་མཚུངས་ཟ་བ་རེད། ཡིན་ཀྱང་ཨ་རིས་ཞོགས་པ་ Cereal སི་རལ་འདྲ་མིན་ཉི་ཤུ་ལྷགས་ཟ་རྒྱུ་ཡོད་ཀྱང་བོད་པས་ནས་ནས་རྩམ་པ་ལས་བཟོ་ཤེས་མེད་གནས་བཤད་མྱོང། དངོས་གནས་རེད་ཀྱང་དགོས་དབང་གིས་ཀྱང་བཤད་ཡིན། རྒྱབ་ལྗོངས་བོད་པས་ཚེ་འདི་ལས་ཕྱི་མ་གཙོ་ཆེས་ཀྱི་དམིགས་ཡུལ་དེས་ཡིན་པ་ག་ནས་ཞུས། དེ་ན་ཉིད་ཀྱི་མཁས་པའི་ཚད་འཛིན་དེ་ཡང་གནས་སོ་སོའི་དགོས་གལ་ལས་ཡིན་པ་ལས་དོན་དུ་འདི་ཕྱི་གཉིས་ཀ་སོགས་ཀྱི་མཁས་པ་དགོས་རྒྱུ་དེ་ཁྱེད་ཀྱི་སེམས་དབུས་ན་བཞག་མཆིས། མེད་ན་དེང་དུས་ཚེ་ཕྱི་མ་པས་དངོས་གཙོར་དྭང་བ་ལེན་པ་དང་དངོས་གཙོ་བས་འདི་ལས་བདེ་སྐྱིད་ཕུན་ཚོགས་ཤིག་ག་ན་འདུག་ཅེས་འཚོལ་བ་དེ་དངོས་མེད་དམ་དངོས་གཙོ་མིན་པའི་བདེ་བ་བསྒྲུབ་ཐབས་སམ་ཡིད་རངས་དེའི་ཕྱོགས་སུ་འཐད་ལ་ངེས་མིན་འདུག་ག། གང་ལ་སྦྱང་པ་དེ་ལ་མཁས་པ་ལས་ཚང་མ་ཤེས་དགོས་པ་ཁྱབ་བམ། མི་ཁྱབ། མིའི་སྤྱི་ཚོགས་སུ་བདེ་བ་བསྒྲུབ་ཐབས་ཀྱི་གནས་གང་མང་ལ་མཁས་པའང་དེ་ལྟར་ཡོད་དགོས།།
སྲོལ་རྒྱུན་རིག་གནས་ལ་དད་ན། དགའ་ན། རྩ་བ་ཆེན་པོ་ཡིན་ན་འཚོ་བ་ཡང་དེ་ལྟར་གནས་ཐུབ་དགོས། དེ་ལྟར་མ་ནུས་ན་ཡོད་ཚད་སྐྱག་རྫུན་རེད།
རང་གི་འཚོ་བ་དེང་རབས་ཆགས། འགྲོ་འདུག་ཟ་ཉལ་ཚང་མ་གཞན་གྱིས་བཟོས་པ་བརྟེན། གཞན་གྱིས་བཟོས་པ་སྤྱོད། རང་གི་རིག་གནས་སྲོལ་རྒྱུན་ཁོ་ན་ཆགས་པ་དེས་ཕུང་ལ་སྦྱོར་བ་རེད། དེ་ལ་རིག་གནས་ཀྱི་འཚོ་བའི་རྗེས་མ་ཟིན་ཟེར་བ་རེད།
རིག་གནས་ཟེར་བ་དེ་ཕྱི་ནང་གི་འཚོ་བ་བསྐྲུན་བྱེད་རེད། འཚོ་བ་ལ་ཕན་ཐོགས་གཏན་ནས་མེད་པའི་ཤེས་ཡོན་ལ་མི་ཚེ་སྐྱེལ་བ་ནི། ང་ལ་རྣམ་དཔྱོད་གཏན་ནས་མེད་ཟེར་བ་དང་གཅིག་པ་རེད།
བོད་ཀྱི་རིག་གནས་འཚོ་བའི་སྔོན་ལ་མ་བསླེབས་པར། ལོ་ངོ་སྟོང་ཕྲག་གི་རུལ་དྲི་ཁ་བའི་ལྟ་ཕྱོགས་རྙིང་པ་རུམ་སྟེ། འཚོ་བའི་རྗེས་སུ་ལུས།
བོད་ཀྱི་རིག་གནས་ཕྱི་ཡི་འཚོ་བའི་རྗེས་སུ་ལུས་པར་མ་ཟད། ནང་གི་འཚོ་བའང་དུས་རབས་ཀྱི་རྗེས་ཟིན་མེད། ད་ལྟའི་སྡུག་བསྔལ་མེད་པ་བཟོ་དགོས་ན། འཁོར་བའི་ཉེས་དམིགས་བཤད་ན་སྡུག་བསྔལ་ཆེར་འགྲོ་བ་ལས། ཆུང་དུ་འགྲོ་བར་ཕན་ཐོགས་མེད། དེ་ཕྱིར་ཚན་རིག་པ་ཚོས་སེམས་གསོ་རིག་པ་འདྲ་མིན་བཟོས་ཏེ། གོམ་གང་མདུན་དུ་སྤོས་ཟིན་པ་རེད། ཧཧཧཧཧ
སྡིག་པ་ར་ཛ་ལ། ཟ་ཉལ་སྡོད་གསུམ་དེ་གྱི་ཤེས་བྱ་དེ་འཛམ་གླིང་སྣོད་ཀྱི་བཅུད་ཚང་མས་རང་གི་དགོས་མཁོ་ལྟར་ཤེས་ཡོད་འདུག་ན་ཅང་མཁྱེན་རེ་ཨེ་མཚར། དེ་དག་ལ་ཁྱེད་ངོ་མཚར་ན་སོ་སོའི་མོས་ཆོས་རེད་ཀྱང་གཞན་ལ་སྨད་དགོས་མེད། ཁྱེད་ཀྱི་དགོངས་ཚུལ་རེར་བཞིན་ལན་ཞུས་ཆོག་ཀྱང་ཅི་ཕན། དེ་ན་ཁྱེད་ཀྱི་བསམ་ཚུལ་ལ་ལན་འདེབས་ཞུ་མཁན་ཡང་ང་ལས་མཁས་པ་ཞིག་བྱུང་མིན་འདུག་པའི་གནས་དོན་ཀྱང་དེ་ལྟར་ཡིན་མི་ངེས་སམ།
ཀླུ་སྨྱོན། རང་གི་ཟས་གོས་གནས་མལ་མགོ་སྒྲུབ་མི་ཤེས་མཁན། ན་སོང་ན་སྨན་མི་ཤེས། སོང་ཉིན་གྱི་གནས་སྟངས་མི་ཤེས་པ་ཚོས། བདེ་བ་ཅན་དང་། ཟངས་མདོག་དཔལ་རི། དགའ་ལྡན་ཟེར་བ་སོགས་ལ་ཁྲིད་ཡིན་ཟེར་འདུག་ན་གད་མོ་འཆོར་བའི་རྒྱུ་ལས་གཞན་གང་ཡང་མེད། ཧཧཧཧ
བོད་ལུགས་ལྟར་་་་བཀྲིས་བདེ་ལེགས་ཡོད།
༄༅། མི་རིགས་མི་རིགས་ཞེས་པ། སྐད་དང་ཡི་གེར་ཐུག་ཡོད།
བོད་ཀྱི་སྐད་དང་ཡི་གེ་། དགོས་འདོད་དཔག་བསམ་ཁྲི་ཤིང།
ཕ་བཟང་དམ་པའི་བུ་ཆུང། ཕ་སྐད་མ་བརྗེད་བསྐྱོན་དང།
ཕ་མ་བཟང་པོའི་བོུ་། བོད་གཞས་གཏོང་རོགས་གནང་དང།
རི་མཐོན་པོ་རིག་དུས་ཕ་ཡུལ་དྲན། རི་སྨུག་པས་བཏུམ་དུས་ལྷག་པར་དྲན།
ལུག་གཡང་སྐར་འཚོ་བའི་བོུ་ཁྱེད། དུས་དེང་སང་མུ་ཡུལ་གང་དུ་ཡོད།
དབྱར་ན་གཞོན་རིག་དུས་ཁྱེད་རང་དྲན། སྤང་མེ་ཏོག་ཤར་དུས་ལྷག་པར་དྲན།
དུས་དེང་སང་སྤང་གཤོང་གང་དུ་ཡོད། དྲན་སོང་ན་མ་བརྗེད་ཐུགས་ལ་ཞོགས།
ཤེས་བྱ་མི་ཤེས་པའི་བོད་ཀྱི་མཁས་པ་དེང་སང་མང་། བོད་ཀྱི་སྲིད་སྐྱོང་འགར་མཁས་པའི་རྟགས་མཚན་དུ་ཚོགས་འདུ་སོགས་སུ་མིང་འབོད་གནང་སྐབས་ཆེད་བརྗོད་བླ་ན་མེད་པ་བརྒྱབ་ནས་འབོད་བཞིན་ཡོད་པ་ཚང་མས་ཤེས། དེ་ལྟར་མ་འབོད་ན་སྐུ་རླུང་བཞེངས་ཤིང་དམའ་རིམ་གྱི་ལས་བྱེད་དེ་རིགས་ལ་བཀའ་བཀྱོན་དང་གྱོང་རྒུད་གཞན་ཡང་སྤྲོད་ཀྱི་ཡོད་པའང་ཚང་མས་ཤེས། སྐབས་དེ་དག་ཏུ་སྤྲེལ་ལད་པ་ལས་བྱེད་འགས་ཆེད་བརྗོད་ཀྱི་མིང་ཚིག་དུ་མས་བཅིངས་ཏེ་མི་མང་གི་མདུན་དུ་རང་གི་འདོད་འདུན་སྒྲུབ་ཕྱིར་འུར་སྒྲོག་བྱེད། འོན་ཀྱང་བོད་ཀྱི་མཁས་པ་རིག་གནས་བཅུ་ལྡན་གྱིས་བརྒྱན་པ་རྣམས་ལ་ཆེད་བརྗོད་དེ་ལྟར་གྱི་དགོས་མཁོའང་མེད་ལ་ཕན་ཐོགས་ཡོད་པའང་མི་མཐོང་། བློ་གཟུ་བོར་གནས་པའི་མཁས་པ་དངོས་གནས་ཞིག་ཡིན་ན། ཆེད་བརྗོད་དེ་རིགས་བརྗོད་སྐབས་མི་བདེ་བ་བྱུང་ཞིང་དགའ་མདོག་གི་ཚོར་བ་ཅི་ཡོང་མི་ཚོར། དེས་ན། བོད་མི་ཚོས་བོད་མིའི་ཆོས་དང་རིག་གཞུང་ལ་དེ་ལྟར་གྱི་ཁྱད་ཆོས་ཡོད་པས། བོད་མི་རྣམས་ཡ་རབས་སྙོམ་ཆུང་ཡིན་པ་དང་། ལས་རྒྱུ་འབྲས་ཁས་བླངས་པས་དྲང་བདེན་གྱི་མི་རིགས་ཤིག་ཡིན་པར་འཛམ་གླིང་ནས་ཡིད་ཆེས་ཞུ་བཞིན་ཡོད། འདི་ནི་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན་ཡང་། བོད་མི་ཚོས་ཁོང་གི་བཀའ་ལ་བརྩིས་ནས་བྱུང་བ་ཞིག་ཀྱང་ཡིན།
ད་ལྟའི་བར་དུ་ཚན་རིག་པས་བསྐྲུན་པའི་་དངོས་པོ་དེ་དག་གིས་དེང་སང་འཛམ་གླིང་ཚ་དྲོད་རྒྱས་ཤིང་འདུག་བཟོད་མི་བདེ་བ་བཟོ་མཁན་དང་། ཤི་མ་རན་གོང་ནས་ཤི་རྒྱུ། སྐྱུག་མ་རན་གོང་ནས་སྐྱུག་རྒྱུ་ཡོད་པ་སོགས་ད་ལྟའི་མདུན་ལ་ཡོད་པའི་ཅ་དངོས་འགའ་ཤས་ཐོག་མཁས་དྲགས་པའི་རྐྱེན་ཡིན་ནམ། དེ་ལས་མཐོང་མ་ཐུབ་པའི་ཤེས་བྱ་དེ་མང་སོང་རྐྱེན་མ་ཡིན་ནམ། ཚན་རིག་དང་གོམ་པ་མཉམ་དུ་བསྐྱོད་མཁན་ཀྱི་ཆོས་ཟེར་ན་འདྲ་འདུག ལྟ་གྲུབ་ང་ཚོའི་བོད་པའི་མཁས་དབང་ལས་གཞན་སུར་མ་མཆིས་སེམས། ལར་ནས་ཁྱེད་ཀྱི་འགག་རྩོམ་འདི་ཀློག་སྐབས་དོན་ལ་ཁྱེད་ཀྱི་བོད་པའི་མཁས་དབང་དག་གི་སྐོར་ལ་མཁྱེན་རྒྱ་ཅུང་ཙམ་ཉུང་སོང་བའི་ཚོར་བ་ཐན་ཐུན་རེ་ཡང་ནས་ཡང་དུ་བྱུང་ངོ་།།
ཤེས་ཡོན་མུན་སེལ་སྒྲོན་མེད་ཡིན།
༄༅། ཤེས་ཡོན་རྨོངས་མུན་སེལ་བའི་ཉི་མ་ཡིན།། ཤེས་ཡོན་ཚ་གདུང་འཇོམས་པའི་ཟླ་བ་ཡིན།།
ཤེས་ཡོན་ལེགས་ཚོགས་བཀྲ་བའི་རྒྱུ་སྐར་ཡིན།། ཤེས་ཡོན་ཐོག་ལ་བརྩོན་དང་ན་གཞོན་ཚོ།།
ཤེས་ཡོན་རྒུད་ཀྱང་མི་སླུ་མཛའ་ཤེས་ཡིན། ཤེས་ཡོན་མཚོན་གྱི་མི་ཕྱེད་རྡོ་རྗེ་ཡིན།།
ཤེས་ཡོན་སྤྱད་པའི་མི་ཟད་གཏེར་མཛོད་ཡིན།། ཤེས་ཡོན་ཐོག་ལ་བརྩོན་དང་གངས་ཕྲུག་ཚོ།།
ཤེས་ཡོན་ཉེས་སྐྱོན་སེལ་བའི་བླ་མ་ཡིན།། ཤེས་ཡོན་ཕན་བདེ་བསྐྲུན་བའི་ཕ་མ་ཡིན།།
ཤེས་ཡོན་འདོད་རྒུ་འཇོ་བའི་ནོར་བུ་ཡིན།། ཤེས་ཡོན་ཐོག་ལོ་བརྩོན་དང་ན་གཞོན་ཚོ།།
ཤེས་ཡོན་མི་རིགས་འཚོ་བའི་བླ་སྲོག་ཡིན།། ཤེས་ཡོན་ཆིག་སྒྲིལ་ལམ་གྱི་གཞུང་ཤིང་ཡིན།།
ཤེས་ཡོན་བཟང་སྤྱོད་འདྲེན་པའི་དེད་དཔོན་ཡིན།། ཤེས་ཡོན་ལམ་ལ་བརྩོན་དང་གངས་སྤྲུག་ཚོ།།